ནང་དོན་རིག་པའི་སྤྱི་བཤད། གསུམ་པ། ནང་བསྟན་གྱི་འཕེལ་རྒྱས། ​གཉིས། ཐེག་ཆེན་དུས་སྐབས་ཀྱི་ནང་བསྟན།
དུས་ཚོད།:2018-9-7  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན།   |   ཁུངས།:  |   ཀློག་ལྟ།:850  |   དཔྱད་པ།:0

གཉིས། ཐེག་ཆེན་དུས་སྐབས་ཀྱི་ནང་བསྟན།
      འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱི་དུས་ནས་བཟུང་ཐེག་ཆེན་གྱི་ཆོས་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། གདོད་མའི་ནང་བསྟན་ཤེས་རིག་དང་ཉན་ཐོས་སྡེ་བའི་དུས་སྐབས་ཀྱི་ནང་བསྟན་གཉིས་ལ"ཐེག་དམན"དང་། དབུ་སེམས་གཉིས་ལ"ཐེག་ཆེན"ཞེས་ཐ་ས་སྙད་བྱུང་ཞིང་། མཚམས་འདི་ནས་བཟུང་ནང་བསྟན་འདི་ཉིད"ཐེག་དམན"དང"ཐེག་ཆེན"གཉིས་སུ་གྱེས་སྟེ་འཕེལ་རྒྱས་ཕྱིན།
      འོ་ན་ཐེག་ཆེན་དང་ཐེག་དམན་གྱི་ཁྱད་པར་ཅི་ཡིན་ཞེ་ན། དེ་ལ་ཐོག་མར"ཐེག"ཅེས་པའི་དོན་བཤད་པར་བྱ་སྟེ། ཐེག་ཅེས་པ་ནི་དངོས་པོ་སོགས་ཡར་བཏེགས་པའི་དོན་ལ་འཇུག་ཅིང་།  ཐེག་ཆེན་ཞེས་པའི་སྐབས་སུ་གཞན་དོན་རྒྱ་ཆེན་པོ(གཞན་དོན་དུ་རང་སྲོག་ཀྱང་གཏོང་ཕོད་པའི་ལྷག་བསམ་ལྟ་བུ)འཁུར་དུ་ཁྱེར་ནུས་པའི་བསམ་པ་ཆེན་པོ་ལ་གོ་དགོས་ཤིང་། བསམ་པ་ཆེན་པོ་དེ་རྒྱུད་ལྡན་གྱི་གང་ཟག་ལ་བྱང་ཆུབ་སེམས་དཔའ་ཞེས་ཟེར། སེམས་དཔའ་དེས་ཉམས་
སུ་བླང་བྱའི་ཆོས་ལ"ཐེག་ཆེན་གྱི་ཆོས"ཞེས་བརྗོད། དེ་བས་གཞན་གྱི་དོན་དུ་ཐར་བ་འཚོལ་བའི་བསམ་པ་ལ་"ཐེག་ཆེན"དང་། རང་གི་དོན་དུ་ཐར་བ་འཚོལ་བའི་བསམ་པ་ལ"ཐེག་དམན"ཞེས་ཟེར།
      དེ་ཡང་ནང་བསྟན་ཤེས་རིག་གི་ལོ་རྒྱུས་ཀྱི་ཐད་ནས་བལྟས་ན། ཐེག་དམན་གྱི་ཆོས་ནི། ཐེག་ཆེན་གྱི་ཆོས་འཕེལ་རྒྱས་སུ་འགྲོ་བའི་རྩ་བའི་རྨང་གཞི་ཡིན་པ་མཐོང་ཐུབ་ལ། ཐེག་ཆེན་གྱི་ཆོས་ལ་འཕེལ་རྒྱས་ཆེན་པོ་བྱུང་རྗེས། ཐེག་དམེན་གྱི་ཆོས་ཀྱང་ཐེག་ཆེན་དང་མཉམ་དུ་ཁྱབ་གདལ་དུ་འགྲོ་བཞིན་ཡོད་དེ། དཔེར་ན། སི་རི་ལན་ཁ་དང་། ཐེ་གོ། འབར་མ། ལའོ་ཝུ། ཀན་པུའུ་ཀྲེ་སོགས་ཨེ་ཤ་ཡའི་ལྷོ་མ་དང་། ཤར་ལྷོའི་རྒྱལ་ཁབ་དུ་མར་ཁྱབ་བཞིན་ཡོད། ལ་ཁབ་དེ་དག་ལ་དར་ཡོད་པའི་ནང་བསྟན་ནི། ལྷོ་བརྒྱུད་ལུགས་ཀྱི་ནང་བསྟན་ལ་གཏོགས་ཤིང་། ཁོ་ཚོས་ཐེག་དམན་གྱི་ཆོས་ལ"ཐེག་དམན་གྱི་ཆོས"ཞེས་མི་འབོད་པར"གནས་བརྟན་པའི་ཆོས"ཞེས་བརྗོད་པ་རེད། རང་རྒྱལ་གྱི་ཡུན་ནན་ཏའེ་རིགས་(傣族)ས་ཁུལ་དུ་དར་ཁྱབ་ཆེ་བའི་ནང་བསྟན་ཡང་གནས་བརྟན་པར་གཏོགས་པ་ཡིན།
      དེ་ཡང་ཐེག་ཆེན་གྱི་ཆོས་ནི། སྤྱི་ལོའི་དུས་རབས་དང་པོའི་སྔ་རྗེས་སུ་རྒྱ་གར་ལྷོ་ཕྱོགས་ནས་འཕེལ་རྒྱས་བྱུང་བ་ཞིག་དང་། རྗེས་སུ་རྒྱ་གར་ནུབ་བྱང་ཁུལ་དུ་དར་ལ། སྤྱི་ལོའི་དུས་རབས་གཉིས་པའི་དཀྱིལ་ཙམ་ལ་སྔར་ལས་ཀྱང་འཕེལ་རྒྱས་ཆེན་པོ་བྱུང་ངོ། །
      ནང་བསྟན་རིག་པ་ཁྱབ་ཆེན་པོའི་སྒོ་ནས་འཕེལ་རྒྱས་སུ་སོང་བ་དང་མཉམ་དུ་དད་ལྡན་མང་ཚོགས་ཇེ་མང་དུ་གྱུར་བ་དང་།གཞུང་ལུགས་ཀྱི་ཆ་ནས་ཀྱང་ཅུང་རྙོག་འཛིང་ཅན་དུ་འགྱུར་བཞིན་ཡོད། སྡོམ་ཁྲིམས་སོགས་དམ་པོ་ཡིན་པའི་གྲུབ་མཐའི་ལྟ་བ་ནི། སྐབས་དེའི་སྤྱི་ཚོགས་ཀྱི་འདོད་བློ་དང་མཐུན་དཀའ་བར་གྱུར་བ་དང་། རང་དབང་གི་ཁྱད་ཆོས་ལྡན་ལ་ལྷ་སྒྲུང་གི་གྲུབ་ཆ་མང་བའི"ཕལ་ཆེན་སྡེའི"ལྟ་བ་ནི། སྐབས་དེའི་སྤྱི་ཚོགས་ལ་མཚོན་ན་ཧ་ཅང་རྒྱུགས་ཆེ། དེ་བས་ཐེག་ཆེན་གྱི་ཆོས་ནི་གཙོ་བོ་ཕལ་ཆེན་སྡེའི་རྨང་གཞི་ལ་བརྟེན་ནས་འཕེལ་རྒྱས་སུ་སོང་བར་བཤད་ཆོག་མོད། ཡིན་ནའང་ཐེག་ཆེན་གྱི་ཆོས་བྱུང་རྗེས་ཕལ་ཆེན་སྡེ་ནི་རིམ་གྱིས་ཉམས་དམས་སུ་གྱུར་བ་དང་དམངས་ཁྲོད་ཀྱི་ཆོ་ག་དང་། ཞི་ལ། དབྱི་ལང་སོགས་ཀྱི་བསམ་བློ་དང་རིག་གནས་བཅས་ཀྱིས་ཐེག་ཆེན་གྱི་འཕེལ་རྒྱས་ལ་ཤུགས་རྐྱེན་ཟབ་མོ་བཟོས་ཡོད།
      གདོད་མའི་ནང་བསྟན་དང་ཉན་ཐོས་སྡེ་བའི་དུས་སྐབས་ཀྱི་ནང་བསྟན་གཉིས་འཕེལ་རྒྱས་སུ་འགྲོ་བའི་ཕྱིའི་སྟོབས་ཤུགས་གཙོ་བོ་ནི་དད་ལྡན་མང་ཚོགས་ཡིན་ཏེ། ཁོ་ཚོས་ནང་བའི་གནའ་ཤུལ་གྲགས་ཅན་ཞིག་གསོ་དང་། གཙུག་ལག་ཁང་དང་མཆོད་རྟེན་གསེར་བཞེངས་སོགས་ནང་བ་སངས་རྒྱས་པའི་ཕྱིའི་འཛུགས་སྐྲུན་ཐད་ལ་དཔལ་འབྱོར་གྱི་ཐོག་ནས་རོགས་སྐྱོར་ཆེན་པོ་བྱེད་བཞིན་ཡོད་པར་མ་ཟད། དགེ་འདུན་པའི་ཆོས་ཀྱི་ཆོ་ག་སྤེལ་བ་སོགས་ལའང་རྒྱབ་སྐྱོར་བྱེད་བཞིན་ཡོད། ད་དུང་མང་ཚོགས་རྒྱུད་ཀྱི་དད་པ་དང་། ནམ་རྒྱུན་གྱི་འཚོ་བའི་ཁྲོད་སྟོན་པ་སངས་རྒྱས་ཀྱི་ངོ་མཚར་བའི་མཛད་རྗེས་སྐོར་གླེང་བ། ཆོས་ཀྱི་གཞུང་དོན་ལ་འགྲེལ་བཤད་དང་རྟོགས་སད་བྱེད་པ་སོགས་ནི་ཐེག་ཆེན་གྱི་ཆོས་འཕེལ་རྒྱས་སུ་འགྲོ་བའི་ནང་གི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།
      སྤྱི་ལོའི་དུས་རབས་བཞི་པའི་སྐབས་ཀྱི་མ་ག་དྷའི་རྒྱལ་ཁབ་ནི། གུབྟའི་རྒྱལ་རབས་(320-440)ཀྱིས་བཟུང་ཞིང་། སྐབས་དེའི་རྒྱ་གར་ནི་བཀས་བཀོད་རྒྱུད་འཛིན་སྤྱི་ཚོགས་སུ་སླེབས་ཡོད།
      དུས་སྐབས་དེ་ནི་ཐེག་ཆེན་གྱི་ཆོས་ཧང་ཅང་འཕེལ་རྒྱས་སུ་འགྲོ་བའི་དུས་ཤིག་ཡིན་པ་དང་། སྤྱི་ལོའི་དུས་རབས་བདུན་པའི་སྐབས་སུ་རྒྱུ་ཕ་རོལ་དུ་ཕྱིན་པའི་ཐེག་པ་དེ་རིམ་གྱིས་ཉམས་ནས་གསང་སྔགས་འཕེལ་རྒྱས་སུ་འགྲོ་བའི་དུས་སྐབས་གསར་བ་ཞིག་དུ་སླེབས།
      དུས་རབས་བཅུ་གསུམ་པའི་སྟོད་ཙམ་ལ་དབྱི་སི་ལན་ཆོས་ལུགས་ལ་དད་པ་
བྱེད་མཁན་མི་རིགས་ཀྱིས་བཙན་གནོན་དང་གནོད་འཚེའི་འོག་རྒྱ་གར་རང་དུ་
ནང་བསྟན་ཕལ་ཆེར་འཇིག་པར་གྱུར་བ་རེད།

རྩོམ་སྒྲིག་པ།རྡོ་ཆེན།