བསྡུས་གྲྭའི་རྣམ་བཤད་བློ་གསལ་བྱེ་བའི་འཇུག་ངོགས། ། ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་ལས་གདམ་སྦྱོང་སྐོར། ས་བཅད་དང་པོ། གཞན་སེལ།
དུས་ཚོད།:2018-8-28  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན།   |   ཁུངས།:  |   ཀློག་ལྟ།:803  |   དཔྱད་པ།:0

 ལེའུ་བཞི་པ།  ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་ལས་གདམ་སྦྱོང་སྐོར།
 
ས་བཅད་དང་པོ། གཞན་སེལ།
དང་པོ།  གཞན་ལུགས་དགག་པ།
རྩོད་སྐོར་དང་པོ།
ཀ དངོས་པོ་ཡིན་ན།  དོན་རང་མཚན་གྱི་གཞན་སེལ་ཡིན་པས་ཁྱབ་ཟེར་ན།
ཁ ས་བོན་ཆོས་ཅན།  དོན་རང་མཚན་གྱི་གཞན་སེལ་ཡིན་པར་ཐལ།  དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། དངོས་པོ་ཡིན་ན།  དོན་རང་མཚན་གྱི་གཞན་སེལ་ཡིན་པས་ཁྱབ་པ་ཁས་བླངས།
ཀ འདོད་ན། ས་བོན་ཆོས་ཅན།  དོན་རང་མཚན་གྱི་གཞན་སེལ་ཡིན་པར་འདོད་ཟེར་ན།
ཁ ས་བོན་ཆོས་ཅན། གཞན་སེལ་ཡིན་པར་ཐལ། དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར། 
ཀ  འདོད་ན། ས་བོན།  གཞན་སེལ་ཡིན་པར་འདོད་ཟེར་ན།
ཁ ས་བོན་ཆོས་ཅན།  དགག་པ་ཡིན་པར་ཐལ།  གཞན་སེལ་ཡིན་པའི་ཕྱིར། རྟགས་ཁས། ས་བོན་གཞན་སེལ་ཡིན་པ་ཁས་བླངས་ཟིན།
ཀ མ་ཁྱབ་ན། གཞན་སེལ་ཡིན་ན།  དགག་པ་ཡིན་པས་མ་ཁྱབ་ཟེར་ན།
ཁ ཁྱབ་པ་ཡོད་པར་ཐལ། གཞན་སེལ་ཡིན་ན།  དགག་པ་ཡིན་པས་ཁྱབ་དགོས་ཏེ།】   གཞན་སེལ་དང་དགག་པ་གཉིས་དོན་གཅིག་ཡིན་པའི་ཕྱིར། རྩ་བར་འདོད་མི་ནུས་ཏེ། ས་བོན། དོན་རང་མཚན་གྱི་གཞན་སེལ་ཡིན་པར་འདོད་མི་ནུས་ཏེ། སྒྲུབ་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། དངོས་པོ་ཡིན་ན།  དོན་རང་མཚན་གྱི་གཞན་སེལ་ཡིན་པས་མ་ཁྱབ་པ།
དཀའ་གནད།  དོན་རང་མཚན་གྱི་གཞན་སེལ་ཡིན་ན།  སྒྲུབ་པ་ཡིན་པས་ཁྱབ་པ།
གཙོ་གནད།  ས་བོན་སྒྲུབ་པ་ཡིན་པས།  དོན་རང་མཚན་གྱི་གཞན་སེལ་མ་ཡིན་པ།
 
རྩོད་སྐོར་གཉིས་པ།
ཀ དངོས་པོ་ཡིན་ན། ཁྱོད་མ་ཡིན་པ་ལས་ལོག་པ་ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡིན་པས་ཁྱབ་ཟེར་ན།
ཁ རྐང་ལག་གཉིས་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། དངོས་པོ་ཡིན་ན། ཁྱོད་མ་ཡིན་པ་ལས་ལོག་པ་ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།
ཀ མ་གྲུབ་ན། རྐང་ལག་གཉིས་དངོས་པོ་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཁ རྐང་ལག་གཉིས་ཆོས་ཅན། དངོས་པོ་ཡིན་པར་ཐལ།  ཡིན་པ་མི་སྲིད་པའི་དངོས་པོ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། རྐང་ལག་གཉིས།  ཡིན་པ་མི་སྲིད་པའི་དངོས་པོ་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཁ རྐང་ལག་གཉིས་ཆོས་ཅན། ཡིན་པ་མི་སྲིད་པའི་དངོས་པོ་ཡིན་པར་ཐལ།  ཡིན་པ་མི་སྲིད་པ་ཡིན་པ་གང་ཞིག  དངོས་པོ་ཡིན་པའི་ཕྱིར།  རྟགས་རེ་རེ་ནས་སླ།
ཀ རྩ་བར་འདོད་ན། རྐང་ལག་གཉིས་མ་ཡིན་པ་ལས་ལོག་པ། རྐང་ལག་གཉིས་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡིན་པར་འདོད་ཟེར་ན།
ཁ རྐང་ལག་གཉིས་ཆོས་ཅན།  ཁྱོད་མ་ཡིན་པ་ལས་ལོག་པ་ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་མ་ཡིན་པར་ཐལ། ཁྱོད་མ་ཡིན་པ་ལས་ལོག་པ་མེད་པའི་ཕྱིར།
ཀ མ་གྲུབ་ན། རྐང་ལག་གཉིས་མ་ཡིན་པ་ལས་ལོག་མེད་པ་རྟགས་མ་གྲུབ་ཟེར་ན།
 ཁ རྐང་ལག་གཉིས་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པ་མེད་པར་ཐལ།  ཁྱོད་ཀྱི་ཡིན་པ་མེད་པའི་ཕྱིར་ཏེ།  ཁྱོད་ཡིན་པ་མི་སྲིད་པའི་དངོས་པོ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  དངོས་པོ་ཡིན་ན། ཁྱོད་མ་ཡིན་པ་ལས་ལོག་པ་ཁྱིད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡིན་པས་མ་ཁྱབ་པ།
དཀའ་གནད། ཁྱོད་མ་ཡིན་པ་ལས་ལོག་པ་ཡིན་ན། ཡིན་པ་སྲིད་པའི་ཤེས་བྱ་ཡིན་པས་ཁྱབ་པ།
གཙོ་གནད། རྐང་ལག་གཉིས་མ་ཡིན་པ་ལས་ལོག་པ། རྐང་ལག་གཉིས་ཀྱི་དོན་རང་མཚན་གྱི་གཞན་སེལ་མ་ཡིན་པ།
 
རྩོད་སྐོར་གསུམ་པ།
ཀ ཡིན་པ་མི་སྲིད་པའི་དངོས་པོ་ཡིན་ན།  ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་མེད་པས་ཁྱབ་ཟེར་ན།
ཁ སྣ་གཡས་གཡོན་གཉིས་ཆོས་ཅན།  ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་མེད་པར་ཐལ། ཡིན་པ་མི་སྲིད་པའི་དངོས་པོ་ཡིན་པའི་ཕྱིར། ཁྱབ་པ་ཁས། ཡིན་པ་མི་སྲིད་པའི་དངོས་པོ་ཡིན་ན།  ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་མེད་པས་ཁྱབ་པ་ཁས་བླངས་ཟིན།
ཀ མ་གྲུབ་ན། སྣ་གཡས་གཡོན་གཉིས། ཡིན་པ་མི་སྲིད་པའི་དངོས་པོ་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཁ སྣ་གཡས་གཡོན་གཉིས་ཆོས་ཅན།  ཡིན་པ་མི་སྲིད་པའི་དངོས་པོ་ཡིན་པར་ཐལ།  ཁྱོད་ཀྱི་ཡིན་པ་མེད་པའི་ཕྱིར། 
ཀ མ་གྲུབ་ན། སྣ་གཡས་གཡོན་གཉིས་ཀྱི་ཡིན་པ་མེད་པ་རྟགས་མ་གྲུབ་ཟེར་ན། 
ཁ སྣ་གཡས་གཡོན་གཉིས་ཆོས་ཅན། ཁྱོད་ཀྱི་ཡིན་པ་མེད་པར་ཐལ། སྣ་གཡས་པ་ཡིན་ན་གཡོན་པ་མ་ཡིན་པས་ཁྱབ་པ་གང་ཞིག  གཡོན་པ་ཡིན་ན་གཡས་པ་མ་ཡིན་པས་ཁྱབ་པའི་ཕྱིར། རྟགས་རེ་རེ་ནས་སླ།
ཀ རྩ་བར་འདོད་ན། སྣ་གཡས་གཡོན་གཉིས་ཀྱི་དོན་རང་མཚན་གྱི་གཞན་སེལ་མེད་པར་འདོད་ཟེར་ན།
ཁ སྣ་གཡས་གཡོན་གཉིས་ཆོས་ཅན། ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡོད་པར་ཐལ། རྟག་དངོས་གཉིས་ཀྱིས་སྟོང་བའི་སྣ་གཡས་གཡོན་གཉིས་དེ།  སྣ་གཡས་གཡོན་གཉིས་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཡིན་པ་མི་སྲིད་པའི་དངོས་པོ་ཡིན་ན།  ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་མེད་པས་མ་ཁྱབ་པ།
དཀའ་གནད། སྣ་གཡས་གཡོན་གཉིས་རྟག་དངོས་གཉིས་ཀྱིས་སྟོང་བ་ཡིན་པ།
གཙོ་གནད།  རྟག་དངོས་གཉིས་ཀྱིས་སྟོང་བའི་སྣ་གཡས་གཡོན་གཉིས་དེ། སྣ་གཡས་གཡོན་གཉིས་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡིན་པ།
 
རྩོད་སྐོར་བཞི་པ།
ཀ རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་དེ་རྟག་པའི་གཞན་སེལ་ཡིན་པར་ཐལ།  བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་དེ་བུམ་པའི་གཞན་སེལ་ཡིན་པའི་ཕྱིར་ན། མ་ཁྱབ། བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་དེ་བུམ་པའི་གཞན་སེལ་ཡིན་ན། རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་དེ་རྟག་པའི་གཞན་སེལ་ཡིན་པས་མ་ཁྱབ།
ཁ འདོད་ན། རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་དེ་རྟག་པའི་གཞན་སེལ་ཡིན་པར་འདོད་ཟེར་ན།
ཀ རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་ཆོས་ཅན། རྟག་པའི་གཞན་སེལ་མ་ཡིན་པར་ཐལ། རྟག་པའི་དོན་རང་མཚན་གྱི་གཞན་སེལ་མ་ཡིན་པ་གང་ཞིག  རྟག་པའི་མེད་དགག་གི་གཞན་སེལ་ཡང་མ་ཡིན།  རྟག་པའི་བློའི་གཞན་སེལ་ཡང་མ་ཡིན་པའི་ཕྱིར།
ཁ རྟགས་དང་པོ་མ་གྲུབ་ན། རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་དེ། རྟག་པའི་དོན་རང་མཚན་གྱི་གཞན་སེལ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཀ རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་ཆོས་ཅན། རྟག་པའི་དོན་རང་མཚན་གྱི་གཞན་སེལ་མ་ཡིན་པར་ཐལ།  དོན་རང་མཚན་མ་ཡིན་པའི་ཕྱིར།
ཁ མ་གྲུབ་ན། རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ།  དོན་རང་མཚན་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཀ རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་ཆོས་ཅན།  དོན་རང་མཚན་མ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར།
ཁ རྟགས་གཉིས་པ་མ་གྲུབ་ན།  རྟག་པའི་མེད་དགག་གི་གཞན་སེལ་ཡང་མ་ཡིན་པ་རྟགས་མ་གྲུབ་ཟེར་ན། 
ཀ རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་ཆོས་ཅན། མེད་དགག་གི་གཞན་སེལ་མ་ཡིན་པར་ཐལ།  མེད་དགག་མ་ཡིན་པའི་ཕྱིར།
ཁ མ་གྲུབ་ན། རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ། མེད་དགག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཀ རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་ཆོས་ཅན།  མེད་དགག་མ་ཡིན་པར་ཐལ། མ་ཡིན་དགག་ཡིན་པའི་ཕྱིར།
ཁ རྟགས་གསུམ་པ་མ་གྲུབ་ན། རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ། རྟག་པའི་བློའི་གཞན་སེལ་ཡང་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཀ རྟག་པ་མ་ཡིན་པ་ལས་ལོག་པའི་རྟག་པ་ཆོས་ཅན། རྟག་པའི་བློའི་གཞན་སེལ་མ་ཡིན་པར་ཐལ།  དོན་སྤྱི་མ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།    གཞན་སེལ་ཡིན་ན་གཞན་སེལ་གསུམ་པོ་གང་རུང་ཡིན་པས་མ་ཁྱབ་པ།
དཀའ་གནད། གཞན་སེལ་གསུམ་སོ་སོའི་གོ་དོན་ཁོང་དུ་ཆུད་དགོས་པ།
གཙོ་གནད། རྟག་པ་མ་ཡིན་པ་ལས་ལོག་པ་གཞན་སེལ་ཡིན་ཡང་། གཞན་སེལ་གསུམ་པོ་གང་ཡང་མ་ཡིན་པ།
 
གཉིས་པ། རང་ལུགས་བཞག་པ།
གཞན་སེལ།
1.མཚན་ཉིད།
རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་སེལ་ནས་རྟོགས་པར་བྱ་བའི་ཆོས་དེ། གཞན་སེལ་གྱི་མཚན་ཉིད། གཞན་སེལ་དང་དགག་པ་དོན་གཅིག  “གཞན་སེལ”ཞེས་པ་ནི། རང་གཞན་པ་སྟེ་རང་གི་དགག་བྱ་རིགས་མི་མཐུན་སེལ་བ་ལ་གོ་དགོས། དཔེར་ན།  གཡག་མ་ཡིན་པ་ལས་ལོག་པ་ཞེས་པ་ལྟ་བུ།  ཚིག་འདི་གཡག་ལས་གཞན་པའམ་རིགས་མི་མཐུན་པ་སྟེ་གཡག་གི་དགག་བྱ་གཡག་མ་ཡིན་པ་དངོས་སུ་སེལ་བ་སྟེ་དགག་ནས།  གཡག་ཡིན་པ་ཚིག་གི་ཤུགས་ནས་བསྒྲུབས་ཡོད་པ་ལྟ་བུ།
2.དབྱེ་བ།
   མ་ཡིན་དགག་གི་གཞན་སེལ་དང་།  མེད་དགག་གི་གཞན་སེལ་གཉིས་ཡོད།
2.1    མ་ཡིན་དགག་གི་གཞན་སེལ།  སེལ་བ་གང་ཞིག  རང་གི་གི་དགག་བཀག་ཙམ་མ་ཡིན་པ་དེ། མ་ཡིན་དགག་གི་གཞན་སེལ་གྱི་མཚན་ཉིད། དཔེར་ན། རྐུན་མ་རིག་ལོ་ཡིས་ཉིན་དཀར་རྐུ་མི་བྱེད་པ་ལྟ་བུ། ཚིག་འདིས་རྐུ་མ་རིག་ལོ་ཡི་གཞན་སྟེ་ཉིན་དཀར་རྐུ་བྱེད་པ་བཀག་ནས་མཚན་མོ་རྐུ་བྱེད་པ་ཤུགས་ལས་བསྟན་པ་ལྟ་བུའོ། །
<1> དོན་རང་མཚན་གྱི་གཞན་སེལ།  རང་མཚན་ཡང་ཡིན་སེལ་བ་ཡང་ཡིན་པའི་གཞི་མཐུན་པ་དེ།  དོན་རང་མཚན་གྱི་གཞན་སེལ་གྱི་མཚན་ཉིད།  དཔེར་ན། དུད་འགྲོ་མ་ཡིན་པ་ལས་ལོག་པ་ལྟ་བུ་ཡིན་ཏེ།  ཚིག་འདིས་དུད་འགྲོ་མ་ཡིན་པ་དུད་འགྲོའི་དོན་སྟེང་ནས་སེལ་བ་སྟེ་རྣམ་པར་བཀག་ནས་དུད་འགྲོ་ཡིན་པ་དངོས་སུ་བསྟན་པ་ཡིན་ནོ། །
<2>  བློའི་གཞན་སེལ། ཁྱོད་འཛིན་རྟོག་པ་ལ་ཁྱོད་ཤར་བའི་རྣམ་པ་ཁྱོད་མ་ཡིན་པ་ལས་ལོག་པར་སྣང་བ་དེ། བློའི་གཞན་སེལ་གྱི་མཚན་ཉིད། རྟོག་པའི་སྣང་ཡུལ་དང་། དོན་སྤྱི། སྒྲ་དོན་གྱི་སེལ་བ།  བློའི་གཞན་སེལ་རྣམས་དོན་གཅིག དཔེར་ན། དུད་འགྲོ་འཛིན་པའི་ཡིད་ཀྱི་ཀུན་རྟོག་ལ་དུད་འགྲོ་མ་ཡིན་པ་ལས་ལོག་པར་སྣང་བ་ལྟ་བུ་ཡིན་ཏེ། ཚིག་འདིས་དོན་དུད་འགྲོ་ལ་དམིགས་ནས་དེ་དུད་འགྲོ་མ་ཡིན་པ་ལས་ལོག་པ་སྟེ་དུད་འགྲོ་ཡིན་པར་བཟུང་བ་མ་ཡིན་པར།  བློ་སྟེ་ཡིད་ཀྱི་ཀུན་རྟོག་ལ་བརྟེན་ནས་དུད་འགྲོའི་དོན་སྤྱི་དེ་དུད་འགྲོ་ཡིན་པར་བཟུང་པ་ཡིན་པས་བློས་གཞན་སེལ་ཟེར།
2.2 མེད་དགག་གི་གཞན་སེལ།  རང་གི་དགག་བྱ་བཅད་ཙམ་གྱི་སེལ་བ་ཡིན་པ་དེ། མེད་དགག་གི་གཞན་སེལ་གྱི་མཚན་ཉིད། མེད་དགག་དང་མེད་དགག་གི་གཞན་སེལ་དོན་གཅིག  གཞི་གྲུབ་ན་ཁྱོད་ལ་མེད་དགག་གི་གཞན་སེལ་རེ་ཡོད་པས་ཁྱབ། དཔེར་ན། རྟ་ལ་རྟ་མ་ཡིན་པ་མེད་ལྟ་བུ།  ཚིག་འདིས་རྟའི་དགག་བྱ་སྟེ་རྟ་མ་ཡིན་པ་སེལ་བ་སྟེ་དགག་པ་ཙམ་ལས། རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་ཅི་ཡང་མི་འཕེན་པ་ཡིན་ནོ། །
3.སྡོམ་ཆུང་།
དངོས་པོ་གང་ཞིག ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་ཡིན་ན། དངོས་པོ་དེ་འཛིན་པའི་རྟོག་པའི་དངོས་ཡུལ་དང་ཞེན་ཡུལ་གཉིས་ཀ་ཡིན་ལ་སྣང་ཡུལ་མིན་པས་ཁྱབ།  དེ་བས་ཡིན་པ་སྲིད་པའི་དངོས་པོ་ཡིན་ན། ཁྱོད་ཀྱི་གཞན་སེལ་དང་ཁྱོད་ཀྱི་དོན་རང་མཚན་གྱི་གཞན་སེལ་གཉིས་དོན་གཅིག དངོས་པོ་གང་ཞིག  ཁྱོད་ཀྱི་བློའི་གཞན་སེལ་དེ་ཁྱོད་འཛིན་རྟོག་པའི་དངོས་གཞལ་ཡིན་ལ་ཤུགས་གཞལ་མིན་པས་ཁྱབ།  དངོས་པོ་གང་ཞིག  ཁྱོད་ཀྱི་མེད་དགག་གི་གཞན་སེལ་ཡིན་ན། ཁྱོད་འཛིན་རྟོག་པའི་ཤུགས་ཡུལ་ཡིན་པས་ཁྱབ་བོ། །
4.མཆན་འགྲེལ།
དོན་རང་མཚན་གྱི་གཞན་སེལ་ལ། དངོས་པོ་དེ་མ་ཡིན་པ་ལས་ལོག་པ་དང་།  དངོས་པོ་དེ་མ་ཡིན་པ་ལས་ལོག་པའི་ཚོགས་དོན་འཇོག་ཚུལ་རིགས་གཉིས་བྱུང་ཡོད།  དཔེར་ན།  བུམ་པ་མ་ཡིན་པ་ལས་ལོག་པ་དང་པོ། བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་གཉིས་པའི་མཚན་གཞི་ཡིན། དང་པོ་ནི་རྗེ་ཙོང་ཁ་པ་དང་། རྒྱལ་ཚབ་དར་མ་རིན་ཆེན་གཉིས་ཀྱི་བཞེད་པ་ཡིན་ཏེ།  རྗེའི་ཙོང་ཁ་པའི་«ཚད་མའི་ལམ་བསྒྲིགས།»ལས། བུམ་པ་མ་ཡིན་པ་ལས་ལོག་པ་དོན་གྱི་སེལ་བ་ཡིན་ནོ། །ཞེས་དང་། རྒྱལ་ཚབ་དར་མ་རིན་ཆེན་གྱི་«ཚད་མའི་བརྗེད་བྱང་།»ལས།  དང་པོ་ལ། དོན་ཆོས་དང་བློ་ཆོས་གཉིས་ལས།  དང་པོ་ནི། བུམ་པ་མ་ཡིན་པ་ལས་ལོག་པ་དང་།ཞེས་གསུངས།  གཉིས་པ་ནི། མཁས་གྲུབ་དགེ་ལེགས་དཔལ་བཟང་གི་བཞེད་པ་ཡིན་ཏེ།  མཁས་གྲུབ་དགེ་ལེགས་དཔལ་བཟང་གི་«ཊིཀ་ཆེན་རིགས་པའི་རྒྱ་མཚོ།»ལས། དོན་གྱི་སེལ་བ་ནི།  དོན་རང་མཚན་ཡང་ཡིན་ལ་སེལ་བ་ཡང་ཡིན་པ་དག་ལ་བརྗོད་དེ། དཔེར་ན།  བུམ་པ་མ་ཡིན་པ་ལས་ལོག་པ་ཡང་ཡིན་བུམ་པ་ཡང་ཡིན་པའི་ཚོགས་པ་ལྟ་བུའོ། །ཞེས་གསུངས། ཡོངས་གྲགས་སུ་རྗེ་ཙོང་ཁ་པ་དང་། རྒྱལ་ཚབ་དར་མ་རིན་ཆེན་གཉིས་གྱི་དགོངས་པ་ཁས་ལེན་ནོ། །
 
གསུམ་པ། རྩོད་པ་སྤོང་བ།
རྩོད་སྤོང་དང་པོ།
ཀ  བློ་མ་ཡིན་པ་ལས་ལོག་པའི་བློ་དེ། བློའི་དོན་རང་མཚན་གྱི་གཞན་སེལ་ཡིན་པར་ཐལ།  བུམ་པ་མ་ཡིན་པ་ལས་ལོག་པའི་བུམ་པ་དེ། བུམ་པའི་དོན་རང་མཚན་གྱི་གཞན་སེལ་ཡིན་པ་གང་ཞིག  འདྲ་བའི་ཕྱིར།
ཁ  འདོད་ན། བློ་མ་ཡིན་པ་ལས་ལོག་པའི་བློ་དེ། བློའི་དོན་རང་མཚན་གྱི་གཞན་སེལ་ཡིན་པར་འདོད་པ་ཡིན། 
ཀ བློ་མ་ཡིན་པ་ལས་ལོག་པའི་བློ་ཆོས་ཅན། བློའི་གཞན་སེལ་ཡིན་པར་ཐལ།  བློའི་དོན་རང་མཚན་གྱི་གཞན་སེལ་ཡིན་པའི་ཕྱིར་ཟེར་ན། 
ཁ མ་ཁྱབ། བློའི་དོན་རང་མཚན་གྱི་གཞན་སེལ་ཡིན་ན། བློའི་གཞན་སེལ་ཡིན་པས་མ་ཁྱབ།
འོ་ན། ཁོ་ན་རེ། བློ་ཆོས་ཅན། ཁྱོད་མ་ཡིན་པ་ལས་ལོག་པའི་ཁྱོད།  ཁྱོད་ཀྱི་གཞན་སེལ་ཡིན་པར་ཐལ།  ཁྱོད་ཡིན་པ་སྲིད་པའི་དངོས་པོ་ཡིན་པའི་ཕྱིར་ཟེར་ན། འདོད་ལན་ཐེབས་པ་ཡིན་པ་ཡིན་ཏེ། རྩི་བའི་ཚེ་ན། བློ་མ་ཡིན་པ་ལས་ལོག་པའི་བློ་དེ།  བློ་དེའི་གཞན་སེལ་ཡིན་པར་འདོད་ཐེས་རྩི་རིགས་པའི་ཕྱིར།
བྱས་པ་ལ་ཁོ་ན་རེ།  བློ་མ་ཡིན་པ་ལས་ལོག་པའི་བློ་བློའི་གཞན་སེལ་ཡིན་པར་ཐལ། བློ་མ་ཡིན་པ་ལས་ལོག་པའི་བློ་དེ།  བློ་དེའི་གཞན་སེལ་ཡིན་པའི་ཕྱིར་ཟེར་ན།  མ་ཁྱབ། བློ་མ་ཡིན་པ་ལས་ལོག་པའི་བློ་དེ།  བློ་དེའི་གཞན་སེལ་ཡིན་ན། བློ་མ་ཡིན་པ་ལས་ལོག་པའི་བློ་བློའི་གཞན་སེལ་ཡིན་པས་མ་ཁྱབ།  འདོད་མི་ནུས་ཏེ། བློ་མ་ཡིན་པ་ལས་ལོག་པའི་བློ་བློའི་གཞན་སེལ་ཡིན་པར་འདོད་མི་ནུས་ཏེ།
བློའི་གཞན་སེལ་ཡིན་ན་རྟག་པ་ཡིན་པས་ཁྱབ་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། བློ་མ་ཡིན་པ་ལས་ལོག་པའི་བློ་དེ།  བློའི་དོན་རང་མཚན་གྱི་གཞན་སེལ་ཡིན་པ།
དཀའ་གནད། བློ་དེའི་དོན་རང་མཚན་གྱི་གཞན་སེལ་དང་། བློ་དེའི་བློའི་གཞན་སེལ་གཉིས་ཀྱི་ཁྱད་པར།
གཙོ་གནད། བློ་མ་ཡིན་པ་ལས་ལོག་པའི་བློ་བློའི་གཞན་སེལ་མ་ཡིན་པ།
 
རྩོད་སྤོང་གཉིས་པ།
ཀ མཚོན་བྱ་ལ་མཚོན་བྱ་མ་ཡིན་པ་མེད་པར་ཐལ།  མཚོན་བྱ་ལ་མཚོན་བྱ་མ་ཡིན་པ་མེད་པ། མཚོན་བྱའི་མེད་དགག་གི་གཞན་སེལ་ཡིན་པའི་ཕྱིར།
ཁ འདོད་ན། མཚོན་བྱ་ལ་མཚོན་བྱ་མ་ཡིན་པ་མེད་པར་འདོད་ཟེར་ན།
ཀ མཚོན་བྱ་ལ་མཚོན་བྱ་མ་ཡིན་པ་ཡོད་པར་ཐལ།  མཚོན་བྱ་ལ་མཚན་ཉིད་ཡོད་པའི་ཕྱིར།
ཁ མ་གྲུབ་ན། མཚོན་བྱ་ལ་མཚན་ཉིད་ཡོད་པ་རྟགས་མ་གྲུབ་ཟེར་ན།
ཀ མཚོན་བྱ་ལ་མཚན་ཉིད་ཡོད་པར་ཐལ།  མཚོན་བྱའི་མཚན་ཉིད་ཡོད་པའི་ཕྱིར་ཟེར་ན་མ་ཁྱབ། མཚོན་བྱ་ལ་མཚན་ཉིད་ཡོད་ན། མཚོན་བྱའི་མཚན་ཉིད་ཡོད་པས་མ་ཁྱབ།
དབྱེ་ཞིབ།
བསྒྲུབ་བྱ། མཚོན་བྱ་ལ་མཚོན་བྱ་མ་ཡིན་པ་མེད་པ།
དཀའ་གནད། མཚོན་བྱ་ལ་མཚོན་བྱ་མ་ཡིན་པ་མེད་ཀྱང་། མཚོན་བྱའི་མཚན་ཉིད་ཡོད་པ་གཉིས་མི་འགལ་བ།
གཙོ་གནད། མཚོན་བྱ་ལ་མཚོན་བྱ་མ་ཡིན་པ་མེད་པ།  མཚོན་བྱའི་མེད་དགག་གི་གཞན་སེལ་ཡིན་པ།

རྩོམ་སྒྲིག་པ།རྡོ་ཆེན།