བསྡུས་གྲྭའི་རྣམ་བཤད་བློ་གསལ་བྱེ་བའི་འཇུག་ངོགས། ། ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་ལས་གདམ་སྦྱོང་སྐོར། ས་བཅད་གསུམ་པ། ཡིན་ལོག་མིན་ལོག
དུས་ཚོད།:2018-8-28  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:1282  |   དཔྱད་པ།:0

ས་བཅད་གསུམ་པ། ཡིན་ལོག་མིན་ལོག
 
དང་པོ།  གཞན་ལུགས་དགག་པ།
རྩོད་སྐོར་དང་པོ།
ཀ དངོས་པོ་ཡིན་པ་ལས་ལོག་པ་ཡིན་ན། ཡོད་པ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན།
ཁ ནམ་མཁའ་ཆོས་ཅན།  ཡོད་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་པོ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། 【དངོས་པོ་ཡིན་པ་ལས་ལོག་པ་ཡིན་ན། ཡོད་པ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【ནམ་མཁའ།  དངོས་པོ་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ནམ་མཁའ་ཆོས་ཅན།  དངོས་པོ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།  དངོས་པོ་ཡིན་པ་ལས་ལོག་པའི་ཕྱིར།
ཀ མ་གྲུབ་ན། 【ནམ་མཁའ། དངོས་པོ་ཡིན་པ་ལས་ལོག་པ་རྟགས་མ་གྲུབ་ཟེར་ན།】
ཁ ནམ་མཁའ་ཆོས་ཅན།  དངོས་པོ་ཡིན་པ་ལས་ལོག་པར་ཐལ། དངོས་པོ་མ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ནམ་མཁའ་དངོས་པོ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ནམ་མཁའ་ཆོས་ཅན།  དངོས་པོ་མ་ཡིན་པར་ཐལ།  རྟག་པ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【ནམ་མཁའ་ཡོད་པ་ཡིན་པ་ལས་ལོག་པ་ཡིན་པར་འདོད་ཟེར་ན།】
ཁ ནམ་མཁའ་ཆོས་ཅན། ཡོད་པ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ།  ཡོད་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ནམ་མཁའ་ཡོད་པ་མ་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ནམ་མཁའ་ཆོས་ཅན། ཡོད་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།  ཡོད་པ་ཡིན་པའི་ཕྱིར།
ཀ  མ་ཁྱབ་ན།  【ཡོད་པ་ཡིན་ན་ཡོད་པ་མ་ཡིན་པ་ལས་ལོག་པ་ཡིན་པས་མ་ཁྱབ་ཟེར་ན།】
ཁ ཁྱབ་པ་ཡོད་པར་ཐལ།  【ཡོད་པ་ཡིན་ན་ཡོད་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་དགོས་ཏེ།】 ཡོད་པ་དང་ཡོད་པ་མ་ཡིན་ལས་ལོག་པ་གཉིས་དོན་གཅིག་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། དངོས་པོ་ཡིན་པ་ལས་ལོག་པ་ཡིན་ན། ཡོད་པ་ཡིན་པ་ལས་ལོག་པ་ཡིན་པས་མ་ཁྱབ་པ།
དཀའ་གནད། ཡོད་པ་ཡིན་པ་ལས་ལོག་པ་དང།  ཡོད་པ་མ་ཡིན་པ་ལས་ལོག་པ་གཉིས་ཀྱི་ཁྱད་པར།
གཙོ་གནད། ནམ་མཁའ་དངོས་པོ་ཡིན་པ་ལས་ལོག་པ་ཡིན་པ།
 
རྩོད་སྐོར་གཉིས་པ།
ཀ ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་ན། ཁྱོད་ཡིན་པ་ལས་ལོག་པ་ཡོད་པས་ཁྱབ་ཟེར་ན།
ཁ  རྟག་དངོས་གང་རུང་ཆོས་ཅན།  ཁྱོད་ཡིན་པ་ལས་ལོག་པ་ཡོད་པར་ཐལ།  ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། 【ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་ན། ཁྱོད་ཡིན་པ་ལས་ལོག་པ་ཡོད་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【རྟག་དངོས་གང་རུང་མ་ཡིན་པ་ལས་ལོག་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་དངོས་གང་རུང་ཆོས་ཅན།  ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པར་ཐལ།  ཤར་གྱི་ནམ་མཁའ་དེ་ཡང་དེ་ཡིན།  ཤར་གྱི་རི་བོ་དེ་ཡང་དེ་ཡིན་པའི་ཕྱིར།
ཀ རྟགས་ཟུར་དང་པོ་མ་གྲུབ་ན། 【ཤར་གྱི་ནམ་མཁའ་དེ་རྟག་དངོས་གང་རུང་མ་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤར་གྱི་ནམ་མཁའ་ཆོས་ཅན།  ཁྱོད་རྟག་དངོས་གང་རུང་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།  ཁྱོད་རྟག་དངོས་གང་རུང་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཤར་གྱི་ནམ་མཁའ་རྟག་དངོས་གང་རུང་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤར་གྱི་ནམ་མཁའ་ཆོས་ཅན།  ཁྱོད་རྟག་དངོས་གང་རུང་ཡིན་པར་ཐལ།  རྟག་པ་ཡིན་པའི་ཕྱིར།
ཀ གོང་གི་རྟགས་ཟུར་གཉིས་པ་མ་གྲུབ་ན། 【ཤར་གྱི་རི་བོ་དེ་རྟག་དངོས་གང་རུང་མ་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤར་གྱི་རི་བོ་ཆོས་ཅན།  ཁྱོད་རྟག་དངོས་གང་རུང་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།  ཁྱོད་རྟག་དངོས་གང་རུང་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཤར་གྱི་རི་བོ་དེ་རྟག་དངོས་གང་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤར་གྱི་རི་བོ་ཆོས་ཅན། རྟག་དངོས་གང་རུང་ཡིན་པར་ཐལ།  དངོས་པོ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【རྟག་དངོས་གང་རུང་ཡིན་པ་ལས་ལོག་པ་ཡོད་པར་འདོད་ཟེར་ན།】
ཁ རྟག་དངོས་གང་རུང་ཆོས་ཅན། ཁྱོད་ཡིན་པ་ལས་ལོག་པ་མེད་པར་ཐལ།  གཞི་གྲུབ་ན་རྟག་དངོས་གང་རུང་ཡིན་པའི་ཁྱབ་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་ན། ཁྱོད་ཡིན་པ་ལས་ལོག་པ་ཡོད་པས་མ་ཁྱབ་པ།
དཀའ་གནད། ཁྱོད་ཡིན་པ་ལས་ལོག་པ་དང་།  ཁྱོད་མ་ཡིན་པ་ལས་ལོག་པ་གཉིས་ཀྱི་ཁྱད་པར།
གཙོ་གནད།  རྟག་དངོས་གང་རུང་ཡིན་པ་ལས་ལོག་པ་མེད་པ།
 
རྩོད་སྐོར་གསུམ་པ།
ཀ ཁྱོད་ཡིན་པ་ལས་ལོག་པ་ཡོད་ན།  ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པས་ཁྱབ་ཟེར་ན།
ཁ མགོ་དང་རྐང་པ་གཉིས་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པར་ཐལ།  ཁྱོད་ཡིན་པ་ལས་ལོག་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། 【ཁྱོད་ཡིན་པ་ལས་ལོག་པ་ཡོད་ན།  ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【མགོ་དང་རྐང་བ་གཉིས་ཡིན་པ་ལས་ལོག་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ མགོ་དང་རྐང་པ་གཉིས་ཆོས་ཅན།  ཁྱོད་ཡིན་པ་ལས་ལོག་པ་ཡོད་པར་ཐལ།  མིག་དེ་ཡང་དེ་ཡིན།  སྣ་དེ་ཡང་དེ་ཡིན་པའི་ཕྱིར།
ཀ རྟགས་ཟུར་དང་པོ་མ་གྲུབ་ན། 【མིག་དེ་མགོ་དང་རྐང་པ་གཉིས་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མིག་ཆོས་ཅན།  ཁྱོད་མགོ་དང་རྐང་པ་གཉིས་ཡིན་པ་ལས་ལོག་པ་ཡིན་པར་ཐལ། ཁྱོད་མགོ་དང་རྐང་པ་གཉིས་མ་ཡིན་པའི་ཕྱིར། རྟགས་ཟུར་གཉིས་པ་རིགས་བསྒྲེས་ཀྱིས་ཤེས་ནུས།
ཀ རྩ་བར་འདོད་ན། 【མགོ་དང་རྐང་པ་གཉིས་མ་ཡིན་པ་ལས་ལོག་པ་ཡོད་པར་འདོད་ཟེར་ན།】
ཁ མགོ་དང་རྐང་པ་གཉིས་ཆོས་ཅན།  ཁྱོད་མ་ཡིན་པ་ལས་ལོག་པ་མེད་པར་ཐལ། ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  ཁྱོད་ཡིན་པ་ལས་ལོག་པ་ཡོད་ན།  ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པས་མ་ཁྱབ་པ།
དཀའ་གནད། ཁྱོད་མ་ཡིན་པ་ལས་ལོག་པ་ཡིན་ན་ཡིན་པ་སྲིད་པའི་ཤེས་བྱ་ཡིན་དགོས་པ།
གཙོ་གནད། མིག་དང་རྐང་པ་གཉིས་མ་ཡིན་པ་ལས་ལོག་པ་མེད་པ།
 
རྩོད་སྐོར་བཞི་པ།
ཀ རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ཡིན་ན། རྟག་པ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན།
ཁ ཡོད་པ་ཆོས་ཅན། རྟག་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།  རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར།  ཁྱབ་པ་ཁས། 【རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ཡིན་ན། རྟག་པ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་པ་ཁས་བླངས།】
ཀ མ་གྲུབ་ན། 【ཡོད་པ།  རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན།  རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། རྟག་པ་ཡིན་པ་ལས་ལོག་པ་དེ་ལས་ལོག་པའི་ཕྱིར།
ཀ མ་གྲུབ་ན། 【ཡོད་པ་རྟག་པ་ཡིན་པ་ལས་ལོག་པ་དེ་ལས་ལོག་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན། ཁྱོད་རྟག་པ་ཡིན་པ་ལས་ལོག་པ་དེ་ལས་ལོག་པར་ཐལ། ཁྱོད་རྟག་པ་ཡིན་པ་ལས་ལོག་པ་དེ་མ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཡོད་པ་རྟག་པ་ཡིན་པ་ལས་ལོག་པ་དེ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན། ཁྱོད་རྟག་པ་ཡིན་པ་ལས་ལོག་པ་དེ་མ་ཡིན་པར་ཐལ།  ཁྱོད་རྟག་པ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【ཡོད་པ་རྟག་པ་ཡིན་པ་ལས་ལོག་པ་ཡིན་པར་འདོད་ཟེར་ན།】
ཁ ཡོད་པ་ཆོས་ཅན། ཁྱོད་རྟག་པ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ།  ཁྱོད་རྟག་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཡོད་པ་རྟག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན། ཁྱོད་རྟག་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།  ཁྱོད་རྟག་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་ཡིན་ན། རྟག་པ་ཡིན་པ་ལས་ལོག་པ་ཡིན་པས་མ་ཁྱབ་པ།
དཀའ་གནད། རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་རྟག་པ་ཡིན་པ།
གཙོ་གནད། ཡོད་པ་རྟག་པ་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ།
 
རྩོད་སྐོར་ལྔ་པ།
ཀ མེད་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ན། དངོས་མེད་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན།
ཁ རྟག་པ་ཆོས་ཅན།  དངོས་མེད་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།  མེད་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། 【མེད་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ན། དངོས་མེད་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་པ་ཁས་བླངས་ཟིན་པའི་ཕྱིར།】
ཀ མ་གྲུབ་ན། 【རྟག་པ།  མེད་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན། མེད་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། མེད་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར།
ཀ མ་ཁྱབ་ན། 【མེད་པ་ཡིན་པ་ལས་ལོག་པ་ཡིན་ན། མེད་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པས་མ་ཁྱབ་ཟེར་ན།】
ཁ ཁྱབ་པ་ཡོད་པར་ཐལ།  【མེད་པ་ཡིན་པ་ལས་ལོག་པ་ཡིན་ན། མེད་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་དགོས་ཏེ།】 མེད་པ་ཡིན་པ་ལས་ལོག་པ་དང་།  མེད་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ།  ཡོད་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【རྟག་པ། དངོས་མེད་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པར་འདོད་ཟེར་ན།】 
ཁ རྟག་པ་ཆོས་ཅན། དངོས་མེད་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། དངོས་མེད་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྟག་པ། དངོས་མེད་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན།  དངོས་མེད་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། དངོས་མེད་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། མེད་པ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་ན། དངོས་མེད་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་ཡིན་པས་མ་ཁྱབ་པ།
དཀའ་གནད། དངོས་མེད་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་དངོས་མེད་མ་ཡིན་པ།
གཙོ་གནད། རྟག་པ་དངོས་མེད་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ།
 
རྩོད་སྐོར་དྲུག་པ།
ཀ  ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་ན། ཁྱོད་ཡོད་པས་ཁྱབ་ཟེར་ན།
ཁ དངོས་པོ་ཁོ་ན་ཆོས་ཅན།  ཁྱོད་ཡོད་པར་ཐལ།  ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། 【ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་ན། ཁྱོད་ཡོད་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【དངོས་པོ་ཁོ་ན་མ་ཡིན་པ་ལས་ལོག་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ དངོས་པོ་ཁོ་ན་ཆོས་ཅན།  ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་པར་ཐལ།  ཁྱོད་ཡིན་པ་ཡོད་པའི་ཕྱིར།
ཀ མ་གྲུབ་ན། 【དངོས་པོ་ཁོ་ན་ཡིན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ དངོས་པོ་ཁོ་ན་ཆོས་ཅན།  ཁྱོད་ཡིན་པ་ཡོད་པར་ཐལ། རི་བོ་དེ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རི་བོ་དེ་དངོས་པོ་ཁོ་ན་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རི་བོ་ཆོས་ཅན། དངོས་པོ་ཁོ་ན་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན།  【དངོས་པོ་ཁོ་ན་ཡོད་པར་འདོད་ཟེར་ན།】
ཁ དངོས་པོ་ཆོས་ཅན།  ཁྱོད་ཁོ་ན་མེད་པར་ཐལ།  ཁྱོད་མ་ཡིན་པར་གྱུར་པའི་ཤེས་བྱ་ཡོད་པའི་ཕྱིར།
ཀ མ་གྲུབ་ན། 【དངོས་པོ་མ་ཡིན་པར་གྱུར་པའི་ཤེས་བྱ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
 ཁ དངོས་པོ་ཆོས་ཅན།  ཁྱོད་མ་ཡིན་པར་གྱུར་པའི་ཤེས་བྱ་ཡོད་པར་ཐལ།  འདུས་མ་བྱས་དེ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཁྱོད་མ་ཡིན་པ་ལས་ལོག་པ་ཡོད་ན། ཁྱོད་ཡོད་པས་མ་ཁྱབ་པ།
དཀའ་གནད། དངོས་པོ་ཁོ་ན་མེད་ཀྱང་། དངོས་པོ་ཁོ་ན་ཡིན་པ་ཡོད་པའི་ཁྱད་པར།
གཙོ་གནད།  དངོས་པོ་ཁོ་ན་མ་ཡིན་པ་ལས་ལོག་པ་ཡོད་པ།
 
རྩོད་སྐོར་བདུན་པ།
ཀ བྱས་པ་ཡིན་པ་ལས་ལོག་པ་དང་།  མ་བྱས་པ་ཡིན་པ་ལས་ལོག་པ་གང་རུང་ཡིན་ན། བྱས་པ་དང་མ་བྱས་པ་གང་རུང་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་ཟེར་ན།
ཁ རྩ་ཐང་ཆོས་ཅན།  བྱས་པ་དང་མ་བྱས་པ་གང་རུང་ཡིན་པ་ལས་ལོག་པ་ཡིན་པར་ཐལ།  བྱས་པ་ཡིན་པ་ལས་ལོག་པ་དང་།  མ་བྱས་པ་ཡིན་པ་ལས་ལོག་པ་གང་རུང་ཡིན་པའི་ཕྱིར།  ཁྱབ་པ་ཁས། 【བྱས་པ་ཡིན་པ་ལས་ལོག་པ་དང་།  མ་བྱས་པ་ཡིན་པ་ལས་ལོག་པ་གང་རུང་ཡིན་ན། བྱས་པ་དང་མ་བྱས་པ་གང་རུང་ཡིན་པ་ལས་ལོག་པ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【རྩ་ཐང་བྱས་པ་ཡིན་པ་ལས་ལོག་པ་དང་། མ་བྱས་པ་ཡིན་པ་ལས་ལོག་པ་གང་རུང་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྩ་ཐང་ཆོས་ཅན།   བྱས་པ་ཡིན་པ་ལས་ལོག་པ་དང་།  མ་བྱས་པ་ཡིན་པ་ལས་ལོག་པ་གང་རུང་ཡིན་པར་ཐལ།  མ་བྱས་པ་ཡིན་པ་ལས་ལོག་པ་གང་རུང་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྩ་ཐང་མ་བྱས་པ་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྩ་ཐང་ཆོས་ཅན།  མ་བྱས་པ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།  བྱས་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྩ་ཐང་བྱས་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྩ་ཐང་ཆོས་ཅན།  བྱས་པ་ཡིན་པར་ཐལ།  དངོས་པོ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན།  【རྩ་ཐང་བྱས་པ་དང་། མ་བྱས་པ་གང་རུང་ཡིན་པ་ལས་ལོག་པ་ཡིན་པར་འདོད་ཟེར་ན།】
ཁ རྩ་ཐང་ཆོས་ཅན།  བྱས་པ་དང་མ་བྱས་པ་གང་རུང་ཡིན་པ་ལས་ལོག་པ་མ་ཡིན་པར་ཐལ། བྱས་པ་དང་མ་བྱས་པ་གང་རུང་མ་ཡིན་པ་ལས་ལོག་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྩ་ཐང་བྱས་པ་དང་མ་བྱས་པ་གང་རུང་མ་ཡིན་པ་ལས་ལོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྩ་ཐང་ཆོས་ཅན།  བྱས་པ་དང་མ་བྱས་པ་གང་རུང་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ།  བྱས་པ་དང་མ་བྱས་པ་གང་རུང་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྩ་ཐང་བྱས་པ་དང་མ་བྱས་པ་རང་རུང་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྩ་ཐང་ཆོས་ཅན།  བྱས་པ་དང་མ་བྱས་པ་གང་རུང་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  བྱས་པ་ཡིན་པ་ལས་ལོག་པ་དང་།  མ་བྱས་པ་ཡིན་པ་ལས་ལོག་པ་གང་རུང་ཡིན་ན། བྱས་པ་དང་མ་བྱས་པ་གང་རུང་ཡིན་པ་ལས་ལོག་པ་ཡིན་པས་མ་ཁྱབ་པ།
དཀའ་གནད།  བྱས་པ་དང་མ་བྱས་པ་གང་རུང་ཡིན་ན། བྱས་པ་ཡིན་པ་ལས་ལོག་པ་དང་། མ་བྱས་པ་ཡིན་པ་ལས་ལོག་པ་གང་རུང་ཡིན་པ།
གཙོ་གནད། རྩ་ཐང་དེ་བྱས་པ་ཡིན་པ་ལས་ལོག་པ་དང་།  མ་བྱས་པ་ཡིན་པ་ལས་ལོག་པ་གང་རུང་ཡིན་ཡང་། བྱས་པ་དང་མ་བྱས་པ་གང་རུང་ཡིན་པ་ལས་ལོག་པ་མིན་པའི་ཁྱད་པར།
 
གཉིས་པ།    རང་ལུགས་བཞག་པ།
1.མ་ཡིན་པ་ལས་ལོག་པ།  མ་ཡིན་པ་ལས་ལོག་པ་ཞེས་པའི་དོན་ནི། མ་ཡིན་པ་དེ་ལས་ལྡོག་པ་ཞེས་པའི་དོན་སྟེ་ཡང་སྙིང་མ་ཡིན་པ་དེ་མ་ཡིན་ཞེས་པའི་དོན་ཡིན། ཤེས་བྱ་གང་ཞིག་ཡིན་ཡང་དེ་ཡིན་མིན་གཉིས་སུ་འདུ་བ་ཡིན། ལག་པ་ལ་མཚོན་ན། ཤེས་བྱ་ཐམས་ཅད་ལག་པ་ཡིན་མིན་གཉིས་སུ་འདུ་བ་ཡིན། རྒྱུ་མཚན་ནི། ལག་པ་མ་ཡིན་པ་ལས་ལོག་པ་སྟེ་ལག་པ་ཡིན་ན་ལག་པ་གཅིག་པུ་ལས་གཞན་དུ་འདའ་བ་མེད་ལ།  ལག་པ་ཡིན་པ་ལས་ལོག་པ་སྟེ་ལག་པ་མ་ཡིན་པའི་ནང་དུ་ལག་པ་ལས་གཞན་པའི་ཤེས་བྱ་ཐམས་ཅད་འདུ་བ་པ་འདིས་ཤེས་བྱ་གཞན་ལའང་རིགས་བསྒྲེ་གྱིས་ཤེས་པར་བྱ། དེས་ན་ལག་པ་ཡིན་པ་ལས་ལོག་པ་དང་ལག་པ་མ་ཡིན་པ་གཉིས་དོན་གཅིག
    མ་ཡིན་པ་ལས་ལོག་པ་དང་།  མ་ཡིན་པ་ལས་ལྡོག་པ། མ་ཡིན་པ་མ་ཡིན་པ་རྣམས་དོན་གཅིག  དཔེར་ན། ཕོར་བ་མ་ཡིན་པ་ལས་ལོག་པ། ཕོར་བ་མ་ཡིན་པ་ལས་ལྡོག་པ། ཕོར་བ་མ་ཡིན་པ་མ་ཡིན་པ་རྣམས་དོན་གཅིག   ཕོར་བ་ཕོར་བ་མ་ཡིན་པ་ལས་ལོག་པ་ཡིན་ན། ཕོར་བ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་མ་ཡིན་པ་ལས་ལོག་པ་སོགས་ཅི་ཙམ་བརྩེགས་ཀྱང་ཕོར་བ་ཡིན་པ་འདིས།  རང་གི་ཡིན་པ་ཡོད་པའི་ཤེས་བྱ་ཐམས་ཅད་ལ་རིགས་བསྒྲེ་གྱིས་ཤེས་པར་བྱའོ། །
2.ཡིན་པ་ལས་ལོག་པ།
   ཡིན་པ་ལས་ལོག་པ་ཞེས་པའི་དོན་ནི། ཡིན་པ་དེ་ལས་ལྡོག་པ་ཞེས་པའི་དོན་སྟེ་ཡང་སྙིང་ཡིན་པ་དེ་མ་ཡིན་ཞེས་པའི་དོན་ཡིན། དཔེར་ན། དབྱངས་ཡིག་ལྟ་བུ་ལ་མཚོན་ན། གསལ་བྱེད་ཡིན་པ་ལས་ལོག་པ་ཡིན་ཏེ་གསལ་བྱེད་མ་ཡིན་པ་དང་།  གསལ་བྱེད་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་མ་ཡིན་ཏེ། གསལ་བྱེད་ཡིན་པ་ལས་ལོག་པ་ཡིན་པ་ལས་ལོག་པ་སོགས་གཉིས་བཞི་དྲུག་བརྒྱད་སོགས་ཆ་བྱུང་ན་གསལ་བྱེད་ཡིན་པ་དང་།  ཡ་བྱུང་ན་གསལ་བྱེད་མ་ཡིན། དེས་ན་གསལ་བྱེད་ཡིན་པ་ལས་ལོག་པ་དང་གསལ་བྱེད་མ་ཡིན་པ་གཉིས་དོན་གཅིག་ནོ། །
གསུམ་པ།  རྩོད་པ་སྤོང་བ།
རྩོད་སྤོང་དང་པོ།
ཀ དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་ཡིན་པར་ཐལ།  དངོས་པོ་ཡིན་པ་དངོས་པོ་ཡིན་པའི་ཕྱིར་ན་མ་ཁྱབ། 【དངོས་པོ་ཡིན་པ་དངོས་པོ་ཡིན་ན། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་ཡིན་པས་མ་ཁྱབ།】 དངོས་པོ་ཡིན་པ་དངོས་པོ་ཡིན་ཀྱང་།  དངོས་པོ་མ་ཡིན་པ་ལས་ལོག་པ་རྟག་པ་ཡིན་པའི་ཕྱིར།
ཁ རྟགས་ཟུར་གཉིས་པ་མ་གྲུབ་ན། 【དངོས་པོ་མ་ཡིན་པ་ལས་ལོག་པ་རྟག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཀ དངོས་པོ་ཆོས་ཅན།  ཁྱོད་མ་ཡིན་པ་ལས་ལོག་པ་རྟག་པ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ལས་ལོག་པ།  ཁྱོད་ཡིན་པ་རྣམ་པར་བཅད་ཙམ་གྱི་མེད་དགག་ཡིན་པའི་ཕྱིར།
ཁ མ་གྲུབ་ན། 【དངོས་པོ་མ་ཡིན་པ་ལས་ལོག་པ།  དངོས་པོ་ཡིན་པ་རྣམ་པར་བཅད་ཙམ་གྱི་མེད་དགག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཀ དངོས་པོ་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ།  ཁྱོད་ཡིན་པ་རྣམ་པར་བཅད་ཙམ་གྱི་མེད་དགག་ཡིན་པར་ཐལ།  ཁྱོད་མ་ཡིན་པ་ལས་ལོག་པ་ཁྱོད་ཀྱི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོ་མ་ཡིན་པ།
དཀའ་གནད།  མེད་དགག་གི་གཞན་སེལ།
གཙོ་གནད། དངོས་པོ་མ་ཡིན་པ་ལས་ལོག་པ་དངོས་པོའི་མེད་དགག་གི་གཞན་སེལ་ཡིན་པ།
 
རྩོད་སྤོང་གཉིས་པ།
ཀ  ཤེས་བྱ་ཆོས་ཅན།  ཕྱ་ལེ་བ་མ་ཡིན་པ་ལས་ལོག་པ་ཡིན་པར་ཐལ། ཕྱ་ལེ་བ་མ་ཡིན་པ་མ་ཡིན་པའི་ཕྱིར། མ་ཁྱབ། 【ཕྱ་ལེ་བ་མ་ཡིན་པ་མ་ཡིན་ན། ཕྱ་ལེ་བ་མ་ཡིན་པ་ལས་ལོག་པ་ཡིན་པས་མ་ཁྱབ།】
ཁ མ་གྲུབ་ན། 【ཤེས་བྱ་ཕྱ་ལེ་བ་མ་ཡིན་པ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཀ ཤེས་བྱ་ཆོས་ཅན། ཁྱོད་ཕྱ་ལེ་བ་མ་ཡིན་པ་མ་ཡིན་པར་ཐལ། ཁྱོད་ཕྱ་ལེ་བ་མ་ཡིན་པ་ཡིན་མིན་གང་རུང་གང་ཞིག  ཁྱོད་ཕྱ་ལེ་བ་མ་ཡིན་པ་ཡིན་པ་མ་ཡིན་པའི་ཕྱིར།
ཁ རྟགས་དང་པོ་མ་གྲུབ་ན།  【ཤེས་བྱ་ཕྱ་ལེ་བ་མ་ཡིན་པ་ཡིན་མིན་གང་རུང་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཀ ཤེས་བྱ་ཆོས་ཅན།  ཁྱོད་ཕྱ་ལེ་བ་མ་ཡིན་པ་ཡིན་མིན་གང་རུང་ཡིན་པར་ཐལ། བདག་མེད་ཡིན་པའི་ཕྱིར།
ཁ  རྟགས་གཉིས་པ་མ་གྲུབ་ན།  【ཤེས་བྱ་ཕྱ་ལེ་བ་མ་ཡིན་པ་ཡིན་པ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཀ ཤེས་བྱ་ཆོས་ཅན། ཁྱོད་ཕྱ་ལེ་བ་མ་ཡིན་པ་ཡིན་པ་མ་ཡིན་པར་ཐལ། ཁྱོད་རྟག་པ་ཡིན་པའི་ཕྱིར། ཁྱབ་སྟེ། 【ཁྱོད་རྟག་པ་ཡིན་ན། ཁྱོད་ཕྱ་ལེ་བ་མ་ཡིན་པ་ཡིན་པ་མ་ཡིན་པས་ཁྱབ་སྟེ།】
ཕྱ་ལེ་བ་མ་ཡིན་པ་ཡིན་ན། དབྱིབས་ཡིན་དགོས་པའི་ཕྱིར།
བྱས་པ་ལ་ཁོ་ན་རེ། ཕྱ་ལེ་བ་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་དང་། ཁྱོད་ཡིན་པ་མ་ཡིན་པ་གཉིས་ཡིན་ཁྱབ་མཉམ་ཡིན་པར་ཐལ། ཁྱོད་བདག་མེད་ཡིན་པའི་ཕྱིར་ཟེར་ན། འདོད་ལན་ཐེབས་པ་ཡིན་ཏེ། ཕྱ་ལེ་བ་དེ་མ་ཡིན་པ་ལས་ལོག་པ་དང་། ཕྱ་ལེ་བ་དེ་མ་ཡིན་པ་མ་ཡིན་པ་གཉིས་དོན་གཅིག་ཡིན་པར་འདོད་ཆོག་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  ཤེས་བྱ་ཕྱ་ལེ་བ་མ་ཡིན་པ་མ་ཡིན་པ།
དཀའ་གནད།  ཤེས་བྱ་ཕྱ་ལེ་བ་མ་ཡིན་པ་ལས་ལོག་པ་མ་ཡིན་པ།
གཙོ་གནད། ཤེས་བྱ་ཕྱ་ལེ་བ་མ་ཡིན་པ་ཡིན་པ་མ་ཡིན་པ།
 
མཇུག་བསྡུ་བ།
བདག་གིས་མི་ལོ་ཉི་ཤུ་ལྷག་གི་རིང་ཚད་མ་རིག་པའི་སྐོར་གྱི་སློབ་ཁྲིད་བྱས་པའི་ཉམས་མྱོང་ཀུན་ཕྱོགས་སྡོམ་བགྱིས་ཏེ། གཙོ་བོ་དེང་རབས་ཀྱི་སློབ་གྲྭའི་སློབ་མར་ཁ་ཕྱོགས་ཤིང་། ལོ་ངོ་གཉིས་ལྷག་གི་རིང་གང་ནུས་ཅི་ལྕོགས་ཀྱིས་འབྲི་ཁུལ་བྱས་པའི་བསྡུས་གྲའི་བསླབ་གཞི་གསར་བཤད་ཅེས་པ་འདི། དེ་རིང་སྔ་དྲོ་ཡོངས་སུ་མཇུག་རྫོགས་པར་བྱས་པའི་དགེ་ཚོགས་ཇི་རྙེད་ཅིག་མཆིས་པ་ཡིས།  རིས་སུ་མ་ཆད་པའི་འགྲོ་བ་ཀུན་གྱི་བློ་གྲོས་ཀྱི་མིག་འབྱེད་པའི་རྒྱུར་གྱུརད་ཅིག་གུ། །
                 2012.6.13ཉིན་སྔ་དྲོ་ཆུ་ཚོད་བཅུའི་སྟེང་།

དཔྱད་གཞིའི་ཡིག་ཆ།
 
1.  ཡོངས་འཛིན་ཕུར་ལྕོག་པ་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་མཛད་པའི«རིགས་ལམ་འཕྲུལ་ལྡེ»
1981 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
2.མཁས་གྲུབ་དགེ་ལེགས་དཔལ་བཟང་གིས་མཛད་པའི་«ཚད་མ་སྡེ་བདུན་ཡིད་ཀྱི་མུན་སེལ»
1984 ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
3.  བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི«བསེ་བསྡུས་གྲ»
1985 ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
4.སློབ་དཔོན་ཕྱོགས་གླང་སོགས་ཀྱིས་མཛད་པའི་«ཚད་མ་རིག་པའི་སྐོར་རྒྱ་གཞུང་རྩ་འགྲེལ་བདམ་བསྒྲིགས»
(སྟོད་ཆ། བར་ཆ། སྨད་ཆ།)
1988 ལོར་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
5.ཀློ་བོ་མཁན་ཆེན་བསོད་ནམས་ལྷུན་གྲུབ་གྱིས་མཛད་པའི་«ཚད་མ་རིགས་གཏེར་གྱི་འགྲེལ་བ»
   1988 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།
6.མཆིམས་འཇམ་པའི་དབྱངས་ཀྱིས་མཛད་པའི་«མཛོད་འགྲེལ་མངོན་པའི་རྒྱན»
   1989 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།
7.བཙུན་པ་སྟོན་གཞོན་གྱིས་མཛད་པའི«རྣམ་འགྲེལ་གྱི་རྣམ་བཤད་གངས་ཅན་གྱི་རྒྱན»
1993ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།
8.ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་«བསྡུས་གྲའི་སྤྱི་དོན་རིན་ཆེན་སྒྲོན་མེ»
1993ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།
9.རྔོག་བློ་ལྡན་ཤེས་རབ་གྱིས་མཛད་པའི«ཚད་མ་རྣམ་ངེས་ཀྱི་དཀའ་གནས་རྣམ་བཤད»
1994 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།
10 . ཀུན་མཁྱེན་འཇམ་དབྱངས་བཞད་པ་སོགས་ཀྱིས་མཛད་པའི«བསྡུས་གྲ་ཕྱོགས་བསྒྲིགས་བཞུགས་སོ»
2000 ལོར་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
11.འུ་ཡུག་པ་རིགས་པའི་སེང་གེས་མཛད་པའི་«ཚད་མ་རིགས་མཛོད»
        (མེས་པོའི་ཞལ་ལུང་དེབ་ཞེ་གཉིས་པ།)
 2007 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།
12.པཎ་ཆེན་བསོད་ནམས་གྲགས་པས་མཛད་པའི«རྒྱས་པའི་བསྟན་བཅོས་ཚད་མ་རྣམ་འགྲེལ་གྱི་དཀའ་འགྲེལ་དགོངས་པ་རབ་གསལ»
 2007 ལོར་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་དཔར།
13.འཇམ་དཔལ་དགེ་འདུན་རྒྱ་མཚོས་མཛད་པའི«རྭ་སྟོད་བསྡུས་གྲ་དང་དེའི་དོགས་གཅོད»གངས་ཅན་ཁྱད་ནོར་དཔེ་ཚོགས་དེབ་༡༣༠པ། 
 2009  ལོར་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་དཔར།
14.འབའ་མདའ་ཐུབ་བསྟན་དགེ་ལེགས་རྒྱ་མཚོས་མཛད་པའི་«བསྡུས་གྲའི་ཟུར་བཤད»
    < (སྟོད་ཆ།  སྨད་ཆ།) ཇོ་ནང་མདོ་སྔགས་རིག་པའི་དཔེ་ཚོགས་དེབ་༣ པ་དང་ ༤པ། >
       2009  ལོར་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར།
15.རྒྱལ་བ་དགེ་འདུན་གྲུབ་གྱིས་མཛད་པའི«ཚད་མ་རིགས་རྒྱན»
(གངས་ཅན་ཁྱད་ནོར་དཔེ་ཚོགས། དེབ144པ།)
 2010 ལོར་སེར་གཙུག་ནང་བསྟན་དཔེ་རྙིང་འཚོལ་བསྡུ་ཕྱོགས་སྒྲིག་ཁང་གིས་དཔར།

རྩོམ་སྒྲིག་པ།རྡོ་ཆེན།