བསྡུས་གྲྭའི་རྣམ་བཤད་བློ་གསལ་བྱེ་བའི་འཇུག་ངོགས། ། ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་རྣམ་གཞག ས་བཅད་དྲུག་པ། ལྡོག་པ་ངོས་འཛིན།
དུས་ཚོད།:2018-8-28  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:821  |   དཔྱད་པ།:0

ས་བཅད་དྲུག་པ།   ལྡོག་པ་ངོས་འཛིན།
 
དང་པོ།  གཞན་ལུགས་དགག་པ།                                                                                  
རྩོད་སྐོར་དང་པོ།
ཀ ཅོག་ཙེ་མ་ཡིན་ལས་ལྡོག་པ་ཡིན་ན།   ཅོག་ཙེའི་ལྡོག་པ་ཡིན་པས་ཁྱབ་ཅེ་ན།
ཁ ཤིང་གི་ཅོག་ཙེ་ཆོས་ཅན། ཅོག་ཙེའི་ལྡོག་པ་ཡིན་པར་ཐལ།  ཅོག་ཙེ་མ་ཡིན་ལས་ལྡོག་པ་ཡིན་པའི་ཕྱིར།  ཁྱབ་པ་ཁས། 【ཅོག་ཙེ་མ་ཡིན་ལས་ལྡོག་པ་ཡིན་ན། ཅོག་ཙེའི་ལྡོག་པ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།  【ཤིང་གི་ཅོག་ཙེ།  ཅོག་ཙེ་མ་ཡིན་ལས་ལྡོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤིང་གི་ཅོག་ཙེ་ཆོས་ཅན།  ཅོག་ཙེ་མ་ཡིན་ལས་ལྡོག་པ་ཡིན་པར་ཐལ།  ཅོག་ཙེ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།   【ཤིང་གི་ཅོག་ཙེ་ཅོག་ཙེ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤིང་གི་ཅོག་ཙེ་ཆོས་ཅན།  ཅོག་ཙེ་ཡིན་པར་ཐལ།  རྒྱུ་ཤིང་ལས་བྱས་པའི་ཅོག་ཙེ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན།  【ཤིང་གི་ཅོག་ཙེ་ཅོག་ཙེའི་ལྡོག་པ་ཡིན་པར་འདོད་ཟེར་ན།】
ཁ ཤིང་གི་ཅོག་ཙེ་ཆོས་ཅན། ཅོག་ཙེའི་ལྡོག་པ་མ་ཡིན་པར་ཐལ།  ཅོག་ཙེ་དང་གཅིག་མ་ཡིན་པའི་ཕྱིར། 
ཁ མ་ཁྱབ་ན།  【ཅོག་ཙེ་དང་གཅིག་མ་ཡིན་ན།  ཅོག་ཙེའི་ལྡོག་པ་མ་ཡིན་པའི་མ་ཁྱབ་ཟེར་ན།】
ཀ ཁྱབ་པ་ཡོད་པར་ཐལ།   【ཅོག་ཙེ་དང་གཅིག་མ་ཡིན་ན།  ཅོག་ཙེའི་ལྡོག་པ་མ་ཡིན་པའི་ཁྱབ་པར་ཐལ།】 ཅོག་ཙེའི་ལྡོག་པ་ཡིན་ན་ཅོག་ཙེ་དང་གཅིག་ཡིན་པས་ཁྱབ་པ་དང་།  ཅོག་ཙེ་དང་གཅིག་ཡིན་ན་ཅོག་ཙེའི་ལྡོག་པ་ཡིན་པས་ཁྱབ་པའི་ཕྱིར།
དབྱེ་ཞིབ།
ལྡོག་པཞེས་པ་ནི།  རང་མ་ཡིན་པ་ལས་ལོག་པའི་དོན་ཡིན། དཔེར་ན། ཤིང་གི་ལྡོག་པ་ཞེས་པའི་སྐབས་སུ་ཤིང་མ་ཡིན་པ་ལས་ལྡོག་པ་སྟེ་ཤིང་མ་ཡིན་པ་ལས་ལོག་པ་ལ་གོ་དགོས། དེའི་རྒྱུ་མཚན་ནི།  ཡོད་པ་ཡིན་ན་ཤིང་ཡིན་པ་དང་ཤིང་མ་ཡིན་པ་གཉིས་པོ་གང་རུང་ཡིན་དགོས།  དེ་བས་ཤུག་པ་དང་གསོམ་པ་སོགས་ཤིང་གི་རིགས་གང་ཡིན་ཡང་ཤིང་ཡིན་པའི་ཆ་ནས་དེ་དག་ཤིང་མ་ཡིན་པ་ལས་ལོག་པ་ཡིན་པ་དང་།   ལག་པ་དང་། མགོ རྐང་བ། ནམ་མཁའ་སོགས་ཤིང་ལས་གཞན་པའི་ཤེས་བྱ་གང་ཡིན་ཡང་དེ་དག་ཤིང་མ་ཡིན་པས་ཤིང་ཡིན་པ་ལས་ལོག་པ་ཡིན།
བསྒྲུབ་བྱ།  ཅོག་ཙེ་མ་ཡིན་ལས་ལྡོག་པ་ཡིན་ན།   ཅོག་ཙེའི་ལྡོག་པ་ཡིན་པས་མ་ཁྱབ་པ།
དཀའ་གནད།  ཅོག་ཙེའི་མ་ཡིན་པ་ལས་ལྡོག་པ་དང་། ཅོག་ཙེའི་ལྡོག་པའི་ཁྱད་པར།
གཙོ་གནད།  ཤིང་གི་ཅོག་ཙེ་དེ་ཅོག་ཙེ་མ་ཡིན་པ་ལས་ལོག་པ་ཡིན་ཡང་ཅོག་ཙེའི་ལྡོག་པ་མ་ཡིན་པའི་ཁྱད་པར།
 
རྩོད་སྐོར་གཉིས་པ།
ཀ  ཀ་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན། མཚན་ཉིད་ཡིན་པའི་ཁྱབ་ཟེར་ན།
ཁ  གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་ཆོས་ཅན།  མཚན་ཉིད་ཡིན་པར་ཐལ།  ཀ་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།   【གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ།  ཀ་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་ཆོས་ཅན།  ཀ་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ།   ཀ་བའི་ལྡོག་པ་ཡིན་ན་གདུང་འདེགས་ཀྱི་དོན་བྱེད་པའི་མཚོན་བྱ་ཡིན་པས་ཁྱབ་པ་གང་ཞིག  གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་ཡིན་ན་ཀ་བའི་ལྡོག་པ་ཡིན་པས་ཁྱབ་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན།   【ཀ་བའི་ལྡོག་པ་ཡིན་ན་གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ ཀ་བའི་ལྡོག་པ་ཆོས་ཅན།  ཁྱོད་ཡིན་ན་གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་ཡིན་པས་ཁྱབ་པར་ཐལ།   ཁྱོད་ཡིན་ན་ཀ་བ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར།
ཀ མ་གྲུབ་ན།  【ཀ་བའི་ལྡོག་པ་ཡིན་ན་ཀ་དང་གཅིག་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ ཀ་བའི་ལྡོག་པ་ཆོས་ཅན།  ཁྱོད་ཡིན་ན་ཀ་བ་དང་གཅིག་ཡིན་པས་ཁྱབ་པར་ཐལ།  ཁྱོད་ཀྱི་ལྡོག་པ་ལ་ཀ་བ་འཇོག་པ་ལས།  ཤུག་པའི་ཀ་བ་སོགས་མི་འཇོག་པའི་རྒྱུ་མཚན་ཡོད་པའི་ཕྱིར། 
ཀ གོང་གི་རྟགས་གཉིས་པ་མ་གྲུབ་ན།  【གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་ཡིན་ན་ཀ་བའི་ལྡོག་པ་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་ཆོས་ཅན།  ཁྱོད་ཡིན་ན་ཀ་བའི་ལྡོག་པ་ཡིན་པས་ཁྱབ་པར་ཐལ།  ཁྱོད་ཡིན་ན་ཀ་བ་དང་གཅིག་ཡིན་པས་ཁྱབ་པའི་ཕྱིར།
ཀ རྩ་བར་འདོད་ན། 【གདུང་འདེགས་ཀྱི་དོན་བྱེད་པའི་མཚོན་བྱ་མཚན་ཉིད་ཡིན་པར་འདོད་ཟེར་ན།】
ཁ  གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་ཆོས་ཅན།  མཚན་ཉིད་མ་ཡིན་པར་ཐལ།  མཚོན་བྱ་ཡིན་པས་ཕྱིར།
ཀ མ་གྲུབ་ན།  【གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱ་མཚོན་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  གདུང་འདེགས་ཀྱི་དོན་བྱེད་ནུས་པ་ཆོས་ཅན། ཁྱོད་ཀྱི་མཚོན་བྱ་མཚོན་བྱ་ཡིན་པར་ཐལ།  ཁྱོད་ཀྱི་མཚོན་བྱའི་མཚན་ཉིད་ཡོད་པའི་ཕྱིར་ཏེ།  གདུང་འདེགས་ཀྱི་དོན་བྱེད་ནུས་པའི་བཏགས་ཡོད་ཆོས་གསུམ་ཚང་བ་དེ།  གདུང་འདེགས་ཀྱི་དོན་བྱེད་ནུས་པའི་མཚོན་བྱའི་མཚན་ཉིད་ཡན་པའི་ཕྱིར།
དབྱེ་ཞིབ།
ཀ་བ་ཀ་བའི་ལྡོག་པ་ཡིན་ཡང་ཀ་བའི་ལྡོག་པ་ཀ་བའི་ལྡོག་པ་མ་ཡིན་པའིརྒྱུ་མཚན་ནི། ཀ་བ་ཀ་བའི་ལྡོག་པ་ཡིན་པ་ནི་ཀ་བ་ཀ་བ་དང་གཅིག་ཡིན་པ་ལ་ཐུག་ཡོད། དེ་བས་ཀ་བའི་ལྡོག་པ་ཡིན་ན་ཀ་བ་དང་གཅིག་ཡིན་དགོས།  ཀ་བའི་ལྡོག་པ་ཀ་བའི་ལྡོག་པ་མ་ཡིན་པ་ནི་ཀ་བའི་ལྡོག་པ་ཀ་བ་དང་གཅིག་མ་ཡིན་པ་ལ་ཐུག་ཡོད།  ད་དུང་ཀ་བའི་ལྡོག་པ་ཡིན་ན་ཀ་བ་ཡིན་དགོས་ཤིང་། ཀ་བའི་ལྡོག་པ་ཀ་བ་མ་ཡིན་ཏེ་རྟག་པ་ཡིན།  མདོར་ན།  ཀ་བ་ཀ་བའི་ལྡོག་པ་ཡིན། ཀ་བའི་ལྡོག་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ།  ཀ་བའི་ལྡོག་པ་ཀ་བའི་ལྡོག་པ་མ་ཡིན། ཀ་བའི་ལྡོག་པ་རྟག་པ་ཡིན། 
“ཀ་བའི་ལྡོག་པ་རྟག་པ་ཡིན”པའི་རྒྱུ་མཚན་ནི།  གོང་དུ་ཞུས་པ་བཞིན་ཀ་བའི་ལྡོག་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པ་དང་།  ཀ་བའི་ལྡོག་པ་ཀ་བའི་ལྡོག་པ་མ་ཡིན་པ་ལ་ཐུག་ཡོད།  དེ་བས་ཀ་བའི་ལྡོག་པ་ནི་ཀ་བ་མ་ཡིན་པ་ལས་ལོག་པ་ལ་གོ་དགོས་ཤིང་།  དོན་གྱིས་ཀ་བ་ཀ་བ་ཡིན་པའི་ཆ་འམ་ཀ་བ་ཀ་བ་དང་གཅིག་ཡིན་པའི་ཆ་ལ་གོ་དགོས།  སྤྱིར་མཚན་ཉིད་ལ་སོགས་པའི་བྱ་དངོས་ལས་གཞན།   ཤེས་བྱ་གང་ཞིག་ཡིན་ཡང་རང་ཉིད་ཡིན་པ་དང་།  རང་ཉིད་རང་ཉིད་དང་གཅིག་ཡིན་པ་སོགས་ནི་ཆོས་ཉིད་ཅིག་ཡིན་ལ། དེ་བཞིན་ཀ་བའི་སྟེང་དུའང་ཆོས་ཉིད་དེ་དག་གྲུབ་ཡོད་ཀྱང་། རྫས་སུ་གྲུབ་མེད་པས་རྟག་པར་བཞག་པ་ཡིན།  དཔེར་ན།  གཞི་ཀ་བ་ལྟ་བུ་འབྱུང་བཞིའི་ཁམས་ལ་བརྟེན་ནས་གྲུབ་པའི་བྱ་དངོས་རགས་པ་ཞིག་ཡིན་པས་ང་ཚོའི་མིག་ལ་སྣང་ཞིང་།  ལག་པས་རེག་ཐུབ་པ་ཞིག་ཡིན་མོད། ཀ་བའི་སྟེང་གི་ཀ་བ་ཀ་བ་དང་གཅིག་ཡིན་པ། ཀ་བ་ཀ་བ་ཡིན་པ་སོགས་ནི་གཞི་ཀ་བའི་སྟེང་དུ་ཡོད་པའི་ཁྱད་ཆོས་ཤིག་ཡིན་ཡང་མིག་སོགས་དབང་ཤེས་ལ་སྣང་མི་ཐུབ་ཅིང་རྡུལ་རྫས་ཀྱི་ངོ་བོར་མ་གྲུབ་པས་སྟེ་རྟག་པར་བཞག་པ་ཡིན་ནོ། །
བསྒྲུབ་བྱ། ཀ་བའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན། མཚན་ཉིད་ཡིན་པའི་མ་ཁྱབ་པ།
དཀའ་གནད། ཀ་བའི་ལྡོག་པ་དང་ཀ་བ་དང་གཅིག་གཉིས་ཡིན་ཁྱབ་མཉམ་གཉིས་ཀྱི་ཁྱད་པ།
གཙོ་གནད། ཀ་བའི་ལྡོག་པ་ཞེས་པ་ཀ་བ་མ་ཡིན་པ་ལས་ལོག་པ་ལ་གོ་དགོས་པ་ཁོང་དུ་ཆུད་དགོས།
 
རྩོད་སྐོར་གསུམ་པ།
ཀ སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན། མཚོན་བྱ་ཡིན་པས་ཁྱབ་ཟེར་ན།
ཁ སའི་རྫས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།  མཚོན་བྱ་ཡིན་པར་ཐལ།  སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན།   མཚོན་བྱ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།  【སའི་རྫས་ཡོད་ཆོས་གསུམ་ཚང་བ་སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སའི་རྫས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།  ཁྱོད་སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་པར་ཐལ། སའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་ན་སྲ་ཞིང་འཐས་པའི་ལྡོག་པ་ཡིན་པས་ཁྱབ་པ་གང་ཞིག  སྲ་ཞིང་འཐས་པའི་ལྡོག་པ་ཡིན་ན་སའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པས་ཁྱབ་པའི་ཕྱིར།
ཀ  དང་པོ་མ་གྲུབ་ན།   【སའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་། སྲ་ཞིང་འཐས་པའི་ལྡོག་པ་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  འོ་ན། སྲ་ཞིང་འཐས་པ་ཆོས་ཅན།  ཁྱོད་སྲ་ཞིང་འཐས་པའི་ལྡོག་པ་མ་ཡིན་པར་ཐལ།  སའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【སྲ་ཞིང་འཐས་པ་སའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྲ་ཞིང་འཐས་པ་ཆོས་ཅན། ཁྱོད་སའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པར་ཐལ།  སའི་མཚན་ཉིད་ཡིན་པའི་ཕྱིར།
ཀ གཉིས་པ་མ་གྲུབ་ན། 【སྲ་ཞིང་འཐས་པའི་ལྡོག་པ་ཡིན་ན་སའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ སྲ་ཞིང་འཐས་པ་ཆོས་ཅན།  ཁྱོད་ཀྱི་ལྡོག་པ་ཡིན་ན་སའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པས་ཁྱབ་པར་ཐལ། ཁྱོད་ཀྱི་ལྡོག་པ་ཡིན་ན་ཁྱོད་ཡིན་པས་ཁྱབ་པ་གང་ཞིག ཁྱོད་སའི་རྫས་ཡོད་ཆོས་གསུམ་ཚང་བ་ཡིན་པའི་ཕྱིར་ཏེ།  སའི་མཚན་ཉིད་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན། 【སའི་རྫས་ཡོད་ཆོས་གསུམ་ཚང་བ་མཚོན་བྱ་ཡིན་པར་འདོད་ཟེར་ན།】
ཁ  སའི་རྫས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན།  མཚོན་བྱ་མ་ཡིན་པར་ཐལ།  མཚན་ཉིད་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【སའི་རྫས་ཡོད་ཆོས་གསུམ་ཚང་བ་མཚན་ཉིད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སའི་རྫས་ཡོད་ཆོས་གསུམ་ཚང་བ་ཆོས་ཅན། མཚན་ཉིད་ཡིན་པར་ཐལ།  སའི་མཚན་ཉིད་ཀྱི་མཚན་ཉིད་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། སྲ་ཞིང་འཐས་པའི་ལྡོག་པ་དང་ཡིན་ཁྱབ་མཉམ་ཡིན་ན། མཚོན་བྱ་ཡིན་པས་མ་ཁྱབ་པ།
དཀའ་གནད།  སྲ་ཞིང་འཐས་པའི་ལྡོག་པ་ཡིན་ན་མཚོན་བྱ་ཡིན་པས་མ་ཁྱབ་པའི་གནས་ལུགས།
གཙོ་གནད།  སྲ་ཞིང་འཐས་པའི་ལྡོག་པ་དང་སའི་རྫས་ཡོད་ཆོས་གསུམ་ཚང་བ་གཉིས་བར་གྱི་འབྲེལ་བ་དང་ཁྱད་པར།
 
རྩོད་སྐོར་བཞི་པ།
ཀ  ལུག་གི་གཞི་ལྡོག་ཡིན་ན།  ལུག་གི་ལྡོག་པ་ཡིན་པས་ཁྱབ་ཟེར་ན།
ཁ མཚོ་སྔོན་པོའི་ལུག་ཆོས་ཅན།  ལུག་གི་ལྡོག་པ་ཡིན་པར་ཐལ།  ལུག་གི་གཞི་ལྡོག་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【ལུག་གི་གཞི་ལྡོག་ཡིན་ན།  ལུག་གི་ལྡོག་པ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ  མ་གྲུབ་ན།  【མཚོ་སྔོན་པོའི་ལུག  ལུག་གི་གཞི་ལྡོག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མཚོ་སྔོན་པོའི་ལུག་ཆོས་ཅན།  ལུག་གི་གཞི་ལྡོག་ཡིན་པར་ཐལ།  ལུག་གི་མཚན་གཞི་ཡིན་པའི་ཕྱིར།
ཀ  མ་ཁྱབ་ན།   【ལུག་གི་མཚན་གཞི་ཡིན་ན།   ལུག་གི་གཞི་ལྡོག་ཡིན་པས་མ་ཁྱབ་ཟེར་ན།】
ཁ  ཁྱབ་པ་ཡོད་པར་ཐལ།   【ལུག་གི་མཚན་གཞི་ཡིན་ན།  ལུག་གི་གཞི་ལྡོག་ཡིན་པས་ཁྱབ་པ་ཡོད་དགོས་ཏེ།】   ཆོས་དེའི་གཞི་ལྡོག་དང་།  མཚན་གཞི།  བྱེ་བྲག་རྣམས་དོན་གཅིག་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།  【མཚོ་སྔོན་པོའི་ལུག   ལུག་གི་ལྡོག་པ་ཡིན་པར་འདོད་ཟེར་ན།】
ཁ མཚོ་སྔོན་པོའི་ལུག་ཆོས་ཅན།  ལུག་གི་ལྡོག་པ་མ་ཡིན་པར་ཐལ། ལུག་དང་གཅིག་མ་ཡིན་པའི་ཕྱིར།
ཀ མ་ཁྱབ་ན། 【ལུག་དང་གཅིག་མ་ཡིན་ན།  ལུག་གི་ལྡོག་པ་མ་ཡིན་པས་མ་ཁྱབ་ཟེར་ན།】
ཁ ཁྱབ་པ་ཡོད་པར་ཐལ།  【ལུག་དང་གཅིག་མ་ཡིན་ན།  ལུག་གི་ལྡོག་པ་མ་ཡིན་དགོས་ཏེ།】
ཀ  ཤེས་བྱ་གང་ཞིག་ཡིན་ཡང་དེའི་ལྡོག་པ་དང་དེ་དང་གཅིག་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར།
དབྱེ་ཞིབ།
 “གཞི་ལྡོགཞེས་པ་ནི།  ཤེས་བྱ་གང་ཡིན་ཡང་དེའི་མཚན་གཞིའམ་བྱེ་བྲག་ལ་གོ་དགོས། དཔེར་ན། བསྡུས་གཞུང་མང་པོར་གསེར་བུམ་ནི་བུམ་པའི་གཞི་ལྡོག་ཏུ་བཞག་ཡོད་པ་ལྟ་བུ་ཡིན།  དེ་ཡང་ཡིན་ཏེ།  གསེར་བུམ་ནི་བུམ་པ་ཞེས་པའི་དངོས་དེ་དངོས་སུ་མཚོན་པར་བྱེད་པའི་གཞི་ཡིན་པས་ན།  གསེར་བུམ་ལ་བུམ་པའི་གཞི་ལྡོག་ཅེས་བརྗོད་པ་རེད།
བསྒྲུབ་བྱ། ལུག་གི་གཞི་ལྡོག་ཡིན་ན།  ལུག་གི་ལྡོག་པ་ཡིན་པས་མ་ཁྱབ་པ།                   
དཀའ་གནད།  ལྡོག་པ་དང་གཞི་ལྡོག་གི་འབྲེལ་བ་དང་ཁྱད་པར།
2.གཙོ་གནད།  མཚོ་སྔོན་པོའི་ལུག་དེ། ལུག་གི་གཞི་ལྡོག་ཡིན་ལ་རང་ལྡོག་མ་ཡིན་པ།
 
རྩོད་སྐོར་ལྔ་པ།
ཀ  བ་གླང་གི་ལྡོག་པ་ཡིན་ན།  བ་གླང་གི་དོན་ལྡོག་ཡིན་པས་ཁྱབ་ཅེ་ན།
ཁ བ་གླང་ཆོས་ཅན།  བ་གླང་གི་དོན་ལྡོག་ཡིན་པར་ཐལ།  བ་གླང་གི་ལྡོག་པ་ཡིན་པའི་ཕྱིར།  ཁྱབ་པ་ཁས།   【བ་གླང་གི་ལྡོག་པ་ཡིན་ན། བ་གླང་གི་དོན་ལྡོག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།  (བ་གླང་བ་གླང་གི་ལྡོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།)
ཁ  བ་གླང་ཆོས་ཅན།  ཁྱོད་བ་གླང་གི་ལྡོག་པ་ཡིན་པར་ཐལ།  ཁྱོད་བ་གླང་དང་གཅིག་ཡིན་པའི་ཕྱིར། 
ཀ  མ་ཁྱབ་ན།  【བ་གླང་བ་གླང་དང་གཅིག་ཡིན་ན། བ་གླང་བ་གླང་གི་ལྡོག་པ་ཡིན་པས་མ་ཁྱབ་ཟེར་ན།】
ཀ ཁྱབ་པ་ཡོད་པར་ཐལ།   【བ་གླང་བ་གླང་དང་གཅིག་ཡིན་ན། བ་གླང་བ་གླང་གི་ལྡོག་པ་ཡིན་པས་ཁྱབ་པ་ཡོད་དགོས་ཏེ།】    བ་གླང་གི་ལྡོག་པ་ལ་བ་གླང་དང་གཅིག་འཇོག་དགོས་པའི་ཕྱིར།
ཀ རྩ་བར་འདོད་ན།  【བ་གླང་བ་གླང་གི་དོན་ལྡོག་ཡིན་པར་འདོད་ཟེར་ན།】
ཁ  བ་གླང་ཆོས་ཅན། ཁྱོད་བ་གླང་གི་དོན་ལྡོག་མ་ཡིན་པར་ཐལ།  ཁྱོད་བ་གླང་གི་མཚན་ཉིད་མ་ཡིན་པའི་ཕྱིར།
ཀ མ་ཁྱབ་ན།  【བ་གླང་བ་གླང་གི་མཚན་ཉིད་མ་ཡིན་ན། བ་གླང་བ་གླང་གི་དོན་ལྡོག་མ་ཡིན་པས་མ་ཁྱབ་ཟེར་ན།】
ཁ ཁྱབ་པ་ཡོད་པར་ཐལ།   【བ་གླང་བ་གླང་གི་མཚན་ཉིད་མ་ཡིན་ན། བ་གླང་བ་གླང་གི་དོན་ལྡོག་མ་ཡིན་པས་ཁྱབ་དགོས་ཏེ།】   བ་གླང་གི་དོན་ལྡོག་ལ་བ་གླང་གི་མཚན་ཉིད་འཇོག་དགོས་པའི་ཕྱིར།
དབྱེ་ཞིབ།
དོན་ལྡོགཞེས་པ་ནི།  ཤེས་བྱ་གང་ཞིག་ཡིན་ཡང་དེའི་མཚན་ཉིད་ལ་གོ་དགོས།  དཔེར་ན།  དངོས་པོའི་རང་ལྡོག་ལ་དངོས་པོ་འཇོག་པ་དང་།  དངོས་པོའི་གཞི་ལྡོག་ལ་དངོས་པོའི་མཚན་གཞིའམ་བྱེ་བྲག་ཅིག་སྟེ་གློག་ལྟ་བུ་འཇོག་པ་དང་།  དངོས་པོའི་དོན་ལྡོག་ལ་དངོས་པོའི་མཚན་ཉིད་དེ་དོན་བྱེད་ནུས་པ་འཇོག་པ་བཞིན་ནོ། །
བསྒྲུབ་བྱ། བ་གླང་གི་ལྡོག་པ་ཡིན་ན།  བ་གླང་གི་དོན་ལྡོག་ཡིན་པས་མ་ཁྱབ་པ།
དཀའ་གནད།  ལྡོག་པ་དང་དོན་ལྡོག་གི་ཁྱད་པར།
3.གཙོ་གནད།  ནོག་དང་ལྐོག་ཤལ་ལྡན་པ་བ་གླང་གི་དོན་ལྡོག་ཡིན་ལ་ལྡོག་པའམ་རང་ལྡོག་མ་ཡིན་པའི་ཁྱད་པར།
 
གཉིས་པ། རང་ལུགས་བཞག་པ།
1. ལྡོག་པའི་མཚན་ཉིད།
      གཞི་གྲུབ་ན་ཁྱོད་མ་ཡིན་པ་ལས་ལོག་པ་དེ་ཁྱོད་ཀྱི་ལྡོག་པའི་མཚན་ཉིད།  ཁྱོད་མ་ཡིན་པ་ལས་ལོག་པ་དང་ཁྱོད་དང་གཅིག་གཉིས་དོན་གཅིག གཞི་ལ་སྦྱར་ན། མི་མ་ཡིན་པ་ལས་ལོག་པ་མིའི་ལྡོག་པའི་མཚན་ཉིད།  དེ་དང་མི་དང་གཅིག་གཉིས་དོན་གཅིག  དེ་བས་མི་ནི་མིའི་ལྡོག་པ་ཡིན་ཡང་བོད་མི་མིའི་ལྡོག་པ་མ་ཡིན་ཏེ་བོད་མི་མི་དང་ཐ་དད་ཡིན་པའི་ཁྱད་པར་ཤེས་དགོས།
2.དབྱེ་བ།    ལྡོག་པ་ལ་སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། 
<1> རང་ལྡོག 
སྤྱིར་ཤེས་བྱ་གང་ཞིག་ཡིན་ཡང་དེའི་ལྡོག་པ་ལ་རང་ལྡོག་སྟེ་རང་ཉིད་དང་གཅིག་འཇོག་དགོས།  དཔེར་ན།  ལུག་གི་ལྡོག་པ་ལ་ལུག་དང་གཅིག་སྟེ་ལུག་འཇོག་པ་ལས། ན་ནིང་གི་ལུག་མི་འཇོག་པ་ཡིན། རྒྱུ་མཚན་ནི།  ན་ནིང་གི་ལུག་ལུག་དང་ཐ་དད་ཡིན་པས་སོ། །
<2> གཞི་ལྡོག   
རང་དང་ཐ་དད་དུ་གྱུར་བའི་རང་གི་བྱེ་བྲག་གམ་མཚན་གཞི་ཞིག་གཞི་ལྡོག་ལ་འཇོག་པ་ཡིན།  དཔེར་ན། ན་ནིང་གི་ལུག་དེ་ལུག་གི་གཞི་ལྡོག་ཡིན་པ་ལྟ་བུའོ། །
<3> དོན་ལྡོག 
ཤེས་བྱ་གང་ཞིག་ཡིན་ཡང་དེའི་མཚན་ཉིད་དེ། དོན་ལྡོག་ཏུ་འཇོག་པ་ཡིན། དཔེར་ན། ཚ་ཞིང་སྲེག་པ་མེའི་དོན་ལྡོག་ཡིན་པ་ལྟ་བུ།
 དེས་ན།  ཤེས་བྱ་གང་ཞིག་ཡིན་ཡང་རང་ཉིད་དང་གཅིག་ནི་རང་གི་ལྡོག་པ་ཡིན་པ་དང་།  རང་གི་བྱེ་བྲག་ནི་གཞི་ལྡོག་ཡིན་པ་དང་།  རང་གི་མཚན་ཉིད་ནི་དོན་ལྡོག་ཡིན་ཞིང་། དང་པོ་ལྡོག་པ་དངོས་དང་།  ཕྱི་མ་གཉིས་ནི་ལྡོག་པ་བཏགས་པ་བའོ། །ཞིབ་ཏུ་གཤམ་གྱི་དཔེ་བརྗོད་གཟིགས།
ཆུ (རང་། )     བརླན་ཞིང་གཤེར་བ། (དོན།)
         རྫ་ཆུ།  (གཞི།)
 
གསུམ་པ།  རྩོད་པ་སྤོང་བ།
རྩོད་སྤོང་དང་པོ།
  ཀ ཤེས་བྱ་གང་ཞིག་ཡིན་ཡང་རང་ཉིད་རང་གི་ལྡོག་དང་།  རང་གི་མཚན་ཉིད་རང་གི་དོན་ལྡོག  མཚན་གཞི་གཞི་ལྡོག་ཡིན་ན།  གཞི་གྲུབ་ན་ཁྱོད་ཀྱི་ལྡོག་པ་གསུམ་པོ་ཡོད་དགོས་པར་འགྱུར་རོ་ཞེ་ན་མི་འདོད་པ་ཡིན་ཏེ།  འོ་ན།  སྨྲ་མཁས་ཤིང་དོན་གོ་བ་ཆོས་ཅན།  ཁྱོད་ཀྱི་དོན་ལྡོག་ཡོད་པར་ཐལ།  གཞི་གྲུབ་པའི་པའི་ཕྱིར།  ཁྱབ་པ་དོན་གྱིས་ཁས་བླངས།  【གཞི་གྲུབ་ན།   ཁྱོད་ཀྱི་དོན་ལྡོག་ཡོད་པས་ཁྱབ་པ་ཁས་ལེན་གྱི་ཤུགས་སུ་ཁས་བླངས་ཟིན།】
ཀ  མ་གྲུབ་ན།   【སྨྲ་མཁས་ཤིང་དོན་གོ་བ་གཞི་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ སྨྲ་མཁས་ཤིང་དོན་གོ་བ་ཆོས་ཅན།  གཞི་གྲུབ་པར་ཐལ།  མཚན་ཉིད་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【སྨྲ་མཁས་ཤིང་དོན་གོ་བ་མཚན་ཉིད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྨྲ་མཁས་ཤིང་དོན་གོ་བ་ཆོས་ཅན།  མཚན་ཉིད་ཡིན་པར་ཐལ།  མིའི་མཚན་ཉིད་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན།  【སྨྲ་མཁས་ཤིང་དོན་གོ་བའི་དོན་ལྡོག་ཡོད་པར་འདོད་ཟེར་ན།】
ཁ  སྨྲ་མཁས་ཤིང་དོན་གོ་བ་ཆོས་ཅན། ཁྱོད་ཀྱི་དོན་ལྡོག་མེད་པར་ཐལ། ཁྱོད་ཀྱི་མཚན་ཉིད་མེད་པའི་ཕྱིར།
ཀ  མ་གྲུབ་ན།   【སྨྲ་མཁས་ཤིང་དོན་གོ་བའི་མཚན་ཉིད་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ སྨྲ་མཁས་ཤིང་དོན་གོ་བ་ཆོས་ཅན།  ཁྱོད་ཀྱི་མཚན་ཉིད་མེད་པར་ཐལ།  ཁྱོད་མཚན་ཉིད་ཡིན་པའི་ཕྱིར།
དབྱེ་ཞིབ།
རྩོད་སྤོང་འདིའི་ནང་དུ། སྤྱིར་མཚོན་བྱ་ཡིན་ན་དེའི་རང་ལྡོག་དང་། གཞི་ལྡོག  དོན་ལྡོག་གསུམ་ཡོད་པས་ཁྱབ་ཀྱང་། མཚན་ཉིད་ཡིན་ན་རང་ལྡོག་དང་གཞི་ལྡོག་ལས་གཞན་དོན་ལྡོག་མེད་པ་ཡིན་ཏེ།  སྤྱིར་ཆོས་དེའི་དོན་ལྡོག་ལ་ཆོས་དེའི་མཚན་ཉིད་འཇོག་དགོས་པས།  མཚོན་བྱ་ལ་མཚན་ཉིད་ཡོད་ཀྱང་མཚན་ཉིད་ལ་མཚན་ཉིད་མེད་པས་ཡིན་ནོ། །
 
རྩོད་སྤོང་གཉིས་པ།
ཁ  རྨ་ཆུ་ཆོས་ཅན།  ཆུ་དང་གཅིག་ཡིན་པར་ཐལ།  ཆུའི་ལྡོག་པ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།   【རྨ་ཆུ་ཆུའི་ལྡོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྨ་ཆུ་ཆོས་ཅན།  ཆུའི་ལྡོག་པ་ཡིན་པར་ཐལ།  ཆུའི་གཞི་ལྡོག་ཡིན་པའི་ཕྱིར་ཟེར་ན།  མ་ཁྱབ།   【ཆུའི་གཞི་ལྡོག་ཡིན་ན།  ཆུའི་ལྡོག་པ་ཡིན་པས་མ་ཁྱབ།】
ཀ  མ་གྲུབ་ན།  【རྨ་ཆུ་ཆུའི་གཞི་ལྡོག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཀ རྨ་ཆུ་ཆོས་ཅན།  ཆུའི་གཞི་ལྡོག་ཡིན་པར་ཐལ།  ཆུའི་བྱེ་བྲག་ཡིན་པའི་ཕྱིར།
དབྱེ་ཞིབ།
   རྩོད་སྤོང་འདིའི་ནང་དུ།  རྨ་ཆུ་དེ་ཆུའི་གཞི་ལྡོག་ཡིན་ཡང་ཆུའི་ལྡོག་པ་མ་ཡིན་པའི་ཁྱད་པར་བསྒྲུབས་ཡོད།  དེ་ཡང་ཡིན་ཏེ།  ཆུའི་ལྡོག་པ་ཡིན་ན་ཆུ་དང་གཅིག་ཡིན་དགོས་ཤིང་།  ཆུའི་གཞི་ལྡོག་ཡིན་ན་ཆུ་དང་ཐ་དད་ཡིན་དགོས་སོ། །

རྩོམ་སྒྲིག་པ།