བསྡུས་གྲྭའི་རྣམ་བཤད་བློ་གསལ་བྱེ་བའི་འཇུག་ངོགས། ། ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་ལས་གདམ་སྦྱོང་སྐོར། ས་བཅད་གཉིས་པ། ཡོད་རྟོགས་མེད་རྟོགས།
དུས་ཚོད།:2018-8-28  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན།   |   ཁུངས།:  |   ཀློག་ལྟ།:831  |   དཔྱད་པ།:0

ས་བཅད་གཉིས་པ།  ཡོད་རྟོགས་མེད་རྟོགས།
 
དང་པོ། གཞན་ལུགས་དགག་པ།
རྩོད་སྐོར་དང་པོ།
ཀ ཡོད་པར་རྟོགས་པའི་ཚད་མ་ཡོད་ན།  དངོས་པོར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན།
ཁ ནམ་མཁའ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།  ཁྱབ་པ་ཁས། 【ཡོད་པར་རྟོགས་པའི་ཚད་མ་ཡོད་ན།  དངོས་པོར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་པ་ཁྱོད་ཀྱིས་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【ནམ་མཁའ།  ཡོད་པར་རྟོགས་པའི་ཚད་མ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ  ནམ་མཁའ་ཆོས་ཅན།  ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ།  ཡོད་པ་ཡིན་པའི་ཕྱིར།
ཀ  མ་ཁྱབ་ན། 【ཡོད་པ་ཡིན་ན། ཡོད་པར་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ་ཟེར་ན།】
ཁ  ཁྱབ་པ་ཡོད་པར་ཐལ།  【ཡོད་པ་ཡིན་ན། ཡོད་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་དགོས་ཏེ།】 ཡོད་པ་དང་།  ཡོད་པར་རྟོགས་པའི་ཚད་མ་ཡོད་གཉིས་མཚན་མཚོན་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【ནམ་མཁའ།  དངོས་པོར་རྟོགས་པའི་ཚད་མ་ཡོད་པར་འདོད་ཟེར་ན།】
ཁ ནམ་མཁའ་ཆོས་ཅན།  དངོས་པོ་ཡིན་པར་ཐལ། དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། རྟགས་ཁས། 【ནམ་མཁའ། དངོས་པོར་རྟོགས་པའི་ཚད་མ་ཡོད་པ་ཁས་བླངས་ཟིན།】
ཀ འདོད་ན། 【ནམ་མཁའ།  དངོས་པོ་ཡིན་པར་འདོད་ཟེར་ན།】
ཁ ནམ་མཁའ་ཆོས་ཅན།  དངོས་པོ་མ་ཡིན་པར་ཐལ།  རྟག་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ནམ་མཁའ།  རྟག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ནམ་མཁའ་ཆོས་ཅན།  རྟག་པ་ཡིན་པར་ཐལ།  ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ནམ་མཁའ།  ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ནམ་མཁའ་ཆོས་ཅན།  ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཆོས་ཡིན་པ་གང་ཞིག   སྐད་ཅིག་མ་མ་ཡིན་པའི་ཕྱིར། རྟགས་དང་པོ་སླ།
ཀ རྟགས་གཉིས་པ་མ་གྲུབ་ན། 【ནམ་མཁའ།  སྐད་ཅིག་མ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ནམ་མཁའ་ཆོས་ཅན། སྐད་ཅིག་མ་མ་ཡིན་པར་ཐལ། རང་གི་ངོ་བོ་རྒྱུ་དང་རྐྱེན་ལ་མ་ལྟོས་པའི་ཆོས་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཡོད་པར་རྟོགས་པའི་ཚད་མ་ཡོད་ན། དངོས་པོར་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ་པ།
དཀའ་གནད། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་དང་།  དངོས་པོར་རྟོགས་པའི་ཚད་མ་ཡོད་པ་གཉིས་ཀྱི་ཁྱད་པར།
གཙོ་གནད། ནམ་མཁའ་ལ་དངོས་པོར་རྟོགས་པའི་ཚད་མ་མེད་པ།
 
རྩོད་སྐོར་གཉིས་པ།
ཀ ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་ན། དངོས་པོར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན།
ཁ རྟག་པ་ཆོས་ཅན། དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཁྱབ་པ་ཁས། 【ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་ན།  དངོས་པོར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【རྟག་པ།  ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན། ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཡོད་པར་རྟོགས་པའི་ཚད་མ་ཡོད་པ་གང་ཞིག ཡོད་པར་རྟོགས་པའི་ཚད་མ་རྟག་པ་མ་ཡིན་པའི་ཕྱིར། རྟགས་དང་པོ་སླ།
ཀ རྟགས་གཉིས་པ་མ་གྲུབ་ན། 【ཡོད་པར་རྟོགས་པའི་ཚད་མ་རྟག་པ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པར་རྟོགས་པའི་ཚད་མ་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཡོད་པར་རྟོགས་པའི་ཚད་མ།  དངོས་པོ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པར་རྟོགས་པའི་ཚད་མ་ཆོས་ཅན།  དངོས་པོ་ཡིན་པར་ཐལ། ཤེས་པ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【རྟག་པ། དངོས་པོར་རྟོགས་པའི་ཚད་མ་ཡོད་པར་འདོད་ཟེར་ན།】
ཁ རྟག་པ་ཆོས་ཅན། ཁྱོད་དངོས་པོར་རྟོགས་པའི་ཚད་མ་མེད་པར་ཐལ། ཁྱོད་དངོས་པོར་རྟོགས་པའི་བློ་ཡང་དག་པ་མེད་པའི་ཕྱིར།
ཀ མ་གྲུབ་ན། 【རྟག་པ། དངོས་པོར་རྟོགས་པའི་བློ་ཡང་དག་པ་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན། ཁྱོད་དངོས་པོར་རྟོགས་པའི་བློ་ཡང་དག་པ་མེད་པར་ཐལ། ཁྱོད་དངོས་པོ་མ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་ན། དངོས་པོར་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ་པ།
དཀའ་གནད། རྟག་པ་ཡིན་ན། ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་དང་།  དངོས་པོར་རྟོགས་པའི་ཚད་མ་མེད་པའི་ཁྱད་པར།
གཙོ་གནད། རྟག་པ་ལ། ཡོད་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་རྒྱུ་མཚན།
 
རྩོད་སྐོར་གསུམ་པ།
ཀ མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན།  མེད་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ཟེར་ན།
ཁ རང་གི་ལག་པ་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།  ཁྱབ་པ་ཁས། 【མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན།  མེད་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【རང་གི་ལག་པ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ རང་གི་ལག་པ་ཆོས་ཅན། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ།  ཁྱོད་མེད་པར་རྟོགས་པའི་ཚད་མ་མེད་པ་ཡིན་པ་གང་ཞིག  མེད་པ་ཡིན་ན་མེད་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན། 【རང་གི་ལག་པ། མེད་པར་རྟོགས་པའི་ཚད་མ་མེད་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རང་གི་ལག་པ་ཆོས་ཅན། ཁྱོད་མེད་པར་རྟོགས་པའི་ཚད་མ་མེད་པ་ཡིན་པར་ཐལ། ཁྱོད་ཡོད་པ་ཡིན་པའི་ཕྱིར།
ཀ  གོང་གི་རྟགས་གཉིས་པ་མ་གྲུབ་ན། 【མེད་པ་ཡིན་ན། མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ མེད་པ་ཆོས་ཅན།  ཁྱོད་ཡིན་ན་མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པས་ཁྱབ་པར་ཐལ།  མེད་པར་རྟོགས་པའི་ཚད་མ་ཡོད་པ་དང་།  མེད་པ་གཉིས་དོན་གཅིག་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【རང་གི་ལག་པ།  མེད་པར་རྟོགས་པའི་ཚད་མ་ཡོད་པར་འདོད་ཟེར་ན།】
ཁ  རང་གི་ལག་པ་ཆོས་ཅན།   ཁྱོད་མེད་པར་རྟོགས་པའི་ཚད་མ་མེད་པ་ཡིན་པར་ཐལ།  ཡོད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།
ཀ མ་གྲུབ་ན། 【རང་གི་ལག་པ།  ཡོད་པར་རྟོགས་པའི་ཚད་མ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ རང་གི་ལག་པ་ཆོས་ཅན།  ཁྱོད་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ།  ཡོད་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན།  མེད་པར་རྟོགས་པའི་ཚད་མ་ཡོད་པས་མ་ཁྱབ་པ།
དཀའ་གནད། མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན།  མེད་པ་ཡིན་པས་ཁྱབ་པ།
གཙོ་གནད། རང་གི་ལག་པར།  མེད་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ།
 
རྩོད་སྐོར་བཞི་པ།
ཀ རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན།  རྟག་པར་རྟོགས་པའི་ཚད་མ་དང་།  མེད་པར་རྟོགས་པའི་ཚད་མ་གང་རུང་ཡོད་པས་ཁྱབ་ཟེར་ན།
ཁ  རྨ་ཆུ་ཆོས་ཅན།  རྟག་པར་རྟོགས་པའི་ཚད་མ་དང་།  མེད་པར་རྟོགས་པའི་ཚད་མ་གང་རུང་ཡོད་པར་ཐལ། རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར། ཁྱབ་པ་ཁས། 【རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན།  རྟག་པར་རྟོགས་པའི་ཚད་མ་དང་།  མེད་པར་རྟོགས་པའི་ཚད་མ་གང་རུང་ཡོད་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།【རྨ་ཆུ་ལ། རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྨ་ཆུ་ཆོས་ཅན།  ཁྱོད་རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པར་ཐལ། ཁྱོད་རྟག་པར་རྟོགས་པའི་ཚད་མ་མེད་པ་གང་ཞིག   མེད་པ་ཡིན་ན་མེད་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་པའི་ཕྱིར།  གཉིས་པ་སླ།
ཀ དང་པོ་མ་གྲུབ་ན།【རྨ་ཆུར་རྟག་པར་རྟོགས་པའི་ཚད་མ་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྨ་ཆུ་ཆོས་ཅན།  རྟོགས་པར་རྟོགས་པའི་ཚད་མ་མེད་པར་ཐལ།  རྟག་པ་མ་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན། 【རྨ་ཆུ་ལ།  རྟག་པར་རྟོགས་པའི་ཚད་མ་དང་།  མེད་པར་རྟོགས་པའི་ཚད་མ་གང་རུང་ཡོད་པར་འདོད་ཟེར་ན།】
ཁ རྨ་ཆུ་ཆོས་ཅན།  ཁྱོད་རྟག་པར་རྟོགས་པའི་ཚད་མ་དང་མེད་པར་རྟོགས་པའི་ཚད་མ་གང་རུང་མེད་པར་ཐལ། ཁྱོད་རྟག་པར་རྟོགས་པའི་ཚད་མ་མེད་པ་གང་ཞིག  མེད་པར་རྟོགས་པའི་ཚད་མ་མེད་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན། 【རྨ་ཆུ་ལ།  རྟག་པར་རྟོགས་པའི་ཚད་མ་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྨ་ཆུ་ཆོས་ཅན།  ཁྱོད་རྟག་པར་རྟོགས་པའི་ཚད་མ་མེད་པར་ཐལ།  རྟག་པ་མ་ཡིན་པའི་ཕྱིར།
ཀ རྟགས་གཉིས་པ་མ་གྲུབ་ན།【རྨ་ཆུ་ལ།  མེད་པར་རྟོགས་པའི་ཚད་མ་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྨ་ཆུ་ཆོས་ཅན།  ཁྱོད་མེད་པར་རྟོགས་པའི་ཚད་མ་མེད་པར་ཐལ།  ཁྱོད་ཡོད་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན།  རྟག་པར་རྟོགས་པའི་ཚད་མ་དང་།  མེད་པར་རྟོགས་པའི་ཚད་མ་གང་རུང་ཡོད་པས་མ་ཁྱབ་པ།
དཀའ་གནད། དངོས་པོ་ཡིན་ན་རྟག་པ་མ་ཡིན་པས། དེར་རྟག་པར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་པ།
གཙོ་གནད། རྨ་ཆུ་དངོས་པོ་ཡིན་པས། རྟག་པར་རྟོགས་པའི་ཚད་མ་དང་མེད་པར་རྟོགས་པའི་ཚད་མ་གཉིས་རེ་རེ་ནས་མེད་པ།
 
གཉིས་པ།  རང་ལུགས་བཞག་པ།
 
1.ཡོད་པར་རྟོགས་པའི་ཚད་མ་ཡོད་ཅེས་པའི་དོན་ནི། ཡོད་པ་ཡིན་པར་རྟོགས་པའི་བློ་ཡང་དག་པ་སྟེ་བློ་མ་འཁྲུལ་བ་ཡོད་ཅེས་པའི་དོན་ཡིན།    ཡོད་པ་དང་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་གཉིས་དོན་གཅིག 
སྤྱིར་ཡོད་པ་ཡིན་མིན་ནི། ཡོད་པར་རྟོགས་པའི་ཚད་མ་སྟེ་ཡོད་པར་རྟོགས་པའི་བློ་མ་འཁྲུལ་བ་ཡོད་མེད་ཀྱིས་འཇོག་པ་ཡིན། རྒྱུ་མཚན་ནི། ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད།  བཟང་ངན་ཡག་རྩོག་དང་།  མཐོ་དམན་རིང་ཐུང་སོགས་བྱ་དངོས་གང་ཞིག་སྣང་ཡང་།  དེ་ལྟར་ཡིན་མིན་དང་དོན་ལ་གནས་གནས་མིན་སོགས་ནི། བློ་མ་འཁྲུལ་པ་ལ་སྣང་ཞིང་སྣང་བ་ལྟར་ཡུལ་གྱི་ངོས་ནས་གྲུབ་མིན་ལ་རག་ལས་ཤིང་།  གལ་ཏེ་ཡུལ་གྱི་ངོས་ནས་ཀྱང་དེ་ལྟར་གྲུབ་ན།  ཡུལ་དེ་ཡོད་པར་འཇོག་ལ།  འཇོག་བྱེད་གཙོ་བོ་ཡང་བློ་མ་འཁྲུལ་བ་སྟེ་དེ་རྟོགས་པའི་ཚད་མ་ཡིན།  དཔེར་ན།  ལུག་གི་རྭ་ཅོ་དེ་ལུག་གི་མགོ་ན་ཡོད་པར་རྒྱུན་ལྡན་གྱི་མིག་ཤེས་ཀུན་ལ་དངོས་སུ་སྣང་ཞིང་།  སྣང་བ་ལྟར་དོན་ལའང་གནས་པས་ན།  ལུག་གི་རྭ་ཅོ་ནི་ལུག་གི་མགོ་ན་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ལྟ་བུ་ཡིན། དུང་དཀར་སེར་པོ་ལྟ་བུར་མཚོན་ན། དེ་དངོས་སུ་སྣང་བའི་མིག་ཤེས་ཡོད་ཀྱང་།  མིག་ཤེས་དེ་ལ་དངོས་སུ་སྣང་བ་ལྟར་ཡུལ་དུང་དཀར་ཀྱི་ངོས་ནས་དེ་ལྟར་དུ་མ་གྲུབ་པས་ན།  དུང་དཀར་སེར་པོར་སྣང་བའི་དབང་ཤེས་ཡོད་ཀྱང་།  དེ་འདྲའི་དབང་ཤེས་དེ་ལོག་ཤེས་ཡིན་པས་ཚད་མ་མ་ཡིན། དེས་ན་དུང་དཀར་སེར་པོ་གཞི་ནས་མེད་ཕྱིར་དུང་དཀར་སེར་པོར་རྟོགས་པའི་ཚད་མ་ནི་ནམ་ཡང་ཡོད་པ་མ་ཡིན་ནོ། །
2. བརྩེགས་མ།
ཡོད་པ་ཡིན་ན།  ཡོད་པར་རྟོགས་པའི་ཚད་མ་ཅི་ཙམ་ཡོད་ཀྱང་ཡོད་པ་ཡིན་པས་ཁྱབ།  རྒྱུ་མཚན་ནི།  སྤྱིར་ཡོད་པ་ཡིན་ན། དེ་ཡོད་པ་ཡིན་པར་རྟོགས་པའི་ཚད་མ་སྟེ་བློ་མ་འཁྲུལ་བ་ཡོད་ངེས་ཤིང་། དེ་འདྲའི་བློ་མ་འཁྲུལ་བ་དེ་ཡོད་པ་ཡིན་ན་དེར་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན།  དཔེར་ན། ནམ་མཁའི་སྐར་མ་ཡོད་པ་ཡིན་པས་དེར་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ལ།  ནམ་མཁའི་སྐར་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་སོགས་ཅི་ཙམ་བརྩེགས་ཀྱང་ཡོད་པ་ཡིན་པའི་རྒྱུ་མཚན་ནི། ནམ་མཁའི་སྐར་མ་ཡོད་པར་རྟོགས་པའི་ཚད་མ་དང་པོ་ནི། ནམ་མཁའི་སྐར་མ་ཡོད་པ་ཡིན་པ་ལ་རག་ལས་ཤིང་། གཉིས་པ་ནི་ནམ་མཁའི་སྐར་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་མིན་ལ་རག་ལས། གསུམ་པ་ནི་ནམ་མཁའི་སྐར་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་པར་རྟོགས་པའི་ཚད་མ་ཡོད་མིན་ལ་རག་ལས་པ་སོགས་རིགས་བསྒྲེ་གྱིས་ཤེས་པར་བྱ།
དེ་བཞིན་དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མ་ཅི་ཙམ་བརྩེགས་ཀྱང་ཡོད་པ་ཡིན་པས་ཁྱབ། རྒྱུ་མཚན་ནི། དངོས་པོར་རྟོགས་པའི་ཚད་མ་དང་པོ་ཡོད་མེད་ནི་དངོས་པོ་ཡིན་མིན་ལ་རག་ལས་ཤིང་། གཉིས་པ་ནི་དངོས་པོར་རྟོགས་པའི་ཚད་མ་དེ་ཡོད་མེད་ལ་རག་ལས་པ་སྟེ། སྤྱིར་དངོས་པོ་ཡིན་ན་དངོས་པོར་རྟོགས་པའི་ཚད་མ་ཡིན་པ་ཡིན་པས་ཁྱབ་ལ།  དངོས་པོར་རྟོགས་པའི་ཚད་མ་ཡོད་པ་ཡིན་ན།  དངོས་པོར་རྟོགས་པའི་ཚད་མ་དེ་ཤེས་པ་ཡིན་པས་དངོས་པོ་ཡིན་ལ།  དངོས་པོ་ཡིན་ན་དངོས་པོར་རྟོགས་ཚད་མ་ཡོད་པས་ཁྱབ་པ་ཡིན་ནོ། །
རྟག་པ་ཡིན་ན་རྟག་པར་རྟོིགས་པའི་ཚད་མ་གཅིག་མ་གཏོགས་མེད་དེ།   རྟག་པ་ཡིན་ན་རྟག་པ་ཡིན་པར་རྟོགས་པའི་བློ་མ་འཁྲུལ་བ་ཞིག་ཡོད་ངེས་པས་ན།  རྟག་པ་ཡིན་ན་རྟོགས་པར་རྟོགས་པའི་ཚད་མ་ཡོད་པས་ཁྱབ་ལ།  རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་རྟག་པར་རྟོགས་པའི་ཚད་མ་གཉིས་ཕན་ཆད་མེད་པའི་རྒྱུ་མཚན་ནི། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་ལ། རྟག་པར་རྟོགས་པའི་ཚད་མ་དེ་རྟག་པ་མ་ཡིན་པས་རྟག་པར་རྟོགས་པའི་ཚད་མ་གཉིས་ཕན་ཆད་མེད་པ་ཡིན།
རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་ཡིན། རྒྱུ་མཚན་ནི། རྟག་པ་ཡིན་ན་རྟག་པར་རྟོགས་པའི་ཚད་མ་ཡོད་ངེས་ལ།  རྟག་པར་རྟོགས་པའི་ཚད་མ་དེ་དངོས་པོ་ཡིན་པས་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་ཡིན། དེས་ན།  དངོས་པོར་རྟོགས་པའི་ཚད་མ་ཡོད་མེད་ནི། དངོས་པོ་ལ་བལྟ་དགོས་པ་དང་།  དངོས་པོར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་མེད་ནི། དངོས་པོར་རྟོགས་པའི་ཚད་མ་ལ་བལྟ་དགོས་པ་སོགས་ཕྱི་མ་ཕྱི་མ་ཡོད་མེད་དེ་སྔ་མ་སྔ་མ་ལ་བལྟ་དགོས་པ་རིགས་བསྒྲེས་གྱིས་ཤེས་པར་བྱའོ། །
གསུམ་པ།  རྩོད་པ་སྤོང་བ།
རྩོད་སྤོང་དང་པོ།
ཀ ཡོད་པར་རྟོགས་པའི་ཚད་མ་མེད་པ་དང་། མེད་པ་གཉིས་ཡིན་ཁྱབ་མཉམ་མ་ཡིན་པར་ཐལ། དེ་གཉིས་ཡོད་ཁྱབ་མཉམ་མ་ཡིན་པའི་ཕྱིར་ན་མ་ཁྱབ། 【ཡོད་པར་རྟོགས་པའི་ཚད་མ་མེད་པ་དང་། མེད་པ་གཉིས་ཡོད་ཁྱབ་མཉམ་མ་ཡིན་ན། དེ་གཉིས་ཡིན་ཁྱབ་མཉམ་མ་ཡིན་པས་མ་ཁྱབ།】
ཁ མ་གྲུབ་ན། 【ཡོད་པར་རྟོགས་པའི་ཚད་མ་མེད་པ་དང་། མེད་པ་གཉིས་ཡོད་ཁྱབ་མཉམ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཀ འོ་ན།  ཡོད་པར་རྟོགས་པའི་ཚད་མ་མེད་པ་ཡོད་ན།  མེད་པ་ཡོད་པས་ཁྱབ་པར་ཐལ། འདོད་པའི་ཕྱིར།
ཁ འདོད་ན། 【ཡོད་པར་རྟོགས་པའི་ཚད་མ་མེད་པ་ཡོད་ན།  མེད་པ་ཡོད་པས་ཁྱབ་པར་འདོད་ཟེར་ན།】
ཀ  ཐབ་ཀ་ཆོས་ཅན།  མེད་པ་ཡོད་པར་ཐལ།  ཡོད་པར་རྟོགས་པའི་ཚད་མ་མེད་པ་ཡོད་པའི་ཕྱིར། ཁྱབ་པ་ཁས། 【ཡོད་པར་རྟོགས་པའི་ཚད་མ་མེད་པ་ཡོད་ན།  མེད་པ་ཡོད་པས་ཁྱབ་པ་ཁས་བླངས་ཟིན།】
ཁ མ་གྲུབ་ན། 【ཐབ་ཀ་ཡོད་པར་རྟོགས་པའི་ཚད་མ་མེད་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཀ ཐབ་ཀ་ཡོད་པར་རྟོགས་པའི་ཚད་མ་ཆོས་ཅན། ཁྱོད་མེད་པ་ཡོད་པར་ཐལ།  ཁྱོད་དངོས་པོ་ཡིན་པའི་ཕྱིར།
ཁ གོང་དུ་འདོད་ན། 【ཐབ་ཀ་མེད་པ་ཡོད་པར་འདོད་ཟེར་ན།】
ཀ ཐབ་ཀ་ཆོས་ཅན། མེད་པ་ཡོད་པ་ཡིན་པར་ཐལ།  མེད་པ་ཡོད་པའི་ཕྱིར། རྟགས་ཁས། 【ཐབ་ཀ་མེད་པ་ཡོད་པར་ཁས་བླངས་ཟིན།】
ཁ འདོད་ན། 【མེད་པ་ཡོད་པ་ཡིན་པར་འདོད་ཟེར་ན།】
ཀ མེད་པ་ཆོས་ཅན། རྟག་དངོས་གང་རུང་ཡིན་པར་ཐལ། ཡོད་པ་ཡིན་པའི་ཕྱིར། རྟགས་ཁས། 【མེད་པ་ཡོད་པ་ཡིན་པར་ཁས་བླངས་ཟིན།】
འདོད་མི་ནུས་ཏེ། 【མེད་པ་རྟག་དངོས་གང་རུང་ཡིན་པར་འདོད་མི་ནུས་ཏེ།】 གང་ཟག་གི་བདག་མེད་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཡོད་པར་རྟོགས་པའི་ཚད་མ་མེད་པ་དང་། མེད་པ་གཉིས་ཡོད་ཁྱབ་མཉམ་མ་ཡིན་ན། དེ་གཉིས་ཡིན་ཁྱབ་མཉམ་མ་ཡིན་པས་མ་ཁྱབ།
དཀའ་གནད། ཡོད་པར་རྟོགས་པའི་ཚད་མ་མེད་པ་ཡོད་ན། མེད་པ་ཡོད་པས་མ་ཁྱབ་པ།
གཙོ་གནད། ཐབ་ཀ་མེད་པར་རྟོགས་པའི་ཚད་མ་ཡོད་པ་ཡིན་པ།
 
རྩོད་སྤོང་གཉིས་པ།
ཀ ཁང་པ་ཆོས་ཅན། རྟག་པ་ཡིན་པར་ཐལ། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར།
ཁ མ་གྲུབ་ན། 【ཁང་པ།  རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པ་རྟག་མ་གྲུབ་ཟེར་ན།】
ཀ  ཁང་པ་ཆོས་ཅན།  རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་ཡོད་པར་ཐལ། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་ཕྱིར་ཟེར་ན།   འགལ་ཁྱབ་ལ་འབུད། 【རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་ན། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་མེད་པས་ཁྱབ།】
དབྱེ་ཞིབ།
བསྒྲུབ་བྱ། ཁང་པ་ལ།  རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པ།
དཀའ་གནད། ཁང་པ་ལ།  རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་མེད་པར་རྟོགས་པའི་ཚད་མ་ཡོད་པའི་རྒྱུ་མཚན།
གཙོ་གནད། ཁང་པ་ལ། རྟག་པར་རྟོགས་པའི་ཚད་མ་དངོས་པོར་རྟོགས་པའི་ཚད་མ་མེད་པ།

རྩོམ་སྒྲིག་པ།རྡོ་ཆེན།