ནང་དོན་རིག་པའི་སྤྱི་བཤད། གསུམ་པ། ནང་བསྟན་གྱི་འཕེལ་རྒྱས། གསུམ། བཀའ་བསྡུ་གསུམ་མཛད་ཚུལ།
དུས་ཚོད།:2018-9-7  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན།   |   ཁུངས།:  |   ཀློག་ལྟ།:786  |   དཔྱད་པ།:0


དེས་ན་ཐེག་ཆེན་གྱིས་རང་གི་འཕེལ་རྒྱས་ཁྲོད་དུ་དུས་རིམ་མི་འདྲ་བ་གསུམ་
བརྒྱུད་མྱོང་ཡོད་དེ།
ཀ ཐོག་མའི་དུས་རིམ།
 ཐོག་མའི་དུས་རིམ་ནི་སྤྱི་ལོའི་དུས་རབས་དང་པོ་ནས་བཞི་པའི་བར་གོ ཐེག་ཆེན་གྱི་ཆོས་ནི། སྤྱི་ལོའི་དུས་རབས་དང་པོ་ནས་བཟུང་ཧ་ཅང་འཕེལ་རྒྱས་སུ་སོང་བ་མ་གཏོགས་སྟོན་པ་ཞལ་བཞུགས་དུས་ནས་ཡོད་པར་མངོན་ཏེ། སྟོན་པས་བྱ་རྒོད་ཕུང་བོ་རི་སོགས་སུ《ཤེར་ཕྱིན་གྱི་མདོ》གསུངས་བར་མདོ་སྡེ་དུ་མར་བཤད་ཡོད་ལ།《ཤེར་ཕྱིན་གྱི་མདོ》ནི་ཐེག་ཆེན་གྱི་ལྟ་བའི་གཞི་འཛུགས་ས་གཙོ་བོ་ཡིན་པའི་ཕྱིར་རོ། དེར་མ་ཟད། ད་དུང"ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་མཐོང་། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །"ཞེས་པའི་ཚིགས་བཅད་འདི་སྟོན་པ་མངོན་པར་རྫོགས་པར་སངས་རྒྱས་པའི་གསུང་གི་ཐོག་པ་རུ་གྲགས་པ་དང་། འདིའི་བརྗོད་བྱ་ནི་ཟབ་མོ་དབུ་མའི་ལྟ་བ་སྟེ་ཐེག་ཆེན་གྱི་ལྟ་བ་ཡིན་པ་འདི་ལས་ཀྱང་ཤེས་ཐུབ།
      《དཔལ་དུས་ཀྱི་འཁོར་ལོའི་རྒྱུད་ཕྱི་མ》ལས་ཀྱང།"དཔལ་ལྡན་འབྲས་སྤུངས་ཆོས་ཀྱི་དབྱིངས་སུ་སྟོབས་བཅུ་བ་ཡིས་སངས་རྒྱས་པ་ཡི་རྒྱུད་རྣམས་ཐམས་ཅད་བསྟན"ཞེས་རྒྱ་གར་ལྷོ་ཕྱོགས་སུ་གནས་པའི་དཔལ་ལྡན་འབྲས་སྤུངས་ཅེས་བྱ་བར་གསང་སྔགས་ཀྱི་ཆོས་འཁོར་བསྐོར་ཏེ་རྒྱུད་སྡེ་རྣམས་བསྟན་པར་གསུངས་པ་དང་། ད་དུང་། ཀླུ་སྒྲུབ་ཀྱི་རྣམ་ཐར་དུ། ཀླུ་སྒྲུབ་ལོ་ན་ཆུང་དུས་ཚེ་ཡི་བར་ཆད་ཅིག་བྱུང་བར། གྲུབ་ཆེན་ས་ར་ཧས་ཚེ་དབང་ཞིག་བསྐུར་བའི་རྐྱེན་བྱས་ཏེ་བར་ཆད་ལས་གྲོལ་བར་བཤད་པ་སོགས་སྟོན་པ་ཞལ་བཞུགས་དུས་དང་། འཕགས་པ་ཀླུ་སྒྲུབ་ཀྱི་སྐབས་སུའང་ཐེག་པ་ཆེན་པོའི་ཆོས་སྟེ། རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དང་།  འབྲས་བུ་གསང་སྔགས་རྡོ་རྗེ་ཐེག་པ་གཉིས་ཀ་ཡོད་པའི་སྒྲུབ་བྱེད་ཤིན་ཏུ་མང་ངོ། །
      ཡིན་ནའང་སྤྱི་ལོའི་དུས་རབས་དང་པོའི་ཡར་སྔོན་དུ་གྲུབ་ཆེན་ས་ར་ཧ་ལྟ་བུའི་དབང་བོ་མཆོག་ཏུ་གྱུར་བ་རེ་གཉིས་ཀྱིས་གསང་བའི་སྒོ་ནས་སྔགས་ཉམས་སུ་བླངས་ཏེ། སྙན་བརྒྱུད་དང་ཆིག་བརྒྱུད་ཀྱི་ཚུལ་དུ་སྤེལ་བ་ལས་ཐུན་མོང་དུ་མ་གསུངས་པས་ཁྱབ་གདལ་དུ་མ་སོང། འདི་འདྲ་བོད་ལའང་ཡོད་དེ། མར་བ་ལོ་ཙཱའི་དུས་སུ། སློབ་མའི་སྣོད་ལ་བརྟག་སྟེ་གདམས་པ་སྦྱིན་པ་ལས། ཐུན་མོང་དུ་མི་སྦྱིན་པ་སོགས་གསང་རྒྱ་དམ་པ་དང་། རྗེས་སུ་རྒྱལ་དབང་ལྔ་པ་ཆེན་པོས"ཁྲོམ་དབང"ཞེས་ཐུན་མོང་ལ་གནང་བའི་སྲོལ་བཙུགས་པ་རེད།
      བོད་གཞུང་རྣམས་སུ་ཉན་ཐོས་སྡེ་པའི་ཆོས་ཧ་ཅང་དར་ཁྱབ་ཆེ་བའི་སྐབས་དེར། ཀླུ་སྒྲུབ་བྱོན་ནས《ཤེར་ཕྱིན་འབུམ་པ》སོགས་ཐེག་ཆེན་གྱི་ཆོས་མང་པོ་ཞིག་ཀླུ་ཡུལ་ནས་གདན་དྲངས་ཏེ་ཐེག་པ་ཆེན་པོའི་ཤིང་རྟའི་སྲོལ་ཕྱེས་པར་གསུངས་པ་ལ་བརྟག་ན《ཤེར་ཕྱིན་འབུམ་པ》སོགས་ནི་སྐབས་དེར་དར་ཁྱབ་བྱུང་མེད་པ་འདྲ།
      སྤྱི་ལོའི་དུས་རབས་དང་པོ་ནས་བཞི་པའི་བར་གྱི་ཐེག་ཆེན་གྱི་ཆོས་ནི། གཙོ་བོ་《ཤེར་ཕྱིན་འབུམ་པ》དང《རྔ་བོ་ཆེའི་མདོ》《ཕལ་བོ་ཆེའི་མདོ》《འཕགས་པ་སྤྲིན་ཆེན་པོའི་མདོ》《འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ》《འཕགས་པ་ད་ལྟར་གྱི་སངས་རྒྱས་མངོན་སུམ་དུ་བཞུགས་པའི་ཏིང་ངེ་འཛིན་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ》སོགས་རྨང་གཞི་བྱས་པ་ལ་བརྟེན་ནས་འཕེལ་རྒྱས་བྱུང་ཞིང་། མདོ་དེ་དག་གི་ནང་ནས་ཀྱང《ཤེར་ཕྱིན་གྱི་མདོ》ནི་ཐེག་ཆེན་གྱི་ཆོས་འཕེལ་རྒྱས་སུ་འགྲོ་བའི་རྩ་བའི་རྨང་གཞི་ཡིན།
      དེ་ཡང《ཤེར་ཕྱིན་གྱི་མདོ》ལས་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་བ་ཉིད་དང་། ཟབ་མོ་དབུ་མའི་ལམ་སོགས་བསྟན་ཡོད་པ་དང་།《རྔ་བོ་ཆེའི་མདོ》ལས་བདེར་གཤེགས་སྙིང་བོའི་ཁམས་ཆོས་དབྱིངས་རྟག་པ་སེམས་ཅན་ལ་ཁྱབ་པར་བསྟན་ཡོད་པ་དང་།《ཕང་བོ་ཆེའི་མདོ》ལས་ཐེག་ཆེན་གྱི་ལམ་བསྒོམ་ཚུལ་དང་མངོན་རྟོགས་ཀྱི་རིམ་པ་རྣམས་བསྟན་ཡོད།《འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ》ལས་བདེ་བ་ཅན་གྱི་ཞིང་བཀོད་དེ་མགོན་པོ་འོད་དཔག་མེད་ཀྱི་ཞིང་གི་སྣོད་བཅུད་ཀྱི་བཀོད་པ་སོགས་བསྟན་ཡོད།
      ཐེག་ཆེན་གྱི་ཐོག་མའི་དུས་རིམ་ཁྲོད་ཀྱི་སློབ་དཔོན་གཙོ་བོ་ནི། མགོན་པོ་ཀླུ་སྒྲུབ་དང་ཁོའི་སློབ་མ་ཨཱརྱ་དེ་བ་སོགས་ཡིན་ལ། ཁོང་རྣམ་པས《ཤེར་ཕྱིན་གྱི་མདོ》ཡི་དགོངས་པ་བཀྲལ་བ་ལ་བརྟེན་ནས་དབུ་མ་བའི་ཤིང་རྟའི་སྲོལ་ཕྱེས་པ་རེད།
      དབུ་མའི་ཤིང་རྟའི་སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་གཙོ་བོ་ནི་ཀླུ་སྒྲུབ་ཀྱིས་མཛད་པའི《མདོ་ཀུན་ལས་བཏུས་པ》དང《རྩ་བ་ཤེས་རབ》《སྟོང་ཉིད་བདུན་ཅུ་བ》《རྩོད་བཟློག》《རིགས་པ་དྲུག་ཅུ་བ》《ཞིབ་མོ་རྣམ་འཐག》《རིན་ཆེན་ཕྲེང་བ》སོགས་ཡིན།
      བསྟན་བཅོས་འདི་དག་གི་ནང་དུ་ཆོས་ཐམས་ཅད་མ་སྐྱེས་པ། མ་འགག་པ། གཟོད་མ་ནས་ཞི་བ། རང་བཞིན་གྱིས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དབུ་མའི་ལམ་མཐར་ཐུག་གཏན་ཕབ་མཛད་ཡོད་པར་མ་ཟད། ད་དུང་བདེན་གཉིས་ངོ་བོ་གཅིག་ལ་ལྡོག་པ་ཐ་དད་ཡིན་པའི་གནས་ལུགས་ཀྱང་བསྒྲུབས་འདུག་པས་སྔར་གྱི་ནང་བསྟན་དེ་ངོ་བོ་དང་བསམ་བློའི་ཆ་ནས་གཏིང་ཇེ་ཟབ་དང་རྒྱ་ཇེ་ཆེ་རུ་འགྲོ་བཞིན་ཡོད་དོ། །
ཁ  བར་མའི་དུས་རིམ།
 བར་མའི་དུས་རིམ་ནི་སྤྱི་ལོའི་དུས་རབས་བཞི་པའི་མཇུག་ནས་དྲུག་པའི་བར་གོདེ་བར་གྱི་ཐེག་ཆེན་གྱི་ཆོས་ནི། གཙོ་བོ《མྱང་འདས་ཀྱི་མདོ》དང《འཕགས་པ་ལྷ་མོ་དཔལ་ཕྲེང་གི་སེང་གེའི་སྒྲ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ》《འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ》《ལངཀརགཤེགས་པའི་མདོ》སོགས་ཀྱི་རྨང་གཞི་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན།
      《མྱང་འདས་ཀྱི་མདོ》ལས་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ"སངས་རྒྱས་ཀྱི་རིགས"ཡོད་པས་འཚང་རྒྱ་རུང་ཡིན་པར་བསྟན་ཡོད་པ་དང་། མདོ་འདི་ནི་ཐེག་ཆེན་ལུགས་ཀྱི་ཐར་བ་སྒྲུབ་བྱེད་ཀྱི་གཞུང་ལུགས་ཀྱི་རྐང་འཛུགས་ས་ཞིག་ཀྱང་ཡིན།"སངས་རྒྱས་ཀྱི་རིགས"ལ་ངོ་བོའི་སྒོ་ནས་གཟུགས་སྐུའི་ངོ་བོརའགྱུར་རུང་གི་རིགས(ལོངས་སྐུ།    སྤྲུལ་སྐུ།)དང་། ཆོས་སྐུའི་ངོ་བོར་འགྱུར་རུང་གི་རིགས(ཡེ་ཤེས་ཆོས་སྐུ། ངོ་བོ་ཉིད་སྐུ།)གཉིས་ཡོད་པར་བཤད།
      《འཕགས་པ་ལྷ་མོ་དཔལ་ཕྲེང་གི་སེང་གེ་སྒྲ་ཞེས་བྱ་བའི་ཐེག་པ་ཆེན་པོའི་མདོ》དང《ལངཀར་གཤེགས་པའི་མདོ》གཉིས་ལས་སེམས་ཀྱི་རང་བཞིན་ལ་དྲི་མ་ཕྲ་མོས་ཀྱང་མ་གོས་པ་དང་། ངོ་བོ་ཤིན་ཏུ་དྭངས་པ་ཡིན་པ་སོགས་བཤད་ཡོད་པར་མ་ཟད། འཇིག་རྟེན་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་བསྟན་ཡོད།
《འཕགས་པ་དགོངས་པ་ངེས་པར་འགྲེལ་པ་ཞེས་བྱ་བའི་ཐེག་ཆེན་པོའི་མདོ》ལས་ཕྱི་རོལ་གྱི་ཆོས་ཐམས་ཅད་ཀུན་གཞིའི་རྣམ་ཤེས་སྟེང་གི་བག་ཆགས་སད་པ་ལས་བྱུང་བ་དང་། རྣམ་ཤེས་ཚོགས་བརྒྱད(རྣམ་ཤེས་ཚོགས་དྲུག་སྟེང་ཀུན་གཞི་དང་། ཉོན་ཡིད།)སོགས་བསྟན་ཡོད་པར་མ་ཟད། ཀུན་གཞིའི་རྣམ་ཤེས་ནི་ཚེ་སྲོག་གི་གཙོ་བོ་ཡིན་པར་བཤད་ཡོད་དོ། །
   ཐེག་ཆེན་གྱི་བར་མའི་དུས་རིམ་སྐབས་ཀྱི་སློབ་དཔོན་གཙོ་བོ་ནི། འཕགས་པ་ཐོག་མེད་དང་། གཅུང་དབྱིག་གཉེན་གཉིས་ཡིན་ལ། སྐུ་མཆེད་གཉིས་ཀྱིས་རྗེ་བཙུན་བྱམས་པ་མགོན་པོའི་མན་ངག་ལ་བརྟེན་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས་པ་རེད།
   སེམས་ཙམ་པའི་ལྟ་བ་སྟོན་བྱེད་ཀྱི་བསྟན་བཅོས་གཙོ་གྲས་ཀྱི་སྐོར་ནི།
   འཕགས་པ་ཐོགས་མེད་ཀྱི་མཛད་པའི《སའི་དངོས་གཞི》དང《གཏན་ལ་ཕབ་པ་བསྡུ་བ》གཞི་བསྡུ་བ《རྣམ་གྲངས་བསྡུ་བ》《སྒོ་བསྡུ་བ》སྟེ་ས་སྡེ་ལྔ་དང་།ཐེག་པ་ཐུན་མོང་བའི་སྡོམ《མངོན་པ་ཀུན་འཏུས》དང་ཐེག་ཆེན་ཐུན་མོང་བའི་སྡོམ《ཐེག་བསྡུས》སོགས་ཡིན་ལ།  གཞན་ཡང་དབྱིག་གཉེན་གྱིས་མཛད་པའི《སུམ་ཅུ་བའི་ཚིག་ལེའུར་བྱས་པ》དང་།《ཉི་ཤུ་བའི་རབ་བྱེད》ཐེག་བསྡུས་ཀྱི་འགྲེལ《ས་བཅུ་བའི་མདོ་འགྲེལ》སོགས་ཀྱང་ཡིན་ནོ། །
 གཞུང་འདི་དག་གིས་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་ཡིན་པའི་གནས་ལུགས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྒྲུབས་ཡོད། དུས་སྐབས་དེའི་ནང་ད་དུང་དབུ་མ་བའི་སློབ་དཔོན་ཆེན་པོ་སངས་རྒྱས་བསྐྱངས་དང་ལེགས་ལྡན་འབྱེད་སོགས་ཀྱང་བྱོན་ལ།  སངས་རྒྱས་བསྐྱངས་ཀྱིས《རྩ་ཤེས》ཀྱི་འགྲེལ་བ《བུད་དྷཔཱ་ལི་ཏ》མཛད་ནས།  ཀླུ་སྒྲུབ་ཀྱི་དགོངས་པ་མཐར་ཐུག་ཐལ་འགྱུར་དུ་བཀྲལ་ཏེ། དབུ་མ་ཐལ་འགྱུར་པའི་ཤིང་རྟའི་སྲོལ་ཕྱེས། ཟླ་བ་གྲགས་པ་དང་། ཞི་བ་ལྷ། སངས་རྒྱས་བསྐྱངས་སོགས་ལུགས་འདིའི་རྒྱུན་འཛིན་མཁས་པ་རྣམས་ཀྱིས་དབུ་མ་ཐལ་འགྱུར་བའི་ལུགས་སངས་རྒྱས་ཀྱི་དགོངས་པ་མཐར་ཐུག་ཏུ་བསྒྲུབས་པས། ཕྱིས་སུ་ཐལ་འགྱུར་བའི་ལྟ་བ་ནི། ནང་བའི་གྲུབ་མཐའ་ཐམས་ཅད་ཀྱི་ནང་གི་ལྟ་བའི་ཡང་རྩེ་རུ་བརྩི་བཞིན་ཡོད།
ག  ཐ་མའི་དུས་རིམ།(དུས་རབས་བདུན་པ་ནས་བཅུ་གསུམ་པའི་སྟོད)།
      དུས་རབས་བདུན་ནས་བཅུ་གསུམ་བར་གྱི་ཐེག་ཆེན་གྱི་ཆོས་ནི། 《རྣམ་སྣང་མངོན་བྱང》དང《རྒྱུད་རྡོ་རྗེ་རྩེ་མོ》སོགས་ཀྱི་རྨང་གཞི་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན།  དུས་སྐབས་དེའི་ནང་གཙོ་བོ་གསང་སྔགས་ཀྱི་ཆོས་འཕེལ་རྒྱས་སུ་ཕྱིན་པ་དང་། སྐབས་དེའི་གསང་སྔགས་ཀྱི་ཆོས་ནི། རྒྱལ་བ་རྡོ་རྗེ་འཆང་དང་། བཅོམ་ལྡན་འདས་དཔལ་རྣམ་པར་སྣང་མཛད་མངོན་པར་བྱང་ཆུབ་པ་སོགས་ཀྱིས་གསུངས།
      གསང་སྔགས་འཕེལ་རྒྱས་སུ་འགྲོ་བའི་གོ་རིམ་ཁྲོད་བསམ་བློའི་ཆ་ནས། དབུ་མ་པ་དང་།  སེམས་ཙམ་པའི་ལྟ་བ་བསྡུས་ཡོད་པར་མ་ཟད། ད་དུང་རྒྱ་གར་དམངས་ཁྲོད་ཀྱི་ཆོ་ག་དང་།  རིག་སྔགས་སོགས་ཀྱང་བསྡུས་ཡོད་ཕྱིར།  གསང་སྔགས་ཀྱི་ཆོས་ནི་གདོད་མའི་ནང་བསྟན་དང་།  ཉན་ཐོས་སྡེ་བའི་དུས་སྐབས་ཀྱི་ནང་བསྟན་གཉིས་དང་བསྡུར་ན་ཅུང་ལྐོག་གྱུར་དང་ལྷ་སྒྲུང་གི་ཁྱད་ཆོས་ལྡན་པ་རེད།
 

རྩོམ་སྒྲིག་པ།རྡོ་ཆེན།