སྙན་བཟང་པ་དགེ་འདུན་གྱིས་བརྩམས། ས་བཅད་བདུན་པ། མཚན་མཚོན།
དུས་ཚོད།:2018-8-28  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:1006  |   དཔྱད་པ།:0

ས་བཅད་བདུན་པ།  མཚན་མཚོན།
 
དང་པོ།  གཞན་ལུགས་དགག་པ།
རྩོད་སྐོར་དང་པོ།
ཀ  ཡོད་པ་ཡིན་ན་མཚན་མཚོན་གང་རུང་ཡིན་པས་ཁྱབ་ཟེར་ན།
ཁ ས་ཆུ་གཉིས་ཆོས་ཅན།  མཚན་མཚོན་གང་རུང་ཡིནཔར་ཐལ།  ཡོད་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། 【ཡོད་པ་ཡིན་ན་མཚན་མཚོན་གང་རུང་ཡིན་པའི་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【ས་ཆུ་གཉིས་ཡོད་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ས་ཆུ་གཉིས་ཆོས་ཅན།  ཡོད་པ་ཡིན་པར་ཐལ།  ཤེས་བྱ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【ས་ཆུ་གཉིས་ཤེས་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ས་ཆུ་གཉིས་ཆོས་ཅན།  ཤེས་བྱ་ཡིན་པར་ཐལ། ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ས་ཆུ་གཉིས་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
 ཁ  ས་ཆུ་གཉིས་ཆོས་ཅན།  ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པར་ཐལ། ས་དང་ཆུ་གཉིས་རེ་རེ་ནས་ཡོད་པ་གང་ཞིག  ས་ཡང་ཡིན་ཆུ་ཡང་ཡིན་པའི་ཤེས་བྱ་ཞིག་མི་སྲིད་པའི་ཕྱིར།
ཀ རྩ་བར་འདོད་ན། 【ས་ཆུ་གཉིས་མཚན་མཚོན་གང་རུང་ཡིན་པར་འདོད།】
ཁ  ས་ཆུ་གཉིས་ཆོས་ཅན།  མཚན་མཚོན་གང་རུང་མ་ཡིན་པར་ཐལ།   མཚན་ཉིད་མ་ཡིན་པ་གང་ཞིག  མཚོན་བྱ་མ་ཡིན་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན།  【ས་ཆུ་གཉིས་མཚན་ཉིད་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ས་ཆུ་གཉིས་ཆོས་ཅན།  མཚན་ཉིད་མ་ཡིན་པར་ཐལ།  ཁྱོད་ཀྱི་མཚོན་བྱ་མེད་པའི་ཕྱིར།
ཀ མ་གྲུབ་ན།  【ས་ཆུ་གཉིས་ཀྱི་མཚོན་བྱ་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ ས་ཆུ་གཉིས་ཆོས་ཅན།   ཁྱོད་ཀྱི་མཚོན་བྱ་མེད་པར་ཐལ།  ཁྱོད་ཀྱི་བཏགས་ཡོད་ཆོས་གསུམ་ཚང་བ་མེད་པའི་ཕྱིར། 
ཀ  མ་གྲུབ་ན།  【ས་ཆུ་གཉིས་ཀྱི་བཏགས་ཡོད་ཆོས་གསུམ་ཚང་བ་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ ས་ཆུ་གཉིས་ཆོས་ཅན།  ཁྱོད་ཀྱི་བཏགས་ཡོད་ཆོས་གསུམ་ཚང་བ་མེད་པར་ཐལ།  ཁྱོད་ཀྱི་མཚན་གཞི་མེད་པའི་ཕྱིར།
ཀ  མ་གྲུབ་ན། 【ས་ཆུ་གཉིས་ཀྱི་མཚན་གཞི་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ  ས་ཆུ་གཉིས་ཆོས་ཅན།  ཁྱོད་ཀྱི་མཚན་གཞི་མེད་པར་ཐལ།  ཁྱོད་ཀྱི་ཡིན་པ་མེད་པའི་ཕྱིར།
ཀ  གོང་གི་རྟགས་གཉིས་པ་མ་གྲུབ་ན།  【ས་ཆུ་གཉིས་མཚོན་བྱ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ས་ཆུ་གཉིས་ཆོས་ཅན།  མཚོན་བྱ་མ་ཡིན་པར་ཐལ།  ཁྱོད་ཀྱི་མཚན་ཉིད་མེད་པའི་ཕྱིར།
ཀ མ་གྲུབ་ན།  【ས་ཆུ་གཉིས་ཀྱི་མཚན་ཉིད་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ ས་ཆུ་གཉིས་ཆོས་ཅན།  ཁྱོད་ཀྱི་མཚན་ཉིད་མེད་པར་ཐལ།  ཁྱོད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་མེད་པའི་ཕྱིར། 
ཀ  མ་གྲུབ་ན།  【ས་ཆུ་གཉིས་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ ས་ཆུ་གཉིས་ཆོས་ཅན།  ཁྱོད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བ་མེད་པར་ཐལ།  ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར།
དབྱེ་ཞིབ།
རྫས་ཡོད་ཆོས་གསུམ་ཚང་བ་ལརྫས་ཡོདཅེས་བརྗོད་པའི་རྒྱུ་མཚན་ནི། དཔེར་ན།  ཆུ་ལྟ་བུ་ལ་མཚོན་ན།  བརླན་ཞིང་གཤེར་བའི་རང་བཞིན་ནམ་ཆུའི་མཚན་ཉིད་ནི། གཞན་གྱིས་བཏགས་པ་ཙམ་མ་ཡིན་པར་ཆུ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཡིན་པས་ན་མཚན་ཉིད་ལ་རྫས་ཡོད་ཅེས་བརྗོད་པ་རེད།  དེ་ཡང་ཡིན་ཏེ་ཆུ་ནི་དུས་དང་གནས་སྐབས་ཐམས་ཅད་དུ་བརླན་ཞིང་གཤེར་བའི་རང་བཞིན་ནམ་མཚན་ཉིད་ཅན་ཞིག་ཡིན་ལ།  རང་བཞིན་དེ་དང་མི་ལྡན་ན་ཆུ་མ་ཡིན་ནོ། །
བསྒྲུབ་བྱ།  ཡོད་པ་ཡིན་ན་མཚན་མཚོན་གང་རུང་ཡིན་པས་མ་ཁྱབ་པ།
དཀའ་གནད། བཏགས་ཡོད་ཆོས་གསུམ་ཚང་བ་ལ“བཏགས་ཡོད”ཅེས་བརྗོད་པའི་རྒྱུ་མཚན། དེ་ནི།  དཔེར་ན།  བརླན་ཞིང་གཤེར་བའི་རང་བཞིན་ཅན་གྱི་བྱ་དངོས་ལ།  “ཆུ”ཞེས་མིང་བཏགས་པ་ན།   ཆུ་ཞེས་པའི་མིང་དེ་ནི་བརླན་ཞིང་གཤེར་བའི་རང་བཞིན་གྱི་བྱ་དངོས་དེའི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་མ་ཡིན་པར།  ཕྱིས་སུ་མིས་ཕར་བཏགས་པའི་མིང་བརྡ་ཞིག་ཡིན་པས་ན། མཚོན་བྱ་ལ་བཏགས་ཡོད་ཅེས་བརྗོད་ཅིང་།  བརླན་ཞིང་གཤེར་བའི་རང་བཞིན་ཅན་གྱི་བྱ་དངོས་ལ་ཆུ་ཞེས་བརྡ་སྦྱར་བའི་མིང་བརྡ་དེ་ནི་མཚོན་བྱ་ཡིན།  དེས་ཤེས་བྱ་གང་ཞིག་ཡིན་ཡང་དེའི་ངོ་བོ་ནི་མཚན་ཉིད་ཡིན་ལ།  ངོ་བོ་དེ་མཚོན་པར་བྱ་བའི་གཞི་ནི་མཚོན་བྱ་ཡིན་པར་བསྟན་པ་ཡིན་ནོ། །
གཤམ་དུ་རེའུ་མིག་གི་ལམ་ནས་མཚོན་ན།
ཆུ།
水                བརླན་ཞིང་གཤེར་བ།
Water
མི་རིགས་མི་གཅིག་པའི་དབང་གིས་བརླན་ཞིང་གཤེར་བའི་དོན་མཚོན་པའི་མཚོན་བྱ་འམ་མིང་བརྡ་མི་གཅིག་ཀྱང་།  མིང་བརྡ་དེ་དག་གིས་བསྟན་པའི་དོན་གཅིག་པ་འདི་ལས་རྗས་བཏགས་ཀྱི་ཁྱད་པར་ཤིན་ཏུ་གསལ་བར་འགྱུར་རོ། །
གཙོ་གནད། གང་ཞིག་མཚན་ཉིད་ཡིན་པ་དང་། གང་ཞིག་མཚོན་བྱ་ཡིན་པ།  མཚན་མཚོན་གང་ཡང་མ་ཡིན་པའི་ཤེས་བྱ་གང་ཡིན་པ་སོགས་ཀྱི་འབྲེལ་བ་དང་ཁྱད་པར།
 
རྩོད་སྐོར་གཉིས་པ།
ཀ ཡིན་པ་སྲིད་པའི་ཤེས་བྱ་ཡིན་ན་མཚན་མཚོན་གང་རུང་ཡིན་པས་ཁྱབ་ཟེར་ན།
ཁ དངོས་པོ་དང་དོན་བྱེད་ནུས་པ་གཉིས་ཆོས་ཅན།  མཚན་མཚོན་གང་རུང་ཡིན་པར་ཐལ། ཡིན་པ་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【ཡིན་པ་སྲིད་པའི་ཤེས་བྱ་ཡིན་ན།  མཚན་མཚོན་གང་རུང་ཡིན་པའི་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【དངོས་པོ་དང་དོན་བྱེད་ནུས་གཉིས་ཡིན་པ་སྲིད་པའི་ཤེས་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་དང་དོན་བྱེད་ནུས་པ་གཉིས་ཆོས་ཅན།  ཡིན་པ་སྲིད་པའི་ཤེས་བྱ་ཡིན་པར་ཐལ།  དངོས་པོ་ཡང་ཡིན་དོན་བྱེད་ནུས་པ་ཡང་ཡིན་པའི་གཞི་མཐུན་པ་སྲིད་པའི་ཕྱིར། 
ཀ མ་གྲུབ་ན།  【དངོས་པོ་ཡང་ཡིན་དོན་བྱེད་ནུས་པ་ཡང་ཡིན་པའི་གཞི་མཐུན་པ་སྲིད་པ་རྟགས་མ་གྲུབ་ཟེར་ན།】
ཁ དངོས་པོ་དང་དོན་བྱེད་ནུས་པ་གཉིས་ཆོས་ཅན།  དངོས་པོ་ཡང་ཡིན་དོན་བྱེད་ནུས་ཡང་ཡིན་པའི་གཞི་མཐུན་པ་སྲིད་པར་ཐལ།  ཅོག་ཙེ་དེ་ཡང་དེ་ཡིན།  སྨྱུག་གུ་དེ་ཡང་དེ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་གྲུབ་སྟེ།  ཅོག་ཙེ་དེ་དངོས་པོ་ཡིན་པ་གང་ཞིག དོན་བྱེད་ནུས་པ་ཡིན་པ་བཞིན་དུ།  སྨྱུ་གུ་དེ་ཡང་དངོས་པོ་ཡིན་པ་གང་ཞིག  དོན་བྱེད་ནུས་པ་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།  【དངོས་པོ་དང་དོན་བྱད་ནུས་པ་གཉིས་མཚན་མཚོན་གང་རུང་ཡིན་པ་འདོད་ཟེར་ན།】
ཁ  དངོས་པོ་དང་དོན་བྱེད་ནུས་པ་གཉིས་ཆོས་ཅན།  མཚན་མཚོན་གང་རུང་མ་ཡིན་པར་ཐལ།  མཚན་ཉིད་མ་ཡིན་པ་གང་ཞིག  མཚོན་བྱ་མ་ཡིན་པའི་ཕྱིར།  རྟགས་རེ་རེ་ནས་གྲུབ་སྟེ།  དེ་གཉིས་མཚན་མཚོན་ཡིན་པའི་ཕྱིར།
དབྱེ་ཞིབ།
ཡིན་པ་སྲིད་པའི་ཤེས་བྱཞེས་པའི་དོན་ནི།  ཐ་དད་པའི་གཞི་གཉིས་ཀྱི་མཐུན་པ་ཡོད་པ་ལ་གོ་དགོས།  དཔེར་ན།  ཤིང་དང་ཅོག་ཙེ་ལྟ་བུ་ཡིན་ཏེ།  དེ་གཉིས་ཐ་དད་ཡིན་པ་གང་ཞིག ཤིང་ཡང་ཡིན་ཅོག་ཙེ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ཏེ། རྒྱུ་གསོམ་ཤིང་གིས་བཟོས་པའི་ཅོག་ཙེ་ལྟ་བུའོ། །
བསྒྲུབ་བྱ།  ཡིན་པ་སྲིད་པའི་ཤེས་བྱ་ཡིན་ན་མཚན་མཚོན་གང་རུང་ཡིན་པས་མ་ཁྱབ་པ།
དཀའ་གནད།  ཡིན་པ་སྲིད་པའི་ཤེས་བྱ་ཡིན་ན་མཚན་མཚོན་གང་རུང་ཡིན་པས་མ་ངེས་པ།
གཙོ་གནད།  མཚན་མཚོན་གང་རུང་ཡིན་ན་ཁྱད་ཆོས་གང་དག་ཚང་དགོས་པ།
 
རྩོད་སྐོར་གསུམ་པ།
ཀ  བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ན་བཏགས་ཡོད་ཡིན་པས་ཁྱབ་ཟེར་ན།
ཁ  མི་ཆོས་ཅན།  བཏགས་ཡོད་ཡིན་པར་ཐལ།  བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ན།  བཏགས་ཡོད་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།  【མི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མི་ཆོས་ཅན།  བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་ཐལ།   ཁྱོད་ཀྱི་བཏགས་ཡོད་ཀྱི་ཆོས་གསུམ་འདྲེན་རྒྱུ་ཡོད་པའི་ཕྱིར། 
ཀ  མ་གྲུབ་ན།  【མིའི་བཏགས་ཡོད་ཀྱི་ཆོས་གསུམ་འདྲེན་རྒྱུ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ  མི་ཆོས་ཅན།  ཁྱོད་ཀྱི་བཏགས་ཡོད་ཀྱི་ཆོས་གསུམ་འདྲེན་རྒྱུ་ཡོད་པར་ཐལ།  ཁྱོད་སྤྱིར་མཚོན་བྱ་ཡིན་པ་གང་ཞིག  རང་གི་མཚན་གཞིའི་སྟེང་དུ་གྲུབ།  རང་གི་མཚན་ཉིད་གང་ཡིན་པ་དེ་ལས་ཆོས་གང་ཡིན་པ་དེ་ལས་ཆོས་གང་གི་མཚོན་བྱ་མི་བྱེད་པ་ཡིན་པའི་ཕྱིར། 
ཀ   རྟགས་དང་པོ་མ་གྲུབ་ན། 【མི་སྤྱིར་མཚོན་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  མི་ཆོས་ཅན།  ཁྱོད་སྤྱིར་མཚོན་བྱ་ཡིན་པར་ཐལ།  ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར། 
ཀ མ་གྲུབ་ན།  【མིའི་མཚན་ཉིད་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ  མི་ཆོས་ཅན།  ཁྱོད་ཀྱི་མཚན་ཉིད་ཡོད་པར་ཐལ།  སྨྲ་མཁས་ཤིང་དོན་གོ་བ་དེ་ཁྱོད་མཚན་ཉིད་ཡིན་པའི་ཕྱིར།
ཀ  གོང་གི་རྟགས་གཉིས་པ་མ་གྲུབ་ན།  【རང་གི་མཚན་གཞིའི་སྟེང་དུ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ མི་ཆོས་ཅན།  རང་གི་མཚན་གཞིའི་སྟེང་དུ་གྲུབ་པར་ཐལ།  ཚེ་རིང་དེ་ཡང་དེ་ཡིན།  དོན་གྲུབ་དེ་ཡང་དེ་ཡིན།  ལྷ་མོ་དེ་ཡང་དེ་ཡིན་པའི་ཕྱིར།  རྟགས་རེ་རེ་ནས་སླ།
ཀ  གོང་གི་རྟགས་གསུམ་པ་མ་གྲུབ་ན། 【རང་གི་མཚན་ཉིད་གང་ཡིན་པ་དེ་ལས་ཆོས་གང་གི་མཚོན་བྱ་མི་བྱེད་པ་རྟགས་མ་གྲུབ་ཟེར་ན།】
ཁ མི་ཆོས་ཅན།  ཁྱོད་སྨྲ་མཁས་ཤིང་དོན་གོ་བ་ལས་གཞན་པའི་མཚན་ཉིད་ཅིག་འཇོག་རྒྱུ་མེད་པར་ཐལ།  སྨྲ་མཁས་ཤིང་དོན་གོ་བ་དེ་ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན། 【མི་ནི་བཏགས་ཡོད་ཡིན་པར་འདོད་ཟེར་ན།】
ཁ  མི་ཆོས་ཅན།  བཏགས་ཡོད་མ་ཡིན་པར་ཐལ།  རྫས་ཡོད་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།  【མི་རྫས་ཡོད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  མི་ཆོས་ཅན།   རྫས་ཡོད་ཡིན་པར་ཐལ།  དངོས་པོ་ཡིན་པའི་ཕྱིར།
ཀ  མ་ཁྱབ་ན།  【དངོས་པོ་ཡིན་ན།  རྫས་ཡོད་ཡིན་པས་མ་ཁྱབ་ཟེར་ན།】
ཁ ཁྱབ་པ་ཡོད་པར་ཐལ། 【དངོས་པོ་ཡིན་ན།  རྫས་ཡོད་ཡིན་པས་ཁྱབ་པར་ཐལ།】
དངོས་པོ་དང་།  རྫས་ཡོད།  རྫས་ཆོས།  རང་མཚན་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ནོ། །
དབྱེ་ཞིབ།
རྫས་ཡོདནི།  རྟོག་པས་བཏགས་པ་ཙམ་མ་ཡིན་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་དོན་དམ་པར་དོན་བྱེད་ནུས་པ་དེ། རྫས་ཡོད་ཀྱི་མཚན་ཉིད།  དཔེར་ན།  མེ་ལ་བྱ་དངོས་གཞན་སྲེག་པའི་ནུས་པ་དང་ལྡན་པ་དེ་ནི་རྟོག་པས་བཞག་ཙམ་མ་ཡིན་པར་མིའི་དབང་ཤེས་ལ་དངོས་སུ་སྣང་ཐུབ་ཅིང་།  སྣང་བ་ལྟར་མེའི་ངོས་ནས་ཀྱང་གྲུབ་པ་ཡིན་པས་ན།  མེ་ལ་རྫས་ཡོད་ཅེས་བརྗོད་པ་རེད།
“བཏགས་ཡོད”ནི། རང་གི་དགག་བྱ་བཅད་ལྡོག་ནས་རྟོག་ངོར་སྣང་བ་ཙམ་དུ་གྲུབ་པའི་ཆོས་དེ། བཏགས་ཡོད་ཀྱི་མཚན་ཉིད།  དཔེར་ན།  ནམ་མཁའ་ལྟ་བུ་སྤྱིར་ཡོད་ཀྱང་དབང་ཤེས་ལ་དངོས་སུ་སྣང་མི་ཐུབ་ཅིང་།  ནམ་མཁའི་དགག་བྱ་སྟེ། ཐོགས་རེག་བཀག་ཙམ་གྱི་ཆའམ་ཐོགས་རེག་གིས་སྟོང་ཙམ་གྱི་ཆ་སྟེ་བར་སྣང་ཉིད། ནམ་མཁའ་ཡིན་པ་རྟོག་ངོར་སྣང་ཙམ་གྱི་སྒོ་ནས་འཇོག་དགོས་པས།  ཀུན་རྟོག་གིས་བཏགས་ཙམ་སྟེ་བཏགས་ཡོད་དུ་བརྗོད་པ་རེད། བཏགས་ཡོད་དང་། ལྡོག་ཆོས།  རྟག་པ།  སྤྱི་མཚན་རྣམས་དོན་གཅིག་ཡིན་ནོ། །
བསྒྲུབ་བྱ། བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ན་བཏགས་ཡོད་ཡིན་པས་མ་ཁྱབ་པ།
དཀའ་གནད། བཏགས་ཡོད་ཆོས་གསུམ་ཚང་བ་དང་བཏགས་ཡོད་ཀྱི་ཁྱད་པར།
གཙོ་གནད།  དངོས་པོར་གྱུར་བའི་མཚོན་བྱ་སྟེ་ཀ་བ་ལྟ་བུ་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཡང་།  བཏགས་ཡོད་མ་ཡིན་པའི་ཁྱད་པར།
 
རྩོད་སྐོར་བཞི་པ།
ཀ  སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན། མཚན་ཉིད་ཡིན་པས་ཁྱབ་ཟེར་ན།
ཁ སའི་མཚན་ཉིད་ཆོས་ཅན།  མཚན་ཉིད་ཡིན་པར་ཐལ། སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།  ཁྱབ་པ་ཁས། 【སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན།   མཚན་ཉིད་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ  མ་གྲུབ་ན། 【སའི་མཚན་ཉིད།  སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སའི་མཚན་ཉིད་ཆོས་ཅན།  སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ།  སྲ་ཞིང་འཐས་པའི་ལྡོག་པ་ཡིན་ན་སའི་མཚན་ཉིད་ཡིན་པས་ཁྱབ་པ་གང་ཞིག སའི་མཚན་ཉིད་ཡིན་ན་སྲ་ཞིང་འཐས་པའི་ལྡོག་པ་ཡིན་པས་ཁྱབ་པའི་ཕྱིར། 
ཀ  དང་པོ་མ་གྲུབ་ན། 【སྲ་ཞིང་འཐས་པའི་ལྡོག་པ་ཡིན་ན། སའི་མཚན་ཉིད་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  སའི་མཚན་ཉིད་ཆོས་ཅན།  ཁྱོད་ཡིན་ན་སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པར་ཐལ།  ཁྱོད་ཡིན་ན་སྲ་ཞིང་འཐས་པའི་ལྡོག་པ་ཡིན་པས་ཁྱབ་པ་གང་ཞིག   སྲ་ཞིང་འཐས་པའི་ལྡོག་པ་ཡིན་ན་ཁྱོད་ཡིན་ན་པས་ཁྱབ་པའི་ཕྱིར།
ཀ  གོང་གི་རྟགས་གཉིས་པ་མ་གྲུབ་ན།  【སའི་མཚན་ཉིད་ཡིན་ན། སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ ས་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡིན་ན་སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པའི་ཁྱབ་པར་ཐལ།  ཁྱོད་ཀྱི་མཚན་ཉིད་ལ་སྲ་ཞིང་འཐས་པ་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར།
ཀ  རྩ་བར་འདོད་ན། 【སའི་མཚན་ཉིད་མཚན་ཉིད་ཡིན་པར་འདོད་ཟེར་ན།】
ཁ སའི་མཚན་ཉིད་ཆོས་ཅན།  མཚན་ཉིད་མ་ཡིན་པར་ཐལ།  མཚོན་བྱ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【སའི་མཚན་ཉིད་མཚོན་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སའི་མཚན་ཉིད་ཆོས་ཅན། མཚོན་བྱ་ཡིན་པར་ཐལ།  ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར།
ཀ མ་གྲུབ་ན།  【སའི་མཚན་ཉིད་ཀྱི་མཚན་ཉིད་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ སའི་མཚན་ཉིད་ཆོས་ཅན།  ཁྱོད་ཀྱི་མཚན་ཉིད་ཡོད་པར་ཐལ།  སའི་རྫས་ཡོད་ཆོས་གསུམ་ཚང་བ་དེ།  སའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
དབྱེ་ཞིབ།
སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམཅེས་པའི་དོན་ནི།  སྲ་ཞིང་འཐས་པ་མ་ཡིན་པ་ལས་ལྡོག་པ་སྟེ་ལོག་པ་ལ་གོ་དགོས།  དོན་གྱིས་སྲ་ཞིང་འཐས་པ་དང་གཅིག་ལ་གོ་དགོས།  བྱ་དངོས་གང་ཞིག་ཡིན་ཡང་རང་ཉིད་རང་ཉིད་ཡིན་པས་རང་ཉིད་རང་ཉིད་མ་ཡིན་ལས་ལོག་ལོག་པ་ཡིན་པ་དང་།  རང་ཉིད་རང་ཉིད་མ་ཡིན་པ་ལས་ལོག་པ་དེ་ངེས་པར་རང་ཉིད་རང་ཉིད་དང་གཅིག་ཡིན་དགོས། དཔེར་ན། སེར་པོ་གང་ཞིག་སྲ་ཞིང་འཐས་པ་དེ་ས་སེར་པའི་མཚན་ཉིད་ཡིན་པས་སྲ་ཞིང་འཐས་པ་ཡིན་ཡང་།  སྲ་ཞིང་འཐས་པའི་ལྡོག་པ་མ་ཡིན་ཏེ།  སྲ་ཞིང་འཐས་པ་དང་ཐ་དད་ཡིན།  རྒྱུ་མཚན་ནི།  ས་སེར་པོ་དེ་སའི་བྱེ་བྲག་ཡིན་པས་ས་དང་ཐ་དད་ཡིན་ཕྱིར།  ས་སེར་པོའི་མཚན་ཉིད་དེ་ཡང་སའི་མཚན་ཉིད་དང་ཐ་དད་ཡིན་དགོས་སོ། །
བསྒྲུབ་བྱ། སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན། མཚན་ཉིད་ཡིན་པས་ཁྱབ་མ་ཁྱབ་པ།
དཀའ་གནད།  མཚོན་བྱ་མཚོན་བྱ་ཡིན་ཡང་མཚན་ཉིད་མཚན་ཉིད་མ་ཡིན་པའི་ཁྱད་པར།
གཙོ་གནད།  སའི་མཚན་ཉིད་མཚན་ཉིད་མ་ཡིན་པའི་རྒྱུ་མཚན།
 
རྩོད་སྐོར་ལྔ་པ།
ཀ  རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན།  མཚན་ཉིད་ཡིན་པས་ཁྱབ་ཟེར་ན། 
ཁ  རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཆོས་ཅན།  མཚན་ཉིད་ཡིན་པར་ཐལ།  རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའིི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན།  མཚན་ཉིད་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།  【རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད།  རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཆོས་ཅན།  ཁྱོད་རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ།  ཁྱོད་ཡིན་ན་རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་པའི་ཁྱབ་པ་གང་ཞིག   རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པའི་ཕྱིར། 
ཀ  རྟགས་དང་པོ་མ་གྲུབ་ན།  【རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཡིན་ན།  རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  རི་བོང་རྭའི་མཚོན་བྱ་མ་ཡིན་པ་ཆོས་ཅན།  ཁྱོད་ཀྱི་མཚན་ཉིད་ཡིན་ན་རི་བོང་རྭའི་བཏགས་ཡོད་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པས་ཁྱབ་པ་ཐལ།  རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བ་དེ།  ཁྱོད་ཀྱི་མཚན་ཉིད་ཡིན་པས་ཕྱིར།
ཀ  རྟགས་གཉིས་པ་མ་གྲུབ་ན།  【རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་ཡིན་ན། རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བ་ཆོས་ཅན།  ཁྱོད་ཀྱི་ལྡོག་པ་ཡིན་ན་རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཡིན་པས་ཁྱབ་པར་ཐལ།  ཁྱོད་རི་བོང་རྭའི་མཚོན་བྱ་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།  【རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད་མཚན་ཉིད་ཡིན་པར་འདོད་ཟེར་ན།】
ཁ རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཆོས་ཅན།  མཚན་ཉིད་མ་ཡིན་པར་ཐལ།  མཚོན་བྱ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན། 【རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད། མཚོན་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
 ཁ  རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཆོས་ཅན།  མཚོན་བྱ་ཡིན་པར་ཐལ།  རི་བོང་རྭའི་མཚོན་བྱ་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད། རི་བོང་རྭའི་མཚོན་བྱ་མ་ཡིན་པའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རི་བོང་རྭའི་མཚོན་བྱ་མ་ཡིན་པ་ཆོས་ཅན།  ཁྱོད་ཀྱི་མཚན་ཉིད་དེ་ཁྱོད་ཀྱི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་པར་ཐལ།  ཁྱོད་མཚོན་བྱ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【རི་བོང་རྭའི་མཚོན་བྱ་མ་ཡིན་པ་མཚོན་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རི་བོང་རྭའི་མཚོན་བྱ་མ་ཡིན་པ་ཆོས་ཅན།  ཁྱོད་མཚོན་བྱ་ཡིན་པར་ཐལ།  རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན། 【རི་བོང་རྭའི་མཚོན་བྱ་མ་ཡིན་པ།  རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རི་བོང་རྭ་ཆོས་ཅན།   ཁྱོད་ཀྱི་མཚོན་བྱ་མ་ཡིན་པ་དེ་ཁྱོད་ཀྱི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་པར་ཐལ།  བདག་མེད་ཡིན་པའི་ཕྱིར།
དབྱེ་ཞིབ།
རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བཞེས་པ་ནི།  རི་བོང་རྭའི་མཚོན་བྱ་མ་ཡིན་པ་ཞེས་པའི་དོན་ཡིན།  དེ་བས་རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བ་ནི། རི་བོང་རྭའི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཡིན། འོ་ན། རི་བོང་རྭ་མེད་པས་རི་བོང་རྭའི་མཚོན་བྱ་མ་ཡིན་པ་ཇི་ལྟར་ཡོད་ཅེ་ན།  རི་བོང་རྭ་མེད་པ་བདེན་མོད་རི་བོང་རྭའི་མཚོན་བྱ་མ་ཡིན་པ་ཡོད་དེ།  རྩ་དང་རྩི་ཤིང་འདབ་ཆགས་སོགས་ཡོད་པ་གང་ཡིན་ཡང་དེ་རི་བོང་རྭའི་མཚོན་བྱ་མ་ཡིན་པ་དང་ཡོད་པ་གཉིས་ཀ་ཡིན།
བསྒྲུབ་བྱ། རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན།  མཚན་ཉིད་ཡིན་པས་མ་ཁྱབ་པ།
དཀའ་གནད།  རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བ་དེ། མཚན་ཉིད་ཡིན་པའི་རྒྱུ་མཚན།
གཙོ་གནད།  རི་བོང་རྭའི་བཏགས་ཡོད་ཆོས་གསུམ་མ་ཚང་བ་དང་།  རི་བོང་རྭའི་མཚོན་བྱ་མ་ཡིན་པའི་འབྲེལ་བ།
 
རྩོད་སྐོར་དྲུག་པ།
ཀ དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ།  དོན་བྱེད་ནུས་པའི་མཚོན་བྱའི་མཚན་ཉིད་ཡིན་ལ།  དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་འདྲེན་པའི་ཚེ།  སྤྱིར་མཚོན་བྱ་ཡིན་པ།  རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།  དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་འདྲེན་ཟེར་ན། 
ཁ   འོ་ན།  བུམ་པ་ཆོས་ཅན།  དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་ཐལ།  དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་ཀ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།  【བུམ་པ་དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་ཀ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བུམ་པ་ཆོས་ཅན།  དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་ཀ་ཡིན་པར་ཐལ།  སྤྱིར་མཚོན་བྱ་ཡིན་པ།  རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།  དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་ཡིན་པ་གང་ཞིག   ཁྱོད་ཀྱིས་དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་ཀ་འདྲེན་པའི་ཚེ་ན་དེ་གསུམ་དྲངས་པའི་ཕྱིར། རྟགས་ཕྱི་མ་ཁས། 【ཁྱོད་ཀྱིས་དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་ཀ་འདྲེན་པའི་ཚེ་ན་དེ་གསུམ་དྲངས་པ་ཁས་བླངས་ཟིན།】
ཀ  རྟགས་དང་པོ་མ་གྲུབ་ན། 【སྤྱིར་མཚོན་བྱ་ཡིན་པ།  རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།  དོན་བྱེད་ནུས་པ་མ་ཡིན་པའི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བུམ་པ་ཆོས་ཅན།  སྤྱིར་མཚོན་བྱ་ཡིན་པ།  རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།  དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་ཡིན་པར་ཐལ།  སྤྱིར་མཚོན་བྱ་ཡིན་པ་གང་ཞིག  རང་གི་མཚན་གཞིའི་སྟེང་དུའང་གྲུབ།  དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་མཚོན་བྱ་མ་ཡིན་པའང་ཡིན་པའི་ཕྱིར། 
ཀ  རྟགས་དང་པོ་མ་གྲུབ་ན།  【བུམ་པ་སྤྱིར་མཚོན་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བུམ་པ་ཆོས་ཅན།  སྤྱིར་མཚོན་བྱ་ཡིན་པར་ཐལ།  མཚོན་བྱ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།  【བུམ་པ་མཚོན་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བུམ་པ་ཆོས་ཅན།  མཚོན་བྱ་ཡིན་པར་ཐལ། ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར་ཏེ། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་དེ། ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
ཀ   རྟགས་གཉིས་པ་མ་གྲུབ་ན། 【རང་གི་མཚན་གཞིའི་སྟེང་དུ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  བུམ་པ་ཆོས་ཅན།  རང་གི་མཚན་གཞིའི་སྟེང་དུ་གྲུབ་པར་ཐལ།  གསེར་གྱི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་དེ་ཁྱོད་ཀྱི་མཚན་གཞི་ཡིན་པའི་ཕྱིར།
ཀ  རྟགས་གསུམ་པ་མ་གྲུབ་ན།  【དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་མཚོན་བྱ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བུམ་པ་ཆོས་ཅན།  དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་མཚོན་བྱ་མ་ཡིན་པར་ཐལ།   དོན་བྱེད་ནུས་པ་ཡིན་པར་གྱུར་པའི་མཚོན་བྱ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【བུམ་པ་དོན་བྱེད་ནུས་པ་ཡིན་པར་གྱུར་པའི་མཚོན་བྱ་ཡིན་པ་རྟགས་མ་ གྲུབ་ཟེར་ན།】
ཁ བུམ་པ་ཆོས་ཅན། དོན་བྱད་ནུས་པ་ཡིན་པར་གྱུར་པའི་མཚོན་བྱ་ཡིན་པར་ཐལ། ལྟོ་ལྟིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པ་ཡིན་པ་གང་ཞིག  མཚོན་བྱ་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན། 【བུམ་པ་དོན་བྱད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་པར་འདོད་ཟེར་ན།】
ཁ  བུམ་པ་ཆོས་ཅན།  དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་མ་ཡིན་པར་ཐལ།  དོན་བྱེད་ནུས་པའི་མཚོན་བྱ་མ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【བུམ་པ་དོན་བྱད་ནུས་པའི་མཚོན་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བུམ་པ་ཆོས་ཅན།  དོན་བྱེད་ནུས་པའི་མཚོན་མ་ཡིན་པར་ཐལ།  དོན་བྱེད་ནུས་པ་ཁྱོད་ཀྱི་མཚན་ཉིད་མ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【དོན་བྱེད་ནུས་པ་བུམ་པའི་མཚན་ཉིད་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ འོ་ན། དོན་བྱེད་ནུས་པ་ཡིན་ན་བུམ་པ་ཡིན་པས་ཁྱབ་པར་ཐལ།  དོན་བྱེད་ནུས་པ་བུམ་པའི་མཚན་ཉིད་ཡིན་པས་ཁྱབ་པའི་ཕྱིར། རྟགས་ཁས། 【དོན་བྱེད་ནུས་པ་བུམ་པའི་མཚན་ཉིད་མ་ཡིན་པ་ཁས་བླངས་ཟིན།】
ཀ འདོད་ན།  【དོན་བྱེད་ནུས་པ་ཡིན་ན་བུམ་པ་ཡིན་པས་ཁྱབ་པར་འདོད་ཟེར་ན།】
ཁ  ཀ་བ་ཆོས་ཅན།  བུམ་པ་ཡིན་པར་ཐལ།  དོན་བྱེད་ནུས་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【ཀ་བ་དོན་བྱད་ནུས་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཀ་བ་ཆོས་ཅན།  དོན་བྱེད་ནུས་པ་ཡིནཔར་ཐལ།  གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཡིན་པས་ཕྱིར།
དབྱེ་ཞིབ།
དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་འདྲེན་ཚེ། བཏགས་ཡོད་ཀྱི་ཆོས་གསུམ་པ་སྟེ། དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་མཚོན་བྱའི་མཚན་ཉིད་ཞེས་དྲངས་བར་སྐྱོན་བྱུང་པ་ཡིན།  རྒྱུ་མཚན་ནི། ལྟོ་ལྡིར་ཞབས་ཞུམ་གྱི་དོན་བྱེད་ནུས་པའི་མཚོན་བྱ་དང་།  གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་སོགས་གཅིག་ཏུ་འགྱུར་དགོས་ཏེ། དེ་དག་ཀྱང་དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་མཚོན་བྱ་མ་ཡིན་ཏེ།  དོན་བྱེད་ནུས་པ་ཡིན་པར་གྱུར་པའི་མཚོན་བྱ་ཡིན་པའི་ཕྱིར། རྟགས་གྲུབ་སྟེ།  ལྟོ་ལྡིར་ཞབས་ཞུམ་གྱི་དོན་བྱེད་ནུས་པའི་མཚོན་བྱ་དང་། གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་སོགས་གང་ཡིན་ཡང་། དོན་བྱེད་ནུས་པ་དང་མཚོན་བྱ་གཉིས་ཀ་ཡིན་ནོ། །
བསྒྲུབ་བྱ། དོན་བྱེད་ནུས་པའི་བཏགས་ཡོད་ཀྱི་ཆོས་གསུམ་འདྲེན་པའི་ཚེ།  སྤྱིར་མཚོན་བྱ་ཡིན་པ།  རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།  དོན་བྱེད་ནུས་པ་མ་ཡིན་པར་གྱུར་བའི་མཚོན་བྱ་མ་ཡིན་པ་དང་གསུམ་པོ་དེ་ཡིན་ན།  དོན་བྱེད་ནུས་པའི་མཚོན་བྱ་ཡིན་པས་མ་ཁྱབ་པ།
དཀའ་གནད། དོན་བྱད་ནུས་པའི་མཚོན་བྱ་དང་དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་གཉིས་ཀྱི་ཁྱད་པར།
གཙོ་གནད།  བུམ་པ་དེ་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པའི་མཚོན་བྱ་ཡིན་ཡང་།  དོན་བྱེད་ནུས་པའི་མཚོན་བྱ་མ་ཡིན་པའི་པ།
 
གཉིས་པ།  རང་ལུགས་བཞག་པ།
1.མཚན་ཉིད་ཀྱི་མཚན་ཉིད།
རྫས་ཡོད་ཆོས་གསུམ་ཚང་བ་མཚན་ཉིད་ཀྱི་མཚན་ཉིད།  རྫས་ཡོད་ཀྱི་ཆོས་གསུམ་ནི།  སྤྱིར་མཚན་ཉིད་ཡིན་པ།  རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚོན་བྱ་གང་ཡིན་པ་དེ་ལས་ཆོས་གང་གི་མཚན་ཉིད་མི་བྱེད་པ་དང་གསུམ་པོ་དེ་ཡིན།
དཔེར་ན།  སའི་མཚན་ཉིད་ཀྱི་མཚན་ཉིད་ནི་སའི་རྫས་ཡོད་ཆོས་གསུམ་ཚང་བ་དེ་ཡིན།  དེ་སའི་མཚན་ཉིད་ཀྱི་མཚན་ཉིད་དུ་སོང་བའི་ཆོས་གསུམ་ཚང་པའི་ཕྱིར་ཏེ། སྤྱིར་མཚན་ཉིད་ཡིན་པ། རང་གི་མཚན་གཞིའི་སྟེང་དུ་གྲུབ་པ། རང་གི་མཚོན་བྱ་སྲ་ཞིང་འཐས་པའི་མཚོན་བྱ་ལས་ཆོས་གང་གི་གང་གི་མཚན་ཉིད་མི་བྱེད་པ་དང་གསུམ་པོ་ཡིན་བའི་ཕྱིར།                                                   སའི་རྫས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།   སྤྱིར་མཚན་ཉིད་ཡིན་པར་ཐལ།  མཚན་ཉིད་ཡིན་པའི་ཕྱིར་ཏེ། སའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
སའི་རྫས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། རང་གི་མཚན་གཞིའི་སྟེང་དུ་གྲུབ་པར་ཐལ། ས་སེར་པོའི་རྫས་ཡོད་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར་ཏེ། དེ་ས་སེར་པོའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
རང་གི་མཚོན་བྱ་སྲ་ཞིང་འཐས་པའི་མཚོན་བྱ་ལས་ཆོས་གང་གི་གང་གི་མཚན་ཉིད་མི་བྱེད་པ་ཡིན་ཏེ།  ཁྱོད་སྲ་ཞིང་འཐས་པའི་མཚོན་བྱ་ལས་ཚ་ཞིང་སྲེག་པ་སོགས་ཀྱི་མཚོན་བྱའི་མཚན་ཉིད་མི་བྱེད་པའི་ཕྱིར།
2.མཚོན་བྱའི་མཚན་ཉིད།
བཏགས་ཡོད་ཆོས་གསུམ་ཚང་བ་མཚོན་བྱའི་མཚན་ཉིད། བཏགས་ཡོད་ཀྱི་ཆོས་གསུམ་ནི།  སྤྱིར་མཚོན་བྱ་ཡིན་པ།  རང་གི་མཚན་གཞིའི་སྟརང་དུ་གྲུབ་པ། རང་གི་མཚན་ཉིད་གང་ཡིན་པ་དེ་ལས་ཆོས་གང་གི་མཚོན་བྱ་མི་བྱེད་པ་དང་གསུམ་པོ་དེ་ཡིན།
དཔེར་ན།  སྲ་ཞིང་འཐས་པའི་མཚོན་བྱ་ནི་བཏགས་ཡོད་ཆོས་གསུམ་ཚང་བ་ཡིན་ཏེ། སྤྱིར་བ་མཚོན་བྱ་ཡིན་པ།  རང་གི་མཚན་གཞིའི་སྟེང་དུ་གྲུབ་པ།  རང་གི་མཚན་ཉིད་སྲ་ཞིང་འཐས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ལས་ཆོས་གང་གི་མཚན་ཉིད་མི་བྱེད་པ་དང་གསུམ་པོ་དེ་ཡིན། 
སྲ་ཞིང་འཐས་པའི་མཚོན་བྱ་ཆོས་ཅན།  མཚོན་བྱ་ཡིན་པར་ཐལ།  ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར་ཏེ། སྲ་ཞིང་འཐས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར།
སྲ་ཞིང་འཐས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། རང་གི་མཚན་གཞིའི་སྟེང་དུ་གྲུབ་པར་ཐལ། སེར་པོར་གྱུར་བའི་སྲ་ཞིང་འཐས་པའི་མཚོན་བྱ་དེ་ཡིན་པའི་ཕྱིར།
སྲ་ཞིང་འཐས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། རང་གི་མཚོན་བྱ་སྲ་ཞིང་འཐས་པའི་མཚོན་བྱ་ལས་བརླན་ཞིང་གཤེར་བའི་མཚོན་བྱ་སོགས་ཀྱི་མཚན་ཉིད་མི་བྱེད་པ་ཡིན་ཏེ། ཁྱོད་སྲ་ཞིང་འཐས་པའི་མཚོན་བྱའི་མཚན་ཉིད་ཡིན་པའི་ཕྱིར།
3.སྡོམ་ཆུང་། 
སའི་མཚན་ཉིད་མཚན་ཉིད་མ་ཡིན་ཏེ།  མཚོན་བྱ་ཡིན།  རྒྱུ་མཚན་ནི།  སའི་མཚན་ཉིད་ཀྱི་མཚན་ཉིད་ཡོད་པའི་ཕྱིར་ཏེ།  སྲ་ཞིང་འཐས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར།
སྲ་ཞིང་འཐས་པའི་མཚོན་བྱ་མཚོན་བྱ་ཡིན། རྒྱུ་མཚན་ནི།  སྲ་ཞིང་འཐས་པའི་མཚོན་བྱའི་མཚན་ཉིད་ཡོད་དེ།  སྲ་ཞིང་འཐས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་ཡིན་པའི་ཕྱིར།  དེ་བཞིན་རླུང་གི་མཚན་ཉིད་མཚན་ཉིད་མ་ཡིན་ཡང་། ཡང་ཞིང་གཡོ་བའི་མཚོན་བྱ་མཚོན་བྱ་ཡིན་པ་སོགས་རིགས་བསྒྲེ་གྱིས་ཤེས་པར་བྱ། དེས་ན་སའི་མཚན་ཉིད་དང་སྲ་ཞིང་འཐས་པ་གཉིས་ལ་ཁྱད་པར་ཡོད་པ་དང་།  ས་དང་སྲ་ཞིང་འཐས་པའི་མཚོན་བྱ་གཉིས་ལའང་ཁྱད་པར་ཡོད་སོགས་ཤེས་པར་བྱ།
4.བརྩེགས་མ་ཅན།
དངོས་པོའི་རྫས་ཡོད་ཆོས་གསུམ་ཚང་བའི་རྫས་ཡོད་ཆོས་གསུམ་ཚང་བ་དེ་དངོས་པོའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚན་ཉིད་ཀྱི་མཚན་ཉིད་ཡིན། དེ་ཡང་ཡིན་ཏེ།  དངོས་པོའི་མཚན་ཉིད་མཚན་ཉིད་མ་ཡིན་པ་བཞིན་དུ་དངོས་པོའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚན་ཉིད་ཀྱང་མཚན་ཉིད་མ་ཡིན་ཏེ།  མཚོན་བྱ་ཡིན། རྒྱུ་མཚན་ནི།  དངོས་པོའི་རྫས་ཡོད་ཆོས་གསུམ་ཚང་བའི་རྫས་ཡོད་ཆོས་གསུམ་ཚང་བ་དེ།  དངོས་པོའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚན་ཉིད་ཀྱི་མཚན་ཉིད་ཡིན།  དེ་བཞིན་དངོས་པོའི་རྫས་ཡོད་ཆོས་གསུམ་ཚང་བའི་རྫས་ཡོད་ཆོས་གསུམ་ཚང་བའི་ཚང་བའི་རྫས་ཡོད་ཆོས་གསུམ་ཚང་བ་དེ།  དངོས་པོའི་རྫས་ཡོད་ཆོས་གསུམ་ཚང་བའི་རྫས་ཡོད་ཆོས་གསུམ་ཚང་བའི་ཚང་བའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པ་སོགས་རིགས་བསྒྲེ་གྱིས་ཤེས་པར་བྱ།  དེས་ན། རྫས་ཡོད་ཆོས་གསུམ་ཚང་བ་ཕྱི་མ་དེ་རྫས་ཡོད་ཆོས་གསུམ་ཚང་བ་སྔ་མའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཆོས་ཉིད་ཁོང་དུ་ཆུད་པར་བྱའོ། །
དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ། དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན། དེ་ཡང་ཡིན་ཏེ།  དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་མཚོན་བྱ་ཡིན་པས། དེའི་མཚན་ཉིད་ནི།  དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ་ཡིན། དེ་བཞིན་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ། བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་པ་སོགས་རིགས་བསྒྲེ་གྱིས་ཤེས་པར་བྱ།  དོན་བྱེད་ནུས་པའི་མཚོན་བྱ་མཚོན་བྱ་ཡིན་པ་བཞིན་དུ་དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡང་མཚོན་བྱ་ཡིན་ཏེ།  དེའི་མཚན་ཉིད་དུ་དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བའི་བཏགས་ཡོད་ཆོས་གསུམ་ཚང་བ་འཇོག་པ་ཡིན། དེས་ན། དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་ཅི་ཙམ་བརྩེགས་ཀྱང་ཕྱི་མ་དེ་སྔ་མའི་བཏགས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱའི་མཚན་ཉིད་ཡིན་པའི་ཆོས་ཉིད་ཁོང་དུ་ཆུད་པར་བྱའོ། །
5.མཚན་ཉིད་མ་ཡིན་པའི་མཚན་ཉིད།
 རྫས་ཡོད་ཆོས་གསུམ་མ་ཚང་བ་དེ།  མཚན་ཉིད་མ་ཡིན་པའི་མཚན་ཉིད། བདག་མེད་ཡིན་ན་ཁྱོད་ཀྱི་རྫས་ཡོད་ཆོས་གསུམ་མ་ཚང་བ། ཁྱོད་ཀྱི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པས་ཁྱབ།   མེའི་རྫས་ཡོད་ཆོས་གསུམ་མ་ཚང་བ་དེ།  མེའི་མཚན་ཉིད་མ་ཡིན་པའི་མཚན་ཉིད།  དཔེར་ན།  འབྲི་དེབ་དང་སྨྱུ་གུ་ལྟ་བུ་ཡིན་ཏེ།  དེ་དག་མེའི་མཚན་ཉིད་མ་ཡིན་ནོ། ། 
དེ་བཞིན་མེའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་རྫས་ཡོད་ཆོས་གསུམ་མ་ཚང་བ་དེ། མེའི་རྫས་ཡོད་ཆོས་གསུམ་མ་ཚང་བའི་མཚན་ཉིད་མ་ཡིན་པའི་མཚན་ཉིད་ཡིན་པ་སོགས་བརྩེགས་མ་རྣམས་རིགས་བསྒྲེས་ཤེས་པར་བྱའོ། །
6.མཚོན་བྱ་མ་ཡིན་པའི་མཚན་ཉིད།
བཏགས་ཡོད་ཆོས་གསུམ་མ་ཚང་བ་དེ།  མཚོན་བྱ་མ་ཡིན་པའི་མཚན་ཉིད།  བདག་མེད་ཡིན་ན་ཁྱོད་ཀྱི་བཏགས་ཡོད་ཆོས་གསུམ་མ་ཚང་བ་དེ་ཁྱོད་ཀྱི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཡིན་པས་ཁྱབ། དཔེར་ན།  རྐང་པ་དང་ལག་པ་གཉིས་ལྟ་བུ་ཡིན་ཏེ།  རྐང་བ་དང་ལག་པ་གཉིས་ཀྱི་བཏགས་ཡོད་ཆོས་གསུམ་མ་ཚང་བ་དེ།   རྐང་བ་དང་དང་ལག་པ་གཉིས་ཀྱི་མཚོན་བྱ་མ་ཡིན་པའི་མཚན་ཉིད།  ཡོད་པ་ཡིན་ན་རྐང་བ་དང་ལག་པ་གཉིས་ཀྱི་མཚོན་བྱ་མ་ཡིན་པས་ཁྱབ་སྟེ།  རྐང་བ་དང་ལག་པ་གཉིས་མཚན་ཉིད་མ་ཡིན་ནོ། །
དེ་བཞིན་བཏགས་ཡོད་ཆོས་གསུམ་མ་ཚང་བའི་བཏགས་ཡོད་ཆོས་གསུམ་མ་ཚང་བ་དེ།  བཏགས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་མ་ཡིན་པའི་མཚན་ཉིད་ཡིན་པ་སོགས་བརྩེགས་མ་རྣམས་རིགས་བསྒྲེས་ཤེས་པར་བྱའོ། །
7.མཚན་མཚོན་ཚད་མས་ངེས་རིམ།
   དུས་དང་པོར་མཚན་ཉིད་ངེས་ནས་ཕྱིས་སུ་མཚོན་བྱ་ངེས་དགོས་པ་ཡིན་ཏེ།  དཔེར་ན།  བུམ་པ་མཐོང་མ་མྱོང་ཞིང་བུམ་པའི་མིང་ཡང་གོ་མ་མྱོང་བའི་རྒྱ་མི་ཞིག་ལ་མཚོན་ན། ཁོ་བོད་ཀྱི་མཆོད་ཆའི་ཚོང་ཁང་ཞིག་ཏུ་ཐོན་པ་ཏེ་བུམ་པ་མཐོང་བ་ན།  ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པའི་ཁྱད་ཆོས་སམ་ངོ་བོ། ཡང་ན་མཚན་ཉིད་དེ་དང་ལྡན་པའི་བྱ་དངོས་ཞིག་མཐོང་བ་ཙམ་ལས།  ཁྱད་ཆོས་དེ་དག་དང་ལྡན་པའི་བྱ་དངོས་དེར་བུམ་པ་ཞེས་མིང་འདོགས་མི་ཤེས།  དེ་དུས་བུམ་པའི་མཚན་ཉིད་ངེས་ཀྱང་མཚན་ཉིད་དེ་དང་ལྡན་པའི་བྱ་དངོས་དེར་བུམ་ཞེས་མིང་འདོགས་མི་ཤེས་པས།  ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པའི་མཚོན་བྱ་ངེས་མེད།  ཕྱིས་སུ་མཆོད་ཆའི་ཚོང་ཁང་གཞན་ཞིག་ཏུ་བུམ་པ་མཐོང་བ་ན།  ཁོས་བུམ་པའི་མཚན་ཉིད་སྔོན་ནས་ངེས་ཡོད་པས་བྱ་དངོས་དེ་སྔར་མཐོང་མྱོང་བའི་བྱ་དངོས་དེའི་རིགས་ཡིན་པ་ངེས་ནུས་ཀྱང་། དེར་བུམ་པ་ཞེས་པའི་མིང་འདོགས་མི་ཤེས་པས་ད་དུང་ལྟོ་ལྡིར་ཞབས་ཞུམ་གྱི་དོན་བྱེད་ནུས་པའི་མཚོན་བྱ་ངེས་མེད།  དེ་ནས་རྒྱ་མི་དེས་དངོས་པོ་དེ་ཅི་རེད་ཅེས་དྲིས་པ་ན།  སྦྱིན་བདག་གིས་བུམ་པ་རེད་ཅེས་ལན་བཏབ་པ་ན། རྒྱ་མི་དེས་ལྟོ་ལྡིར་ཞབས་ཞུམ་གྱི་ཆུ་བའི་དོན་བྱེད་པ་དེ་བུམ་པ་ཡིན་པར་ངེས་པ་ན།  ལྟོ་ལྡིར་ཞབས་ཞུམ་གྱི་དོན་བྱེད་ནུས་པའི་མཚོན་བྱའང་ངེས་པ་ཡིན་ནོ། །
ཡང་བུམ་པ་མཐོང་མ་མྱོང་ཞིང་བུམ་པའི་མིང་ཡང་གོ་མ་མྱོང་བའི་རྒྱ་མི་ཞིག་ལ། བུམ་པ་ཤེས་པའི་བོད་མི་ཞིག་གིས།  ཁྱོད་ཀྱིས་བུམ་པ་ཨེ་ཤེས་ཞེས་དྲིས་པ་ན།  མི་ཤེས་ཞེས་ལན་འདེབས་ངེས་ཤིང་། དེ་ནས་རྒྱ་མི་དེས་བུམ་པ་ཞེས་པ་ཅི་ཞིག་རེད་ཅེས་དྲིས་པ་ན།  བུམ་པ་ཤེས་པའི་བོད་མིས།  དེ་ནི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པའི་དངོས་པོ་ཞིག་རེད་ཅེས་ལན་བཏབ་པ་ན།  རྒྱ་མི་དེས་བུམ་པའི་མཚན་ཉིད་ལ་བརྟེན་ནས་བུམ་པ་ངེས་པར་འགྱུར་ཞིང་།  ཕྱིས་སུ་གསེར་གྱི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པ་དང་།  དངུལ་གྱི་ལྟོ་ལྡིར་ཞབས་ཞུམ་གྱི་དོན་བྱེད་ནུས་པའི་དངོས་པོ་གང་མཐོང་ཡང་དེ་བུམ་པ་ཡིན་པར་ངེས་པར་འགྱུར་པ་ལྟ་བུའོ། །
གསེར་བུམ་བུམ་པའི་མཚན་གཞི་མ་ཡིན་པའི་རྒྱུ་མཚན་ཡང་།  སྤྱིར་མཚན་གཞི་ཡིན་ན་ཆོས་དེ་མཚོན་པར་བྱ་བའི་གཞི་ཡིན་དགོས། དེའི་དོན་ནི་སྤྱི་དེ་མ་ངེས་པའི་སྔ་རོལ་ཏུ་བྱེ་བྲག་དེ་ངེས་ཟིན་པ་ཞིག་ཡིན་དགོས་པ་རེད།  དེ་བས་གསེར་བུམ་ངེས་པའི་མིས་གསེར་བུམ་བུམ་པར་ངེས་དགོས་ཤིང་། གསེར་བུམ་བུམ་པར་ངེས་པའི་གང་ཟག་ལ་གསེར་བུམ་དེ་བུམ་པ་ཡིན་པར་བརྡ་སྤྲོད་མི་དགོས་པས། གསེར་བུམ་དེ་བུམ་པའི་མཚན་གཞིར་མི་རུང་ངོ། །
འོ་ན།  བུམ་པའི་མཚན་གཞི་ལ་གང་འཇོག་ཟེར་ན།  གསེར་གྱི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པ་དེ་འཇོག་པ་ཡིན།  རྒྱུ་མཚན་ནི།  བུམ་པ་ཞེས་པ་གང་འདྲ་ཞིག་ཡིན་ཞེས་དྲིས་པ་ན། གསེར་གྱི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པ་ཞིག་བསྟན་ནས། འདི་རེད་ཅེས་བརྗོད་པ་ན་དྲི་བ་བོས་གསེར་གྱི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པའི་རང་བཞིན་ནམ་མཚན་ཉིད་མཐོང་བ་ལ་བརྟེན་ནས་བུམ་པ་ངེས་པར་འགྱུར་ལ།  ཕྱིས་སུ་དངུལ་གྱི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པ་དང་།  རྫ་མའི་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དོན་བྱེད་ནུས་པ་སོགས་བུམ་པའི་རིགས་གང་མཐོང་ཡང་།  དེ་བུམ་པ་ཡིན་པར་ཤེས་པར་འགྱུར་བ་ལྟ་བུའོ། །
དེས་ན་བྱ་དངོས་གང་ཞིག་ཡིན་ཡང་དེའི་དོན་ནམ་རང་བཞིན་ནམ་ངོ་བོ་ནི་མཚན་ཉིད་ཡིན་ལ།  དོན་དེ་ལ་ཕྱིས་སུ་བརྡ་སྦྱར་བ་ནི་མཚོན་བྱ་ཡིན།  བྱ་དངོས་གང་ཞིག་ཡིན་ཡང་དེའི་དོན་ནམ་རང་བཞིན་ནི་བྱ་དངོས་དེའི་ཐུན་མོང་མ་ཡིན་པའི་སྡོད་ལུགས་གྱི་ངོས་ནས་གྲུབ་པ་ཡིན་པས་མཚན་ཉིད་ལ“རྫས་ཡོད”ཅེས་བརྗོད་པ་དང་།  དོན་དེ་ལ་ཕྱིས་སུ་བརྡ་སྦྱར་བ་ནི་དོན་དེ་ལ་བཏགས་པའི་མིང་ཡིན་པས་ན།  མཚོན་བྱ་ལ“བཏགས་ཡོད”ཅེས་བརྗོད་དོ། །
8.ཁྱབ་བ་སྒོ་བརྒྱད།
ཁྱབ་པ་སྒོ་བརྒྱད་ནི་དོན་གཅིག་གི་ཚད་གཞི་ཞིག་ཡིན་ཏེ།  ཡིན་ཁྱབ་མཉམ་གཉིས་དང་མིན་ཁྱབ་མཉམ་གཉིས།  ཡོད་ཁྱབ་མཉམ་གཉིས་དང་མེད་ཁྱབ་མཉམ་གཉིས་དང་བརྒྱད་ཡིན། དཔེར་ན།  དོན་བྱེད་ནུས་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ། དངོས་པོ་ཡིན་ན་དོན་བྱེ་ནུས་པ་ཡིན་པས་ཁྱབ།  དོན་བྱེད་ནུས་པ་མིན་ན་དངོས་པོ་མིན་པས་ཁྱབ། དངོས་པོ་མིན་ན་དོན་བྱེད་ནུས་པ་མིན་པས་ཁྱབ། དངོས་པོ་ཡོད་ན་དོན་བྱེད་ནུས་པ་ཡོད་པས་ཁྱབ། དོན་བྱེད་ནུས་པ་ཡོད་ན་དངོས་པོ་ཡོད་པས་ཁྱབ། དོན་བྱེད་ནུས་པ་མེད་ན་དངོས་པོ་མེད་པས་ཁྱབ།  དངོས་པོ་མེད་ན་དོན་བྱེད་ནུས་པ་མེད་པས་ཁྱབ་པ་ལྟ་བུའོ། །
ཡོ་བྱད་དང་ཅོག་ཙེ་གཉིས་དོན་གཅིག་མ་ཡིན་པས་ཁྱབ་པ་སྒོ་བརྒྱད་མིན་ཏེ།  ཅོག་ཙེ་ཡིན་ན་ཡོ་བྱད་ཡིན་པས་ཁྱབ་ཀྱང་ཡོ་བྱད་ཡིན་ན་ཅོག་ཙེ་ཡིན་པས་མ་ཁྱབ།  དཔེར་ན། དཔེ་ཁུག་ཡོ་བྱད་ཡིན་ཡང་ཅོག་ཙེ་མ་ཡིན་པ་བཞིན་ཁྱབ་པའི་སྒོ་ཕྱི་མ་རྣམས་རིགས་བསྒྲེས་ཤེས་པར་བྱའོ། །
མདོར་ན།  ཆོས་དེ་གཉིས་མཚན་མཚོན་ཡིན་ན།  མཚན་མཚོན་ཚད་མས་ངེས་རིམ་ཁྱབ་བ་སྒོ་བརྒྱད་དང་བཅས་པ་གྲུབ་དགོས་སོ། །
 
གསུམ་པ།  རྩོད་པ་སྤོང་བ།
 རྩོད་སྤོང་དང་པོ།
ཀ  མཚོན་བྱ་ཆོས་ཅན།  རྫས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་པར་ཐལ།  རྫས་ཡོད་ཆོས་གསུམ་མ་ཚང་བ་གང་ཞིག  མཚོན་བྱ་ཡིན་པའི་ཕྱིར།
ཁ ཟེར་ན་མ་ཁྱབ། 【རྫས་ཡོད་ཆོས་གསུམ་མ་ཚང་བ་གང་ཞིག  མཚོན་བྱ་ཡིན་ན།   རྫས་ཡོད་ཆོས་གསུམ་མ་ཚང་བའི་མཚོན་བྱ་ཡིན་པའི་མ་ཁྱབ།】འོ་ན་ཁྱོད་རང་ལ།  དོན་བྱེད་ནུས་པ་ཆོས་ཅན།  རྫས་ཡོད་ཆོས་གསུམ་ཚང་བའི་མཚན་ཉིད་ཡིན་པར་ཐལ། རྫས་ཡོད་ཆོས་གསུམ་ཚང་བ་གང་ཞིག  མཚན་ཉིད་ཡིན་པའི་ཕྱིར།  ཁྱབ་པ་འགྲིག 【ཁྱབ་པ་འདྲ།】
 
དབྱེ་ཞིབ།
དོན་བྱེད་ནུས་པ་ལྟ་བུ་རྫས་ཡོད་ཆོས་གསུམ་ཚང་བ་གང་ཞིག  མཚན་ཉིད་ཡིན་ཡང་།  རྫས་ཡོད་ཆོས་གསུམ་ཚང་བའི་མཚན་ཉིད་མ་ཡིན། དང་པོ་གྲུབ་སྟེ།  སྤྱིར་མཚན་ཉིད་ཡིན་ཏེ། མཚན་ཉིད་ཡིན་པའི་ཕྱིར་ཏེ།  དངོས་པོའི་མཚན་ཉིད་ཡིན་པའི་ཕྱིར།  རང་གི་མཚན་གཞིའི་སྟེང་དུ་གྲུབ་སྟེ།  བརླན་ཞིང་གཤེར་བ་དེ་ཡིན།  རང་གི་མཚོན་བྱ་གང་ཡིན་པ་དེ་ལས་ཆོས་གང་གི་མཚན་ཉིད་མི་བྱེད་པ་ཡིན་ཏེ། རང་གི་མཚོན་བྱ་དངོས་པོ་དེ་ལས་ཆོས་གང་གི་མཚན་ཉིད་མི་བྱེད་པ་ཡིན།  གཉིས་པ་གྲུབ་སྟེ། རྫས་ཡོད་ཆོས་གསུམ་ཚང་བ་དེ་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
 མདོར་ན། རྫས་ཡོད་ཆོས་གསུམ་ཚང་བ་གང་ཞིག  མཚན་ཉིད་ཡིན་ན་ཞེས་བརྗོད་པའི་ཚིག་གི་བསྟན་དོན་དང་།  རྫས་ཡོད་ཆོས་གསུམ་ཚང་བའི་མཚན་ཉིད་ཅེས་བརྗོད་པའི་ཚིག་གི་བསྟན་དོན་གཉིས་མི་འདྲ་བས་ཡིན།
ཁྱབ་པ་འགྲིག་ཅེས་པ་ནི།  ཁྱབ་བ་རིགས་འདྲ་ཞེས་པའི་དོན་སྟེ། ཁྱབ་བ་རིགས་འདྲ་ལ་བརྟེན་ནས་ཕྱི་རྒོལ་གྱི་དམ་བཅར་གནོད་བྱེད་འཕེན་པའི་རིགས་པ་ཞིག་སྟེ། དཔེར་ན།  མི་ཀ་པས། སེམས་ཅན་ཡིན་ན་མི་ཡིན་པས་ཁྱབ་ཅེས་དམ་བཅས་པ་ན།  མི་ཁ་པས།  འོ་ན། ཁྱོད་ཀྱི་ཡན་ལག་ཡིན་ན་ལག་པ་ཡིན་པས་ཁྱབ་པར་ཐལ། ཅེས་པའི་ཁྱབ་འགྲིག་བཀོད་ནས་ཕྱི་རྒོལ་གྱི་དམ་བཅར་གནོད་བྱེད་སྟོན་པ་ལྟ་བུའོ། །
རྩོད་སྤོང་གཉིས་པ།
ཀ དངོས་པོའི་མཚན་ཉིད་མཚན་ཉིད་ཡིན་པར་ཐལ།  དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་གང་ཞིག  དེ་མཚན་ཉིད་ཡིན་པའི་ཕྱིར་ཟེར་ན།
ཁ མ་ཁྱབ་སྟེ།   【དོན་བྱེད་ནུས་པ་དངོས་པོའི་མཚན་ཉིད་གང་ཞིག  དེ་མཚན་ཉིད་ཡིན་ན།  དངོས་པོའི་མཚན་ཉིད་མཚན་ཉིད་ཡིན་པས་མ་ཁྱབ།】དངོས་པོའི་མཚན་ཉིད་མཚན་ཉིད་ཡིན་ན་དངོས་པོའི་མཚན་ཉིད་ཀྱི་མཚོན་བྱ་དགོས་པ་གང་ཞིག དེ་མེད་པའི་ཕྱིར། 
ཀ རྟགས་དང་པོ་མ་གྲུབ་ན། 【དངོས་པོའི་མཚན་ཉིད་མཚན་ཉིད་ཡིན་ན་དངོས་པོའི་མཚན་ཉིད་ཀྱི་མཚོན་བྱ་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ དངོས་པོའི་མཚན་ཉིད་མཚན་ཉིད་ཡིན་ན་དངོས་པོའི་མཚན་ཉིད་ཀྱི་མཚོན་བྱ་དགོས་པར་ཐལ།  སྤྱིར་མཚན་ཉིད་ཡིན་མིན་དེ་ཁྱོད་ཀྱི་མཚོན་བྱ་ཡོད་མེད་ལ་བལྟ་དགོས་པའི་ཕྱིར།
ཀ རྟགས་གཉིས་པ་མ་གྲུབ་ན།  【དངོས་པོའི་མཚན་ཉིད་ཀྱི་མཚོན་བྱ་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོའི་མཚན་ཉིད་ཆོས་ཅན།  ཁྱོད་ཀྱི་མཚོན་བྱ་མེད་པར་ཐལ།  ཁྱོད་མཚོན་བྱ་ཡིན་པའི་ཕྱིར་ཏེ།  དངོས་པོའི་རྫས་ཡོད་ཆོས་གསུམ་ཚང་བའི་མཚོན་བྱ་ཡིན་པའི་ཕྱིར་རོ། །
དབྱེ་ཞིབ།
དངོས་པོའི་མཚན་ཉིད་ཡིན་ན་མཚན་ཉིད་ཡིན་པས་ཁྱབ་ཀྱང་།   དངོས་པོའི་མཚན་ཉིད་མཚན་ཉིད་མ་ཡིན།  རྒྱུ་མཚན་ནི།  དངོས་པོའི་མཚན་ཉིད་མཚན་ཉིད་མ་ཡིན་ཏེ། མཚོན་བྱ་ཡིན་པའི་ཕྱིར།  མ་གྲུབ་ན། དངོས་པོའི་མཚན་ཉིད་ཆོས་ཅན།  མཚོན་བྱ་ཡིན་པར་ཐལ།  ཁྱོད་ཀྱི་མཚན་ཉིད་ཡོད་པའི་ཕྱིར།  མ་གྲུབ་ན།  དངོས་པོའི་མཚན་ཉིད་ཆོས་ཅན། ཁྱོད་ཀྱི་མཚན་ཉིད་ཡོད་པར་ཐལ། དངོས་པོའི་རྫས་ཡོད་ཆོས་གསུམ་ཚང་བ་དེ། ཁྱོད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
མདོར་ན།   མཚན་ཉིད་མཚན་ཉིད་མ་ཡིན་ཡང་མཚོན་བྱ་མཚོན་བྱ་ཡིན།  གཞི་ལ་སྦྱར་ན།  དངོས་པོའི་མཚན་ཉིད་མཚན་ཉིད་མཚན་ཉིད་མ་ཡིན།  དོན་བྱེད་ནུས་པའི་མཚོན་བྱ་མཚོན་བྱ་ཡིན།  དང་པོའི་རྒྱུ་མཚན་བཤད་མ་ཐག་པ་དང་།  ཕྱི་མའི་རྒྱུ་མཚན་ནི།  དོན་བྱེད་ནུས་པའི་མཚོན་བྱ་མཚོན་བྱ་ཡིན་པར་ཐལ།  དོན་བྱེད་ནུས་པའི་མཚོན་བྱའི་མཚན་ཉིད་ཡོད་པའི་ཕྱིར་ཏེ།  དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ། དོན་བྱེད་ནུས་པའི་མཚོན་བྱའི་མཚན་ཉིད།

རྩོམ་སྒྲིག་པ།