བསྡུས་གྲྭའི་རྣམ་བཤད་བློ་གསལ་བྱེ་བའི་འཇུག་ངོགས། ། ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་རྣམ་གཞག ས་བཅད་བརྒྱད་པ། ཐལ་འགྱུར།
དུས་ཚོད།:2018-8-28  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན།   |   ཁུངས།:  |   ཀློག་ལྟ།:890  |   དཔྱད་པ།:0

ས་བཅད་བརྒྱད་པ།  ཐལ་འགྱུར།
 
དང་པོ།  གཞན་ལུགས་དགག་པ།
རྩོད་སྐོར་དང་པོ།
ཀ རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་ན།  ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ཟེར་ན།
ཁ དངོས་པོ་ཡིན་པར་ཐལ།  འདུས་བྱས་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་ཡིན་པར་ཐལ། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་ན།  ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་པ་ཁས་བླངས་ཟིན། འདོད་མི་ནུས་ཏེ།  དངོས་པོ་ཡིན་པར་ཐལ།  འདུས་བྱས་ཡིན་པའི་ཕྱིར། ཞེས་པའི་ཐལའགྱུར། ཐལ་འགྱུར་ཡང་དག་ཡིན་པར་འདོད་མི་ནུས་ཏེ།རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར།
ཀ མ་ཁྱབ་ན། རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་ན། ཐལ་འགྱུར་ཡང་དག་མ་ཡིན་པས་མ་ཁྱབ་ཟེར་ན།
ཁ ཁྱབ་པ་ཡོད་པར་ཐལ།  རྩོད་གཞི་དང་མི་ལྡན་པའི་ཐལ་འགྱུར་ཡིན་ན། ཐལ་འགྱུར་ཡང་དག་མ་ཡིན་པས་ཁྱབ་དགོས་ཏེ། ཐལ་འགྱུར་ཡང་དག་ཡིན་ན་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་པའི་ཐལ་འགྱུར་ཡིན་པས་ཁྱབ་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་ན།  ཐལ་འགྱུར་ཡང་དག་ཡིན་པས་མ་ཁྱབ་པ།
དཀའ་གནད། ཐལ་འགྱུར་ཡང་དག་ཡིན་ན་རྟགས་གསལ་རྩོད་གཞི་གསུམ་ག་དང་ལྡན་དགོས་པ།
གཙོ་གནད། དངོས་པོ་ཡིན་པར་ཐལ།  འདུས་བྱས་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་རྟགས་གསལ་ཐ་དད་ཀྱི་ཐལ་འགྱུར་ཡིན་པ།
 
རྩོད་སྐོར་གཉིས་པ།
ཀ ཐལ་འགྱུར་དང་།  སུན་འབྱི་གཉིས་དོན་གཅིག་ཟེར་ན།
ཁ འོ་ན། སུན་འབྱིན་ཡིན་ན་ཐལ་འགྱུར་ཡིན་པས་ཁྱབ་པར་ཐལ། དེ་གཉིས་དོན་གཅིག་ཡིན་པའི་ཕྱིར། རྟགས་ཁས། སུན་འབྱིན་དང་ཐལ་འགྱུར་གཉིས་དོན་གཅིག་ཡིན་པ་ཁས་བླངས་ཟིན་པའི་ཕྱིར།
ཀ འདོད་ན། སུན་འབྱིན་ཡིན་ན་ཐལ་འགྱུར་ཡིན་པས་ཁྱབ་པར་འདོད་ཟེར་ན།
ཁ སྔ་རྒོལ་གྱིས།   སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་བཀོད་པ་ལ།   ཕྱི་རྒོལ་གྱིས་རྟགས་མ་གྲུབ་ཅེས་ལན་བཏབ་པ་དེ་ཆོས་ཅན།  ཐལ་འགྱུར་ཡིན་པར་ཐལ།  སུན་འབྱིན་ཡིན་པའི་ཕྱིར། རྟགས་གྲུབ་སྟེ། སྔ་རྒོལ་གྱིས།   སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་བཀོད་པ་ལ།   ཕྱི་རྒོལ་གྱིས་རྟགས་མ་གྲུབ་ཅེས་ལན་བཏབ་པ་དེ་སུན་འབྱིན་ཡིན་ཏེ། སྔ་རྒོལ་གྱིས་དེ་འདྲའི་ཐལ་འགྱུར་བཀོད་པ་ལ།  ཕྱིར་རྒོལ་གྱིས་རྟགས་མ་གྲུབ་པ་དང་།  མ་ཁྱབ། འགལ་ཁྱབ་སོགས་ཀྱི་ལན་བཏབ་པ་རེ་རེ་ནས་སུན་འབྱིན་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  ཐལ་འགྱུར་དང་།  སུན་འབྱི་གཉིསདོན་མི་གཅིག་པ།
དཀའ་གནད། ཐལ་འགྱུར་དང་སུན་འབྱིན་གཉིས་ཀྱི་ཁྱད་པར།
གཙོ་གནད།  སྔ་རྒོལ་གྱིས།   སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། དངོས་པོ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་བཀོད་པ་ལ།   ཕྱི་རྒོལ་གྱིས་རྟགས་མ་གྲུབ་ཅེས་ལན་བཏབ་པ་དེ་སུན་འབྱིན་ཡིན་ཡང་ཐལ་འགྱུར་མིན་པ།
 
རྩོད་སྐོར་གསུམ་པ།
ཀ ཕ་རོལ་བོ་ལ་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ཟེར་ན།
ཁ སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ཆོས་ཅན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་ཡིན་པར་ཐལ། ཕ་རོལ་བོ་ལ་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། ཁྱབ་པ་ཁས། ཕ་རོལ་བོ་ལ་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།
ཀ མ་གྲུབ་ན། སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་དེ། ཕ་རོལ་བོ་ལ་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཁ སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ཆོས་ཅན། ཕ་རོལ་བོ་ལ་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པར་ཐལ།  ཕ་རོལ་བོ་ལ་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་གང་ཞིག  ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན།  སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་དེ། ཕ་རོལ་བོ་ལ་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཁ སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ཆོས་ཅན། ཕ་རོལ་བོ་ལ་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་ཡིན་པར་ཐལ། སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་མི་རྟག་པར་མི་འདོད་བཞིན་དུ་ཐལ་བར་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཏེ། དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར།
ཀ རྟགས་གཉིས་པ་མ་གྲུབ་ན། སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་དེ། ཐལ་འགྱུར་ཡང་དག་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཁ སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ཆོས་ཅན།  ཐལ་འགྱུར་ཡང་དག་ཡིན་པར་ཐལ། བྱས་པའི་རྟགས་ཀྱིས་སྒྲ་མི་རྟག་པར་ཐལ་ངག་གི་སྒོ་ནས་སྒྲུབ་པར་བྱེད་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར་ཏེ།  དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར།
ཀ རྩ་བར་འདོད་ན། སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་དེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་ཡིན་པར་འདོད་ཟེར་ན།
ཁ སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་རྟགས་ཚད་མས་བསལ་ཞིང་།  ཁྱབ་པ་ཚད་མས་གྲུབ་པར་ཐལ། ཁྱོད་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་ཀྱི་རྟགས་ཚད་མས་བསལ་ཞིང་།  ཁྱབ་པ་ཚད་མས་གྲུབ་པར་འདོད་མི་ནུས་ཏེ།】  དེ་འདྲའི་ཐལ་འགྱུར་གྱི་རྟགས་ཚད་མས་གྲུབ་པའི་ཕྱིར་ཏེ།  སྒྲ་བྱས་པ་ཡིན་པའི་ཕྱིར་རོ། །
དབྱེ་ཞིབ།
བསྒྲུབ་བྱ། ཕ་རོལ་བོ་ལ་མི་འདོད་པ་ཐལ་བར་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་མ་ཁྱབ་པ།
དཀའ་གནད། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད།
གཙོ་གནད། སྒྲ་རྟག་པ་དང་བྱས་པར་འདོད་པའི་གང་ཟག་གི་ངོར། སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་དེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་མ་ཡིན་པ།
 
རྩོད་སྐོར་བཞི་པ།
ཀ སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ཟེར་ན།
ཁ གྲངས་ཅན་པས་བདག་རྟག་པར་སྒྲུབ་འདོད་ནས། བདག་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། འཇིག་པའི་ཕྱིར།  ཞེས་འཕངས་པའི་ཐལ་འགྱུར་ཆོས་ཅན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པར་ཐལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།
ཀ མ་གྲུབ་ན། གྲངས་ཅན་པས་བདག་རྟག་པར་སྒྲུབ་འདོད་ནས། བདག་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། འཇིག་པའི་ཕྱིར།  ཞེས་འཕངས་པའི་ཐལ་འགྱུར་དེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཁ གྲངས་ཅན་པས་བདག་རྟག་པར་སྒྲུབ་འདོད་ནས། བདག་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། འཇིག་པའི་ཕྱིར།  ཞེས་འཕངས་པའི་ཐལ་འགྱུར་ཆོས་ཅན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་པར་ཐལ། སྐད་ཅིག་མ་མ་ཡིན་པའི་རྟགས་ཀྱིས་བདག་མི་འཇིག་པར་སྒྲུབ་པར་བྱེད་པའི་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་པའི་ཕྱིར་ཏེ།  དེ་འདྲའི་ཐལ་འགྱུར་ཡོད་པའི་ཕྱིར།
ཀ རྩ་བར་འདོད་ན། གྲངས་ཅན་པས་བདག་རྟག་པར་སྒྲུབ་འདོད་ནས། བདག་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། འཇིག་པའི་ཕྱིར།  ཞེས་འཕངས་པའི་ཐལ་འགྱུར་དེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པར་འདོད་ཟེར་ན།
ཁ འོ་ན། བདག་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་ཡང་དག་ཡོད་པར་ཐལ། དེ་འདྲའི་ཐལ་འགྱུར་དེ་སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པའི་ཕྱིར། རྟགས་ཁས།  གྲངས་ཅན་པས་བདག་རྟག་པར་སྒྲུབ་འདོད་ནས། བདག་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། འཇིག་པའི་ཕྱིར།  ཞེས་འཕངས་པའི་ཐལ་འགྱུར་དེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པ་ཁས་བླངས་ཟིན།
ཀ འདོད་ན། བདག་རྟག་པར་སྒྲུབ་པར་བྱེད་པའི་སྦྱོར་བ་ཡང་དག་ཡོད་པར་འདོད་ཟེར་ན།
ཁ འོ་ན། བདག་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་ཐལ།  དམ་བཅའ་འཐད་པའི་ཕྱིར། འདོད་མི་ནུས་ཏེ། བདག་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པར་འདོད་མི་ནུས་ཏེ།
བདག་རྟག་པ་མ་ཡིན་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་མ་ཁྱབ་པ།
དཀའ་གནད། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་དང་།  སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་ཀྱི་ཁྱད་པར།
གཙོ་གནད། གྲངས་ཅན་པས་བདག་རྟག་པར་སྒྲུབ་འདོད་ནས། བདག་ཆོས་ཅན། སྐད་ཅིག་མ་ཡིན་པར་ཐལ། འཇིག་པའི་ཕྱིར།  ཞེས་འཕངས་པའི་ཐལ་འགྱུར་དེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་མ་ཡིན་པ།
 
རྩོད་སྐོར་ལྔ་པ།
ཀ སྒྲ་ཆོས་ཅན། བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཐལ་འགྱུར་ཡང་དག་ཡིན་ཟེར་ན།
ཁ སྒྲ་ཆོས་ཅན། བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ཆོས་ཅན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པར་ཐལ། ཁྱོད་ཐལ་འགྱུར་ཡང་དག་པའི་ཕྱིར།
ཀ མ་ཁྱབ་ན། ཁྱོད་ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་མ་ཁྱབ་ཟེར་ན།
ཁ ཁྱབ་པ་ཡོད་པར་ཐལ།  ཁྱོད་ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་དགོས་ཏེ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་དགོས་པ་གང་ཞིག  སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་དགོས་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་དགོས་པ་རྟགས་མ་གྲུབ་ཟེར་ན།
ཁ སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་དགོས་པར་ཐལ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་རྟགས་གསལ་གཉིས་ཀ་མ་གྲུབ་པས་ཁྱབ་ཀྱང་། ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པའི་ཕྱིར།
ཀ རྟགས་གཉིས་པ་མ་གྲུབ་ན། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་དགོས་པ་རྟགས་མ་གྲུབ་ཟེར་ན།
ཁ སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་དགོས་པར་ཐལ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་རྟགས་གསལ་ཁྱབ་གསུམ་ག་གྲུབ་པས་ཁྱབ་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཐལ་འགྱུར་ཡང་དག་ཡིན་ན། ཁྱོད་ཀྱི་དངོས་ཁྱབ་གྲུབ་པས་ཁྱབ་པ།
དཀའ་གནད།  དངོས་ཁྱབ་ཀྱི་གོ་དོན། (རྟགས་དེ་ཡིན་ན་གསལ་བ་དེ་ཡིན་པས་ཁྱབ་པ།)
གཙོ་གནད། སྒྲ་ཆོས་ཅན། བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདིའི་དངོས་ཁྱབ་མ་གྲུབ་པ།
 
གཉིས་པ། རང་ལུགས་བཞག་པ།
གཅིག   ཐལ་འགྱུར། 
1.མཚན་ཉིད།
 
ཐལ་འགྱུར་དུ་བཀོད་པ་ཐལ་འགྱུར་གྱི་མཚན་ཉིད། དཔེར་ན། སྒྲ་མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཕྱིར། ཞེས་སྒྲ་མི་རྟག་པར་སྒྲུབ་པ་ལ་བྱས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ལྟ་བུ། 
2.དབྱེ་བ།
ཐལ་འགྱུར་ཡང་དག་དང་།  ཐལ་འགྱུར་ལྟར་སྣང་གཉིས་སུ་དབྱེ་བ་དང་།  བཀོད་ཚོད་ཀྱི་སྒོ་ནས་དབྱེ་བ་རྣམས་སུ་ཡོད།
གཉིས།   ཐལ་འགྱུར་ཡང་དག
1.མཚན་ཉིད། 
རང་ཉིད་འགོད་ཡུལ་གྱི་ཕྱི་རྒོལ་ཡང་དག་གི་བློ་ངོར་རྟགས་དང་ཁྱབ་པ་གྲུབ་(ཕྱི་རྒོལ་ཡང་དག་གི་བློ་ངོར་རྟགས་དང་ཁྱབ་པ་གྲུབ་ཅེས་པའི་དོན་ལ། ཚད་མ་དང་། ཡིད་དཔྱོད། ལོག་ཤེས་གསུམ་གང་རུབ་འཇོག)ཅིང་།  དམ་བཅའ་ལ་ཚད་མས་བསལ་བ་(གནོད་པ)འབབ་པའི་རྟགས་སྟོན་པའི་ཐལ་ངག་རྣམ་དག་དེ།  ཐལ་འགྱུར་ཡང་དག་གི་མཚན་ཉིད། དཔེར་ན། སྒྲ་བྱས་པ་ཡིན་པར་ངེས། གང་བྱས་ན་མི་རྟག་པ་ཡིན་པས་ཁྱབ་པ་ཡང་ངེས། སྒྲ་མི་རྟག་པ་ཡིན་མིན་ལ་ཐེ་ཚོམ་ཟ་བའི་རྒོལ་བའི་ངོར།  སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ།  བྱས་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ། དབྱེ་ན།  སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང་།  སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་ཡོད།
<1> སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག 
རང་གི་ཆོས་ལོག་དེ་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ།  རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་ངག་རྣམ་དག་དེ།  སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད།  སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དང་། རང་རྒྱུད་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་དོན་གཅིག དཔེར་ན།  སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། ཐལ་འགྱུར་འདིའི་ཆོས་ལོག་ནི བྱས་པ་དང་།  རྟགས་ལོག་ནི། མི་རྟག་པཡིན་པས། ཐལ་འགྱུར་འདི་ལྟ་བུ་ལ་མཚོན་ན། ཆོས་ལོག་བྱས་པ་དེ།  ཤེས་འདོད་ཆོས་ཅན་སྒྲ་དེ་རྟགས་ལོག་མི་རྟག་པ་ཡིན་པར་སྒྲུབ་པ་ལ་ཚུལ་གསུམ་(ཕྱོགས་ཆོས། རྗེས་ཁྱབ། ལྡོག་ཁྱབ།)འཕེན་པའི་ཐལ་ངག་རྣམ་དག་ཡིན།
 དེས་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་ན། རང་ཉིད་ཀྱི་སོང་ཚོད་ཀྱི་རྟགས་དེ་འགོད་པ་སྐབས་སུ་བབ་པའི་ཕྱི་རྒོལ་ཡང་གིས་ཁས་བླངས་ཤིང་ཚད་མས་གྲུབ་པ་དང་།  ཁྱབ་པ་ཚད་མས་གྲུབ་ཅིང་།  དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པ་ཞིག་དགོས་ཏེ།   སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གང་ཡིན་ཡང་།  དེའི་སོང་ཚོད་ཀྱི་རྟགས་གྲུབ་ན།  དམ་བཅའ་ལ་ཚད་མས་བསལ་བ་འབབ་ཅིང་། ཁྱབ་པ་ཚད་མས་མ་གྲུབ་ན།  ལྡོག་ཁྱབ་མི་འགྲུབ་ལ།  དམ་བཅའ་ལ་ཚད་མས་བསལ་བ་མ་ཞུགས་ན་ཕྱོགས་ཆོས་མི་འགྲུབ་པ་ཡིན།  དབྱེ་ན། ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་ཡང་དག་དང་།  ལྡོག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གཉིས་ཡོད།
(1) ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་ཡང་དག 
ཐལ་འགྱུར་གང་ཞིག  ལྡོག་པ་རང་རྒྱུད་དང་རིགས་གཅིག་འཕེན་པ་དེ། ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། དབྱེ་ན་བཞི་ཡོད།
(1.1)རང་བཞིན་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར།
  དཔེར་ན། (མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར།  གྲང་རེག་སྟོབས་ཆེན་པོ་ཡོད་པར་ཁས་ལེན་པའི་གང་ཟག་གི་ངོར། ) མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་གནོན་པ་མ་ཡིན་པར་ཐལ། གྲང་རེག་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། ཐལ་འགྱུར་འདིའི་ཆོས་ལོག་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེའི་རང་བཞིན་ཚ་ཞིང་བསྲེག་པ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ་སོང་། དེ་དང་འགལ་བར་བསིལ་རེག་རྒྱུན་ཆགས་པ་དེ་སོང་། དེའི་རང་བཞིན་དུ་གྲང་རེག་རྒྱུན་ཆགས་པ་དེ་སོང་། ཁྱོད་གྲང་རེག་རྒྱུན་ཆགས་སུ་གནས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་ནོ། །
(1.2) རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར། 
  དཔེར་ན། (དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར།  གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་ཡོད་པར་ཁས་ལེན་པའི་གང་ཟག་གི་ངོར།) དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ།  གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། ཐལ་འགྱུར་འདིའི་ཆོས་ལོག་ཏུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་དེའི་རྒྱུར་མེ་སྟོངས་སྟོབས་ཆེན་པོས་ཁྱབ་པར་ནོན་པ་འཇོག  དེའི་འགལ་བར་གྲང་རེག་རྒྱུན་ཆོགས་སུ་གནས་པ་དེ་སོང་།  དེའི་འབྲས་བུར་གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་དེ་སོང་། ཁྱོད་གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་ནོ། །
(1.3) ཁྱབ་བྱེད་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར།
དཔེར་ན། (ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར། ཁ་བའི་རེག་པ་རྒྱུན་ཆགས་སུ་གནས་པ་ཡོད་པར་ཁས་ལེན་པའི་གང་ཟག་གི་ངོར།)  ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ།  ཁ་བའི་རེག་པ་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།  ཐལ་འགྱུར་འདིའི་ཆོས་ལོག་ཏུ་ཙན་དན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ་སོང་། དེའི་ཁྱབ་བྱེད་དུ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ་སོང་། དེ་དང་འགལ་བར་གྲང་རེག་རྒྱུན་ཆགས་སུ་གནས་པ་དེ་སོང་། དེའི་ཁྱབ་བྱར་ཁ་བའི་རེག་པ་རྒྱུན་ཆགས་སུ་གནས་པ་དེ་སོང་། ཁྱོད་ཁ་བའི་རེག་པ་རྒྱུན་ཆགས་སུ་གནས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་ནོ། །
(1.4) འགལ་ཁྱབ་དམིགས་པའི་ཐལ་འགྱུར།
དཔེར་ན། (སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་ངོར།) སྒྲ་ཆོས་ཅན།  མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར།  ཞེས་པའི་ཐལ་འགྱུར་ལྟ་བུ། ཐལ་འགྱུར་འདིའི་ཆོས་ལོག་ཏུ་བྱས་པ་དེ་སོང་།  དེ་དང་འགལ་བར་མ་བྱས་པ་དེ་སོང་།  དེའི་ཁྱབ་བྱར་རྟག་པ་དེ་འཇོག  ཁྱོད་རྟག་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་ནོ། །
(2) ལྡོག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་ཡང་དག  
  ཐལ་འགྱུར་ཡང་དག་གང་ཞིག  ལྡོག་པ་རང་རྒྱུད་རང་དང་རིགས་མི་མཐུན་པ་འཕེན་པ་དེ།  ལྡོག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད། དབྱེ་ན། རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར་སོགས་བརྒྱད་དང་། དེ་དག་གི་ལོག་པ་བརྒྱད་དེ་བཅུ་དྲུག་ཡོད།
(2.1) རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར།
དཔེར་ན། (མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར། གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་ཡོད་པར་ཁས་ལེན་པའི་གང་ཟག་གི་ངོར།)  མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན།  མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་མ་ཡིན་ཏེ།  གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ། ཐལ་འགྱུར་འདིའི་ཆོས་ལོག་ཏུ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་དེ་སོང་།  དེའི་རང་བཞིན་དུ་ཚ་ཞིང་སྲེག་པ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་སོང་།  དེ་དང་འགལ་བར་གྲང་རེག་རྒྱུན་ཆགས་སུ་གནས་པ་དེ་སོང་།  དེའི་འབྲས་བུར་གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་དེ་སོང་།  ཁྱོད་གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པ་བཞིན།  ཕྱི་མ་རྣམས་རིགས་བསྒྲེས་ཤེས་པར་བྱའོ། །
(2.2) རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར། 
  དཔེར་ན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ།  ཁ་བའི་རེག་པ་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
(2.3) རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར། 
  དཔེར་ན། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། གྲང་རེག་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
(2.4) རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར།
  དཔེར་ན། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ། ཁ་བའི་རེག་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
(2.5)  ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར།
  དཔེར་ན། ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་ནོན་པའི་གཞིར་ཆོས་ཅན། ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་ནོན་པ་མ་ཡིན་པར་ཐལ། གྲང་རེག་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
(2.6) ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར། དཔེར་ན། ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་ནོན་པའི་གཞིར་ཆོས་ཅན། ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་ནོན་པ་མ་ཡིན་པར་ཐལ།  གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
(2.7) འབྲས་བུ་དམིགས་པའི་ཐལ་འགྱུར།
  དཔེར་ན། མཚན་མོའི་རྒྱ་མཚོར་ཆོས་ཅན། མེ་ཡོད་པར་ཐལ།  དུ་བ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
(2.8) རང་བཞིན་དམིགས་པའི་ཐལ་འགྱུར།
  དཔེར་ན། ཤིང་གིས་དབེན་པའི་བྲག་རྫོང་ན་ཆོས་ཅན། ཤིང་ཡོད་པར་ཐལ།  ཤིང་ཤ་བ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
གོང་གསལ་གྱི་ཐལ་འགྱུར་དེ་དག་གིས་རང་རྒྱུད་འཕེན་ཚུལ་ཡོད་དེ། ཐལ་འགྱུར་དང་པོས་རང་གི་འཕངས་བྱའི་རྒྱུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན།  གཉིས་པས་ཁྱབ་བྱེད་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན། གསུམ་པས་རང་བཞིན་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན།  བཞི་པས་ཁྱབ་བྱེད་དང་འགལ་བའི་འབྲས་བུ་དམིགས་པའི་རང་རྒྱུད་འཕེན། ལྔ་པས་རང་བཞིན་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན།  དྲུག་པས་རྒྱུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན། བདུན་པས་རྒྱུ་མ་དམིགས་པའི་རང་རྒྱུད་འཕེན། བརྒྱད་པས་ཁྱབ་བྱེད་མ་དམིགས་པའི་རང་རྒྱུད་འཕེན་པ་ཡིན་ནོ། །
གོང་གསལ་ལྡོག་པ་གཞན་རིགས་འཕེན་པའི་ཐལ་འགྱུར་བརྒྱད་པོ་དེའི་ལོག་པ་བརྒྱད་ནི།   གཤམ་གསལ་ལྟར།
(2.9)འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་རང་རྒྱུད་འཕེན་པའི་རང་བཞིན་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར།
དཔེར་ན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་དངོས་པོ་ཆོས་ཅན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་མ་ཡིན་པར་ཐལ།  གྲང་རེག་གི་དངོས་རྒྱུའི་ནུས་པ་མཐུ་ཅན་ཡོད་པའི་ཕྱིར།  ཞེས་པའི་ཐལ་འགྱུར་ལྟ་བུ། ཁྱོད་ལ་རང་བཞིན་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར་ཞེས་བརྗོད་པའི་རྒྱུ་མཚན་ཡོད་དེ། ཁྱོད་ཀྱི་ཆོས་ལོག་ཏུ་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་དེ་སོང་། དེའི་རང་བཞིན་དུ།  ཚ་ཞིང་སྲེག་པ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་སོང་། དེ་དང་འགལ་བར་གྲང་རེག་རྒྱུན་ཆགས་སུ་གནས་པ་སོང་། དེའི་རྒྱུར་གྲང་རེག་གི་དངོས་རྒྱུ་ནུས་པ་མཐུ་ཅན་དེ་སོང་། ཁྱོད་གྲང་རེག་གི་དངོས་རྒྱུ་ནུས་པ་མཐུ་ཅན་ཡོད་པ་རྟགས་སུ་བཀོད་པའི་ཐལ་འགྱུར་ཡིན་པས་ན་དེ་ལྟར་བརྗོད་པ་ཡིན། རྟགས་ཕྱི་མ་རྣམས་རིགས་བསྒྲེས་ཤེས་པར་བྱ།
(2.10)འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་རང་རྒྱུད་འཕེན་པའི་ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པའི་ཐལ་འགྱུར།
དཔེར་ན། ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་དངོས་པོ་ཆོས་ཅན།  ཙནྡན་གྱི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོ་མ་ཡིན་པར་ཐལ།  གྲང་རེག་གི་དངོས་རྒྱུའི་ནུས་པ་ཐོགས་མེད་ཡོད་པའི་ཕྱིར།  ཞེས་པའི་ཐལ་འགྱུར་ལྟ་བུ།
(2.11)རང་བཞིན་དང་འགལ་བའི་རྒྱུ་དམིགས་པའི་རང་རྒྱུད་འཕེན་པའི་འབྲས་བུ་དང་འགལ་བའི་རང་བཞིན་དམིགས་པའི་ཐལ་འགྱུར།
དཔེར་ན། མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་དངོས་པོའི་དངོས་རྒྱུར་གྱུར་པའི་མེ་སྟོབས་ཆེན་པོས་ཁྱབ་པར་ནོན་པའི་ཤར་གྱི་དངོས་པོ་ཆོས་ཅན།  དེས་ཁྱབ་པར་ནོན་པའི་དངོས་པོ་མ་ཡིན་པར་ཐལ། གྲང་རེག་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
(2.12)ཁྱབ་བྱེད་དང་འགལ་བའི་རྒྱུ་དམིགས་པའི་རང་རྒྱུད་འཕེན་པའི་འབྲས་བུ་དང་འགལ་བའི་ཁྱབ་བྱ་དམིགས་པའི་ཐལ་འགྱུར། 
དཔེར་ན། ཆོས་ཅན་དང་གསལ་བཅུ་གཅིག་པ་ནང་བཞིན་ལ།  ཁ་བའི་རེག་པ་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར།  ཞེས་པའི་ཐལ་འགྱུར་ལྟ་བུ།
(2.13)འབྲས་བུ་དང་འགལ་བའི་རྒྱུ་དམིགས་པའི་རང་རྒྱུད་འཕེན་པའི་རྒྱུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར། དཔེར་ན། ཆོས་ཅན་དང་གསལ་བཅུ་གཅིག་པ་ནང་བཞིན་ལ། གྲང་རེག་གི་དངོས་རྒྱུ་ནུས་པ་ཐོགས་མེད་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
(2.14)རྒྱུ་དང་འགལ་བའི་རྒྱུ་དམིགས་པའི་རང་རྒྱུད་འཕེན་པའི་འབྲས་བུ་དང་འགལ་བའི་འབྲས་བུ་དམིགས་པའི་ཐལ་འགྱུར།
དཔེར་ན། ཆོས་ཅན་དང་གསལ་བཅུ་གཅིག་པ་ནང་བཞིན་ལ། གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
(2.15)འབྲས་བུ་མ་དམིགས་པའི་རང་རྒྱུད་འཕེན་པའི་རྒྱུ་དམིགས་པའི་ཐལ་འགྱུར། དཔེར་ན།  དུ་བས་དབེན་པའི་རྩིག་སྐོར་ན་ཆོས་ཅན། དུ་བ་ཡོད་པར་ཐལ། དུ་བའི་དངོས་རྒྱུ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ།
(2.16)རང་བཞིན་མ་དམིགས་པའི་རང་རྒྱུད་འཕེན་པའི་ཁྱབ་བྱེད་དམིགས་པའི་ཐལ་འགྱུར། 
དཔེར་ན། བུམ་པ་ཚད་མས་མ་དམིགས་པའི་ས་ཕྱོགས་ཆོས་ཅན། བུམ་པ་ཚད་མས་དམིགས་པར་ཐལ།  བུམ་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུའོ། །
<2>  སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག 
 ཐལ་འགྱུར་ཡང་དག་གང་ཞིག  དོན་བཟློག་ན་ཚུལ་གསུམ་མི་ཚང་བ་དེ། སྒྲུབ་བྱེད་མི་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད།  དཔེར་ན།  ནམ་མཁའི་སྤྲིན་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ།  སྐད་ཅིག་མ་ཡིན་པའི་ཕྱིར།  ཞེས་པ་ལྟ་བུའོ། །
གསུམ།  ཐལ་འགྱུར་ལྟར་སྣང་།
1.མཚན་ཉིད།
སྐབས་སུ་བབས་པའི་ལན་གྱིས་བཟློག་པར་ནུས་པའི་ཐལ་འགྱུར་དེ། ཐལ་འགྱུར་ལྟར་སྣང་གི་མཚན་ཉིད།   ཐལ་འགྱུར་འདི་ནི།  གཙོ་བོ་སྔ་རྒོལ་ཐལ་འགྱུར་འགོད་པ་ལ་མི་མཁས་པའི་དབང་གིས་བྱུང་བ་ཞིག་ཡིན་ཏེ། དཔེར་ན། སྒྲ་མི་རྟག་པར་རྟོགས་ཟིན་པའི་གང་ཟག་ལ།  སྒྲ་ཆོས་ཅན།  མ་བྱས་པ་ཡིན་པར་ཐལ།  རྟག་པ་ཡིན་པའི་ཕྱིར་ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
2.སྲོལ་རྒྱུན་ཀྱི་དབྱེ་སྒོ་ལྟར་ན།
<1> རྟགས་ཙམ་བཀོད་པའི་ཐལ་འགྱུར།  དཔེར་ན། ཁང་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
<2> གསལ་ཙམ་བཀོད་པའི་ཐལ་འགྱུར།  དཔེར་ན། ཟ་མ་ཡིན་ཐལ།  ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
<3> རྟགས་གསལ་ཐ་མི་དད་ཀྱི་ཐལ་འགྱུར།  གོ་རེ་ཆོས་ཅན། ཟ་མ་ཡིན་པར་ཐལ།  ཟ་མ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
<4> གཞི་རྟགས་ཐ་མི་དད་ཀྱི་ཐལ་འགྱུར། གོ་རེ་ཆོས་ཅན། ཟ་མ་ཡིན་པར་ཐལ། གོ་རེ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
བཞི།  བཀོད་ཚོད་ཀྱི་ཐལ་འགྱུར། 
དབྱེ་ན། བཞི་ཡོད།
1.  རྟགས་ཁོ་ན་མ་གྲུབ་པ། 
དཔེར་ན། གྲངས་ཅན་པས་དཔལ་ལྡན་ཆོས་གྲགས་ལ། སྒྲ་ཆོས་ཅན།  མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར།  ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ། ཐལ་འགྱུར་འདིའི་ཁྱབ་པ་གྲུབ་སྟེ། ཐལ་འགྱུར་འདིའི་ཁྱབ་པ་སློང་དུས། རྟག་པ་ཡིན་ན་མ་བྱས་པ་ཡིན་པས་མ་ཁྱབ་ཅེས་སློང་དགོས་པ་གང་ཞིག རྟག་པ་ཡིན་ན་མ་བྱས་པ་ཡིན་པས་ཁྱབ་པ་དང་།  ཐལ་འགྱུར་འདིའི་རྟགས་མ་གྲུབ་པ་ཡིན་ཏེ། ཐལ་འགྱུར་འདིར་རྟགས་ལན་འདེབས་དུས།  སྒྲ་རྟག་པ་ཡིན་པ་རྟགས་མ་གྲུབ་ཅེས་ལན་འདེབས་དགོས་པ་གང་ཞིག  སྒྲ་རྟག་པ་མ་ཡིན་ནོ། ། མདོར་ན། ཐལ་འགྱུར་འདིའི་ཁྱབ་པ་གྲུབ་ཅིང་རྟགས་མ་གྲུབ་པ་ཡིན་ནོ། །
2. ཁྱབ་པ་ཁོ་ན་མ་གྲུབ་པ།
   དཔེར་ན། གྲངས་ཅན་པས་དཔལ་ལྡན་ཆོས་གྲགས་ལ། སྒྲ་ཆོས་ཅན། རྟག་པ་ཡིན་པར་ཐལ།  གཞལ་བྱ་ཡིན་པའི་ཕྱིར།  ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།  ཐལ་འགྱུར་འདིའི་ཁྱབ་པ་མ་གྲུབ་པ་ཡིན་ཏེ།  ཐལ་འགྱུར་འདིའི་ཁྱབ་པ་སློང་དུས། གཞལ་བྱ་ཡིན་ན་རྟག་པ་ཡིན་པས་མ་ཁྱབ་ཅེས་སློང་དགོས་པ་གང་ཞིག གཞལ་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་ལ། ཐལ་འགྱུར་འདིའི་རྟགས་གྲུབ་པ་ཡིན་ཏེ། ཐལ་འགྱུར་འདིར་རྟགས་ལན་འདེབས་དུས། སྒྲ་གཞལ་བྱ་ཡིན་པ་རྟགས་མ་གྲུབ་ཅེས་ལན་འདེབས་དགོས་པ་གང་ཞིག སྒྲ་གཞལ་བྱ་ཡིན་ནོ། །  མདོར་ན། ཐལ་འགྱུར་འདིའི་རྟགས་གྲུབ་ཅིང་ཁྱབ་པ་མ་གྲུབ་པ་ཡིན་ནོ། །
3.  རྟགས་ཁྱབ་གཉིས་ཀ་མ་གྲུབ་པ། 
དཔེར་ན། གྲངས་ཅན་པས་དཔལ་ལྡན་ཆོས་གྲགས་ལ།  སྒྲ་ཆོས་ཅན། རྟག་པ་ཡིན་པར་ཐལ།  མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར།  ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།  ཐལ་འགྱུར་འདིའི་རྟགས་ཁྱབ་གཉིས་ཀ་མ་གྲུབ་ཡིན་ཏེ། ཐལ་འགྱུར་འདིར་རྟགས་ལན་འདེབས་དུས། སྒྲ་མིག་ཤེས་ཀྱི་གཟུང་བྱ་ཡིན་པ་རྟགས་མ་གྲུབ་ཅེས་ལན་འདེབས་དགོས་པ་གང་ཞིག སྒྲ་མིག་ཤེས་ཀྱི་གཟུང་བྱ་མ་ཡིན་ནོ། །ཐལ་འགྱུར་འདིར་མ་ཁྱབ་ཀྱི་ལན་འདེབས་དུས། མིག་ཤེས་ཀྱི་གཟུང་བྱ་ཡིན་ན་རྟག་པ་ཡིན་པས་མ་ཁྱབ་ཅེས་ལན་འདེབས་དགོས་པ་གང་ཞིག  མིག་ཤེས་ཀྱི་གཟུང་བྱ་རྟག་པ་མ་ཡིན་ནོ། །  མདོར་ན། ཐལ་འགྱུར་འདིའི་རྟགས་དང་ཁྱབ་པ་གཉིས་ཀ་མ་གྲུབ་པ་ཡིན་ནོ། །
4.རྟགས་ཁྱབ་གཉིས་ཀ་གྲུབ་པ།
<1>རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་པ།
(1) རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་ཅིང་།  དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པའི་ཐལ་འགྱུར།
    དཔེར་ན།  སྒྲ་མིག་ཤེས་ཀྱི་གཟུང་བྱ་དང་།  མིག་ཤེས་ཀྱི་གཟུང་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་ཁས་བླངས།  སྒྲ་མི་རྟག་པར་རྟོགས་པའི་གང་ཟག་ལ།  སྒྲ་ཆོས་ཅན།  རྟག་པ་ཡིན་པར་ཐལ།  མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
(2) རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་ཅིང་།  དམ་བཅའ་ལ་ཁས་བླངས་ཀྱིས་བསལ་བ་ཞུགས་པའི་ཐལ་འགྱུར།
   དཔེར་ན། སྒྲ་མིག་ཤེས་ཀྱི་གཟུང་བྱར་ཁས་བླངས།  མིག་ཤེས་ཀྱི་གཟུང་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་པའང་ཁས་བླངས།  སྒྲ་མི་རྟག་པར་མ་རྟོགས་ཀྱང་སྒྲ་མི་རྟག་པར་ཁས་ལེན་པའི་གང་ཟག་ལ།  སྒྲ་ཆོས་ཅན།  རྟག་པ་ཡིན་པར་ཐལ།  མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
(3)  རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་ཅིང་།  དམ་བཅའ་ལ་བསལ་བ་གཏན་ནས་མེད་པའི་ཐལ་འགྱུར།
  དཔེར་ན། སྒྲ་མི་རྟག་པར་མ་རྟོགས། སྒྲ་མི་རྟག་པར་ཁས་ཀྱང་མ་བླངས་པའི་གང་ཟག་ལ། སྒྲ་ཆོས་ཅན།  རྟག་པ་ཡིན་པར་ཐལ།  མིག་ཤེས་ཀྱི་གཟུང་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུའོ། །
<2>རྟགས་ཁས་བླངས་ཤིང་ཁྱབ་པ་ཚད་མས་གྲུབ་པ།
(1) རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་ཅིང་།  དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པའི་ཐལ་འགྱུར།
   དཔེར་ན། སྒྲ་རྟག་པར་ཁས་བླངས།  རྟག་ན་མ་བྱས་པའི་ཁྱབ་པ་རྟོགས།  སྒྲ་བྱས་པར་རྟོགས་པའི་གང་ཟག་ལ།  སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ།  རྟག་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
(2) རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་ཅིང་།  དམ་བཅའ་ལ་ཁས་བླངས་ཀྱིས་བསལ་བ་ཞུགས་པའི་ཐལ་འགྱུར།
   དཔེར་ན། སྒྲ་རྟག་པར་ཁས་བླངས།  རྟག་ན་མ་བྱས་པའི་ཁྱབ་པ་ཁས་བླངས།  སྒྲ་བྱས་པར་མ་རྟོགས་ཀྱང་།  སྒྲ་བྱས་པར་ཁས་ལེན་པའི་གང་ཟག་ལ།  སྒྲ་ཆོས་ཅན།  མ་བྱས་པ་ཡིན་པར་ཐལ།  རྟག་པ་ཡིན་པའི་ཕྱིར།  ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
(3)  རྟགས་ཁྱབ་གཉིས་ག་ཁས་བླངས་ཀྱིས་གྲུབ་ཅིང་།  དམ་བཅའ་ལ་བསལ་བ་གཏན་ནས་མེད་པའི་ཐལ་འགྱུར།
    དཔེར་ན། སྒྲ་བྱས་པར་མ་རྟོགས། སྒྲ་བྱས་པར་ཁས་ཡང་མ་བླངས་པའི་གང་ཟག་ལ།  སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུའོ། །
 <3>ཁྱབ་པ་ཁས་བླངས་ཤིང་རྟགས་ཚད་མས་གྲུབ་པ།
(1) རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་ཅིང་།  དམ་བཅའ་ལ་ཚད་མས་བསལ་བ་ཞུགས་པའི་ཐལ་འགྱུར།
དཔེར་ན། གཞལ་བྱ་ཡིན་ན་རྟག་པ་ཡིན་པས་ཁྱབ་པ་ཁས་བླངས།  སྒྲ་གཞལ་བྱ་ཡིན་པར་རྟོགས་པའི་གང་ཟག་ལ།  སྒྲ་ཆོས་ཅན།  རྟག་པ་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར།  ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
(2) རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་ཅིང་།  དམ་བཅའ་ལ་ཁས་བླངས་ཀྱིས་བསལ་བ་ཞུགས་པའི་ཐལ་འགྱུར།
   དཔེར་ན། སྒྲ་མི་རྟག་པར་མ་རྟོགས་ཀྱང་།  ཁས་ལེན་པའི་གང་ཟག་ལ། སྒྲ་ཆོས་ཅན།  རྟག་པ་ཡིན་པར་ཐལ།  གཞལ་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
(3)  རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་ཅིང་།  དམ་བཅའ་ལ་བསལ་བ་གཏན་ནས་མེད་པའི་ཐལ་འགྱུར།
  དཔེར་ན། སྒྲ་མི་རྟག་པར་མ་རྟོགས། ཁས་ཡང་མི་ལེན་པའི་གང་ཟག་ལ།  སྒྲ་ཆོས་ཅན། རྟག་པ་ཡིན་པར་ཐལ། གཞལ་བྱ་ཡིན་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུའོ། །
<4> རྟགས་ཁྱབ་གཉིས་ཀ་ཚད་མས་གྲུབ་པའི་ཐལ་འགྱུར།                                                      
(1)རྟགས་ཁྱབ་གཉིས་ཀ་ཚད་མས་ངེས་ཤིང་། དམ་བཅའ་ཁས་བླངས་ཀྱིས་བསལ་བ་ཞུགས་པ།  
དཔེར་ན། སྒྲ་བྱས་པ་དང་། བྱས་ན་མི་རྟག་པའི་ཁྱབ་པ་ངེས་ཤིང་། སྒྲ་མི་རྟག་པ་མ་ཡིན་པར་ཁས་བླངས་པའི་གང་ཟག་ལ།  སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ།  བྱས་པ་ཡིན་པའི་ཕྱིར།  ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།
 (2) རྟགས་ཁྱབ་གཉིས་ཀ་ཚད་མས་ངེས་ཤིང་། དམ་བཅའ་ལ་བསལ་བ་གཏན་ནས་མེད་པ།
     དཔེར་ན། སྒྲ་མི་རྟག་པར་ཡང་ཁས་མི་ལེན།  མི་རྟག་པ་མ་ཡིན་པར་ཡང་ཁས་མི་ལེན་པའི་གང་ཟག་ལ།  སྒྲ་ཆོས་ཅན། མི་རྟག་པར་ཐལ།  བྱས་པའི་ཕྱིར། ཞེས་བཀོད་པའི་ཐལ་འགྱུར་ལྟ་བུ།  
སྤྱིར་རྟགས་ཁྱབ་གཉིས་ཀ་ངེས་ཤིང་།  དམ་བཅའ་ལ་གནོད་པ་འབབ་པའི་ཐལ་འགྱུར་ནི་མེད་དེ།  རྟགས་ཁྱབ་གཉིས་ཀ་ངེས་པའི་ཐལ་འགྱུར་ཡིན་ན།  རང་ཉིད་ཀྱི་དམ་བཅའ་ལ་རིགས་པའི་གནོད་པ་མེད་པ་ཞིག་ཡིན་དགོས།
གོང་དུ་བཤད་མ་ཐག་པའི་བཀོད་ཚོད་ཀྱི་ཐལ་འགྱུར་བཅུ་བཞི་ཡོད་པ་དེ་དག་བསྡུ་ན། ཐལ་འགྱུར་ཡང་དག་དང་།  ཐལ་འགྱུར་ལྟར་སྣང་གཉིས་སུ་འདུ་སྟེ།
 ༡ རྟགས་ཁོ་ན་ཚད་མས་རྟོགས་པའི་ཐལ་འགྱུར། ༢ ཁྱབ་པ་ཁོ་ན་ཚད་མས་རྟོགས་པའི་ཐལ་འགྱུར། ༣ རྟགས་ཁྱབ་གཉིས་ཀ་ཚད་མས་རྟོགས་པའི་ཐལ་འགྱུར། ༤ རྟགས་ཁྱབ་གཉིས་ཀ་ཁས་བླངས་ཀྱིས་གྲུབ་པ་དང་།  དམ་བཅའ་ལ་བསལ་བ་གཏན་ནས་མེད་པའི་ཐལ་འགྱུར། ༥ རྟགས་ཁས་བླངས་ཁྱབ་པ་ཚད་མས་རྟོགས་ཤིང་། དམ་བཅའ་ལ་བསལ་བ་གཏན་ནས་མེད་པའི་ཐལ་འགྱུར། ༦ ཁྱབ་པ་ཁས་བླངས་རྟགས་ཚད་མས་རྟོགས་ཤིང་། དམ་བཅའ་ལ་བསལ་བ་གཏན་མེད་པའི་ཐལ་འགྱུར། ༧ རྟགས་ཁྱབ་གཉིས་ཀ་ཚད་མས་རྟོགས་ཤིང་། དམ་བཅའ་ལ་བསལ་བ་གཏན་མེད་པའི་ཐལ་འགྱུར་སོགས་བདུན་ནི།  ཐལ་འགྱུར་ལྟར་སྣང་ཡིན་ཏེ། རང་གང་ལ་འཕེན་ཡུལ་གྱི་རྒོལ་བས་ལན་གྱིས་ལྡོག་པར་ནུས་པའི་ཐལ་ངག་ཡིན་པ་དང་།  ལྷག་མ་བདུན་ནི་ཐལ་འགྱུར་ཡང་དག་ཡིན་ཏེ། རང་གང་ལ་འཕེན་ཡུལ་གྱི་རྒོལ་བས་ལན་གྱིས་ལྡོག་པར་མི་ནུས་པའི་ཐལ་ངག་ཡིན་།
ལྔ།  རྟགས་ཆོས་དོན་གསུམ་ངོས་བཟུང་བ།
     སྒྲ་ཆོས་ཅན། མ་བྱས་པ་ཡིན་པར་ཐལ། རྟག་པ་ཡིན་པའི་ཕྱིར་ལྟ་བུར་མཚོན་ན། 
“རྟག་པ”ཐལ་འགྱུར་འདིའི་རྟགས་དང་། “རྟགས་པ་མ་ཡིན་པ”ཐལ་འགྱུར་འདིའི་རྟགས་ལོག་ཡིན།
“མ་བྱས་པ”ཐལ་འགྱུར་འདིའི་བསལ་བ་དང་། “བྱས་པ”ཐལ་འགྱུར་འདིའི་ཆོས་ལོག་ཡིན།
“སྒྲ”དེ་ཐལ་འགྱུར་འདིའི་རྩོད་གཞི་ཡིན་ནོ།
མདོར་ན། ཐལ་འགྱུར་གང་དང་གང་ཡིན་ཡང་། དེའི་རྟགས་ནི་རྟགས་ཆོས་དོན་གསུམ་ཞེས་པའི་ནང་གི་རྟགས་དང་།  གསལ་བ་ནི་ཆོས་སྟེ་སྒྲུབ་བྱའི་ཆོས་དང།  རྩོད་གཞི་ནི་དོན་ཏེ་ཤེས་འདོད་ཆོས་ཅན་ལ་གོ་དགོས་སོ། །
དྲུག  ལན་འདེབས་ཚུལ།
<1> འདོད།
སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ།  བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་འདོད་ལན་བཏབ་ན། སྒྲ་མི་རྟག་པ་ཡིན་པར་འདོད་ཅེས་ལན་འདེབས་དགོས།
<2>  རྟགས་མ་གྲུབ།
སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ།  བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་རྟགས་ལན་བཏབ་ན། སྒྲ་བྱས་པ་ཡིན་པ་རྟགས་མ་གྲུབ་ཅེས་ལན་འདེབས་དགོས།
<3> མ་ཁྱབ།
སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ།  བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་མ་ཁྱབ་ཀྱི་ལན་བཏབ་ན། བྱས་པ་ཡིན་ན་མི་རྟག་པ་ཡིན་པས་མ་ཁྱབ་ཅེས་ལན་འདེབས་དགོས།
<4> འགལ་ཁྱབ།
སྒྲ་ཆོས་ཅན།  མི་རྟག་པ་ཡིན་པར་ཐལ།  བྱས་པ་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལ་འགལ་ཁྱབ་ཀྱི་ལན་བཏབ་ན། བྱས་པ་ཡིན་ན་མི་རྣཏག་པ་མ་ཡིན་པས་ཁྱབ་ཅེས་ལན་འདེབས་དགོས་སོ། །
བདུན།  དཔྱད་བརྗོད།
༡ རྟགས་དང་ཁྱབ་པ་བློ་ངོར་གྲུབ་པ་ཞེས་པའི་དོན་ནི། 
སྔ་རྒོལ་དང་ཕྱི་རྒོལ་གཉིས་ཡོད་པ་ལས།  རྟགས་འགོད་པར་བྱ་བའི་ཡུལ་དེ་ཕྱི་རྒོལ་གྱི་བློ་ངོར་རྟགས་དང་ཁྱབ་པ་གྲུབ་(ཚད་མས་གྲུབ་པ། ཡིད་དཔྱོད་ཀྱིས་གྲུབ་པ། ལོག་ཤེས་ཀྱིས་གྲུབ་པ།)ཅེས་པའི་དོན་ཡིན། 
༢ རང་རྒྱུད་འཕེན་པའི་ཐལ་འགྱུར་ཡང་དག 
རྟགས་ཕ་རོལ་པས་ཁས་བླངས།  ཁྱབ་པ་ཚད་མས་གྲུབ།  དམ་བཅའ་ལ་ཚད་མས་བསལ་བ་འབབ་པའི་ཐལ་འགྱུར་ཞིག་ལ། རང་རྒྱུད་འཕེན་པའི་ཐལ་འགྱུར་ཡང་དག་ཟེར།
༣  ལྡོག་པ་རང་རིགས་འཕེན་པའི་ཐལ་འགྱུར་ཞེས་པའི་སྐབས་ཀྱི་“ལྡོག་པ་རང་རིགས”
ཀྱི་དོན་ནི།
    ཐལ་འགྱུར་དེའི་ཆོས་ལོག་དང་རྟགས་གཉིས་ལྡོག་པ་རིགས་གཅིག་ཡིན་པའི་དོན་ལ་གོ་དགོས། དཔེར་ན། (དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར།  གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་ཡོད་པར་ཁས་ལེན་པའི་གང་ཟག་གི་ངོར།) དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པའི་གཞིར་ཆོས་ཅན། དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་མ་ཡིན་པར་ཐལ།  གྲང་འབྲས་སྤུ་ལོང་བྱེད་རྒྱུན་ཆགས་སུ་གནས་པ་ཡོད་པའི་ཕྱིར། ཞེས་པའི་ཐལ་འགྱུར་ལྟ་བུ་ལ་མཚོན་ན། ཐལ་འགྱུར་འདིའི་ཆོས་ལོག་དུ་བ་དྲག་འཕྱུར་བས་ཁྱབ་པར་ནོན་པ་དེ་མེ་སྟོངས་སྟོབས་ཆེན་པོའི་འབྲས་བུ་ཡིན་པ་དང་།   གྲང་འབྲས་སྤུ་ལོང་བྱེད་དེ་གྲང་རེག་སྟོབས་ཆེན་གྱི་འབྲས་བུ་ཡིན་པས། ཐལ་འགྱུར་འདིའི་ཆོས་ལོག་དང་རྟགས་གཉིས་འབྲས་བུ་ཡིན་པའི་ཆ་ནས་ལྡོགཔ་རིགས་གཅིག་ཏུ་བཞག་པ་རེད། ལྡོག་པ་གཞན་རིགས་འཕེན་པ་ཞེས་པའི་དོན་ནི་ཤུགས་ལས་རྟོགས་པར་འགྱུར་རོ། །
༤  བཀོད་ཚོད་ཀྱི་རྟགས་དང་སོང་ཚོད་ཀྱི་རྟགས་ཀྱི་ཁྱད་པར།
བཀོད་ཚོད་ཀྱི་རྟགས་གྲུབ་མིན་ནི། རྟགས་རང་ཁོ་རང་ཡོད་མེད་ལ་བལྟ་དགོས་པ་དང་། སོང་ཚོད་ཀྱི་རྟགས་གྲུབ་མིན་ནི། རྟགས་ཡང་དག་ཡིན་མིན་ལ་བལྟ་དགོས། དེ་བས་ཐལ་འགྱུར་དེའི་བཀོད་ཚོད་ཀྱི་རྟགས་གྲུབ་ན་ཐལ་འགྱུར་དེའི་རྟགས་གྲུབ་པའི་ངེས་བ་མེད་པ་དང་། ཐལ་འགྱུར་དེའི་སོང་ཚོད་ཀྱི་རྟགས་གྲུབ་ན་ཐལ་འགྱུར་དེའི་རྟགས་དེ་ངེས་པར་གྲུབ་དགོས། དཔེར་ན། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། མ་བྱས་པ་ཡིན་པའི་ཕྱིར།  ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་མཚོན་ན། བཀོད་ཚོད་ཀྱི་རྟགས་གྲུབ་ཀྱང་སོང་ཚོད་ཀྱི་རྟགས་མ་གྲུབ་པ་དང་། སྒྲ་ཆོས་ཅན། མི་རྟག་པ་ཡིན་པར་ཐལ། བྱས་པ་ཡིན་པའི་ཞེས་པའི་ཐལ་འགྱུར་གྱི་རྟགས་ལ་མཚོན་ན། བཀོད་ཚོད་དང་སོང་ཚོད་ཀྱི་རྟགས་གཉིས་ཀ་གྲུབ་ཡོད་པ་ཡིན་ནོ། །
༥ ལན་འདེབས་ཚུལ་གྱི་དཔྱད་པ་ཆུང་ངུ་།
ཆ་བ་ཆོས་ཀྱི་སེངྒེས་ལན་འདེབས་ཚུལ་ལ། རྟགས་མ་གྲུབ་དང་།  འདོད།  མ་ཁྱབ་གསུམ་བཞེད་མོད།  ས་པཎ་གྱིས།  དེ་སྒྲུབ་ཀྱི་འགལ་རྟགས་ཡིན་ན་དེ་སྒྲུབ་ཀྱི་མ་ངེས་པའི་གཏན་ཚིགས་ཡིན་པས་ཁྱབ་པར་ཐལ།  འདོད་པའི་ཕྱིར།  ཞེས་པའི་སྐྱོན་འཕངས་ནས། «ཚད་མརིགས་གཏེར་»ཏུ།  དེས་ན་མཁས་པས་ཐལ་འགྱུར་ལན། །རྣམ་པར་ཐར་བའི་སྒོ་བཞིས་གདབ། །ལན་གྱི་ལྡོག་པར་མི་ནུས་ན། །དེ་ཡི་རྗེས་འབྲངས་དམ་པས་གསུངས། །ཞེས་གསུངས་ཏེ། འདོད། རྟགས་མ་གྲུབ།  མ་ཁྱབ།  འགལ་ཁྱབ་སྟེ་ལན་གདབ་ཚུལ་གྱི་སྒོ་བཞི་འམ་རྣམ་པར་ཐར་བའི་སྒོ་བཞི་གཏན་ལ་ཕབས། ཕྱིས་ཀྱི་རྩོད་པ་འཕེལ་བའི་ལག་ལེན་ཁྲོད།  རྟགས་དང་པོ་མ་གྲུབ།  རྟགས་གཉིས་པ་མ་གྲུབ།  སྡོམ་རྟགས་མ་གྲུབ། རྩོད་གཞི་སྐྱོན་ཅན།  རྩོད་གཞི་མེད་པའི་ཁྱབ་པ་ཕྱོགས་མ་ཚང་སོགས་ལན་འདེབས་ཚུལ་གསར་བ་མང་པོ་ཞིག་བྱུང་ཡོད་དོ། །
གསུམ་པ། རྩོད་པ་སྤོང་བ།
རྩོད་སྤོང་དང་པོ།
ཀ སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཆོས་ཅན། ཁྱོད་རང་གི་ཆོས་ལོག་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་ངག་རྣམ་དག་ཡིན་པར་ཐལ།  དེ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར་ཟེར་ན།
ཁ མ་ཁྱབ། རང་གི་ཆོས་ལོག་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་ངག་རྣམ་དག་དེ། ཁྱོད་ཀྱི་མཚན་ཉིད་ཡིན་ན། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་ཡིན་པས་མ་ཁྱབ།
 འོ་ན།  ཁྱོད་རང་ལ།  མཚོན་བྱ་མ་ཡིན་པ་ཆོས་ཅན། བཏགས་ཡོད་ཆོས་གསུམ་མ་ཚང་བ་ཡིན་པར་ཐལ། དེ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། མཚོན་བྱ་མ་ཡིན་པ་དེ། བཏགས་ཡོད་ཆོས་གསུམ་མ་ཚང་བ་ཡིན་པར་འདོད་མི་ནུས་ཏེ། མཚོན་བྱ་མ་ཡིན་པ་དེ།  བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། མཚོན་བྱ་མ་ཡིན་པ་དེ།  བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཁ མཚོན་བྱ་མ་ཡིན་པ་ཆོས་ཅན། བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་ཐལ།  མཚོན་བྱ་ཡིན་པའི་ཕྱིར་ཏེ། བཏགས་ཡོད་ཆོས་གསུམ་མ་ཚང་བ་དེ། ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་དེ། རང་གི་ཆོས་ལོག་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་ངག་རྣམ་དག་མ་ཡིན་པ།
དཀའ་གནད།  སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག  སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་མ་ཡིན་པ།
གཙོ་གནད། རང་གི་ཆོས་ལོག་རང་གི་ཤེས་འདོད་ཆོས་ཅན་གྱི་སྟེང་དུ་རང་གི་རྟགས་ལོག་སྒྲུབ་པ་ལ་ཚུལ་གསུམ་འཕེན་པའི་ཐལ་ངག་རྣམ་དག་དེ།  སྒྲུབ་བྱེད་འཕེན་པའི་ཐལ་འགྱུར་ཡང་དག་གི་མཚན་ཉིད་ཡིན་པ།
 
རྩོད་སྤོང་གཉིས་པ།
ཀ རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་ན། ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་ཟེར་ན།
ཁ མི་ཆོས་ཅན།  སེམས་ཅན་ཡིན་པར་ཐལ།  སེམས་ཅན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན།  ཐལ་འགྱུར་ཡང་དག་ཡིན་པར་ཐལ།  རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པའི་ཕྱིར། ཁྱབ་པ་ཁས། རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་ན། ཐལ་འགྱུར་ཡང་དག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།
ཀ མ་གྲུབ་ན། མི་ཆོས་ཅན།  སེམས་ཅན་ཡིན་པར་ཐལ།  སེམས་ཅན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར། རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཁ མི་ཆོས་ཅན།  སེམས་ཅན་ཡིན་པར་ཐལ།  སེམས་ཅན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་པར་ཐལ། མིས་རྩོད་གཞི།  སེམས་ཅན་གྱིས་གསལ་བ།  སེམས་ཅན་གྱིས་རྟགས་བྱས་པའི་ཐལ་འགྱུར་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། མི་ཆོས་ཅན།  སེམས་ཅན་ཡིན་པར་ཐལ།  སེམས་ཅན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར།  ཐལ་འགྱུར་ཡང་དག་ཡིན་པར་འདོད་ཟེར་ན།
ཁ མི་ཆོས་ཅན།  སེམས་ཅན་ཡིན་པར་ཐལ།  སེམས་ཅན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ཡང་དག་མ་ཡིན་པར་ཐལ།  ཐལ་འགྱུར་ལྟར་སྣང་ཡིན་པའི་ཕྱིར།
ཀ མ་གྲུབ་ན། མི་ཆོས་ཅན།  སེམས་ཅན་ཡིན་པར་ཐལ།  སེམས་ཅན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར།  ཐལ་འགྱུར་ལྟར་སྣང་ཡིན་པ་རྟགས་མ་གྲུབ་ཟེར་ན།
ཁ མི་ཆོས་ཅན།  སེམས་ཅན་ཡིན་པར་ཐལ།  སེམས་ཅན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར་ཆོས་ཅན། ཐལ་འགྱུར་ལྟར་སྣང་ཡིན་པར་ཐལ།  རྟགས་གསལ་ཐ་མི་དད་པའི་ཐལ་འགྱུར་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  རྟགས་གསལ་རྩོད་གཞི་གསུམ་ཀ་དང་ལྡན་པའི་ཐལ་འགྱུར་ཡིན་ན། ཐལ་འགྱུར་ཡང་དག་ཡིན་པས་མ་ཁྱབ་པ།
དཀའ་གནད།  རྟགས་གསལ་ཐ་མི་དད་པའི་ཐལ་འགྱུར་ཐལ།  འགྱུར་ཡང་དག་མིན་པ།
གཙོ་གནད།  མི་ཆོས་ཅན།  སེམས་ཅན་ཡིན་པར་ཐལ།  སེམས་ཅན་ཡིན་པའི་ཕྱིར། ཞེས་པའི་ཐལ་འགྱུར།  རྟགས་གསལ་ཐ་མི་དད་པའི་ཐལ་འགྱུར་ཡིན་པ།

རྩོམ་སྒྲིག་པ།རྡོ་ཆེན།