བསྡུས་གྲྭའི་རྣམ་བཤད་བློ་གསལ་བྱེ་བའི་འཇུག་ངོགས། ། ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་རྣམ་གཞག ས་བཅད་ལྔ་པ། དགག་སྒྲུབ།
དུས་ཚོད།:2018-8-27  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:918  |   དཔྱད་པ།:0

ས་བཅད་ལྔ་པ།  དགག་སྒྲུབ།
 
དང་པོ།  གཞན་ལུགས་དགག་པ།
རྩོད་སྐོར་དང་པོ།
ཀ  དངོས་པོ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་ཟེར་ན།
ཁ  སྤྲིན་མི་རྟག་པ་ཆོས་ཅན།  སྒྲུབ་པ་ཡིན་པར་ཐལ།  དངོས་པོ་ཡིན་པའི་ཕྱིར།  ཁྱབ་པ་ཁས།【དངོས་པོ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ་པ་ཁྱོད་ཀྱིས་ཁས་བླངས་ཟིན།】    རྟགས་སླ།
ཀ འདོད་ན།【སྤྲིན་མི་རྟག་པ་སྒྲུབ་པ་ཡིན་པར་འདོད་ཟེར་ན།】
ཁ སྤྲིན་མི་རྟག་པ་ཆོས་ཅན།  སྒྲུབ་པ་མ་ཡིན་པར་ཐལ།   དགག་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【སྤྲིན་མི་རྟག་པ་དགག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྤྲིན་མི་རྟག་པ་ཆོས་ཅན།  དགག་པ་ཡིན་པར་ཐལ། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་དགོས་པ་གང་ཞིག  རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་ནས་བརྗོད་དགོས་པའི་ཆོས་ཡིན་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན། 【རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ  སྤྲིན་མི་རྟག་པ་ཆོས་ཅན།  རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་ཡིན་དགོས་པར་ཐལ།  སྤྲིན་མི་རྟག་པ་དངོས་སུ་རྟོགས་པའི་བློར་སྤྲིན་གྱི་རྣམ་པ་དངོས་སུ་སྣང་ནས།  བློ་དེས་སྤྲིན་མི་རྟག་པའི་དགག་བྱ་སྟེ་སྤྲིན་རྟག་པ་ཡིན་པའི་ཆ་རྟོག་ངོར་དངོས་སུ་བཀག་པ་ལ་བརྟེན་ནས། རང་ཤུགས་ཀྱིས་སྤྲིན་མི་རྟག་པ་ཡིན་པའི་ཆ་དབང་ཤེས་ལ་དངོས་སུ་སྣང་མི་སྲིད་ཀྱང་།  རྗེས་དཔག་གི་སྒོ་ནས་རྟོགས་འགྲོ་བ་ཡིན་པའི་ཕྱིར།
ཀ གོང་གི་རྟགས་གཉིས་པ་མ་གྲུབ་ན། 【རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་ནས་བརྗོད་དགོས་པའི་ཆོས་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སྤྲིན་མི་རྟག་པ་ཆོས་ཅན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་དངོས་སུ་བཅད་ནས་བརྗོད་དགོས་པའི་ཆོས་ཡིན་པར་ཐལ།  སྤྲིན་མི་རྟག་ཞེས་བརྗོད་པའི་སྒྲས་སྤྲིན་མི་རྟག་པའི་དགག་བྱ་སྟེ། སྤྲིན་རྟག་པ་ཡིན་པ་ཚིག་ཟིན་ལ་དངོས་སུ་བཀག་ནས་སྤྲིན་མི་རྟག་པ་ཡིན་པ་དངོས་སུ་བརྗོད་པའི་སྒྲ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།    དངོས་པོ་ཡིན་ན་སྒྲུབ་པ་ཡིན་པས་མ་ཁྱབ་པ།
དཀའ་གནད།  དགག་སྒྲུབ་གཉིས་ཀྱི་ཁྱད་པར།
གཙོ་གནད།  སྤྲིན་མི་རྟག་པ་ནི་དངོས་པོ་དང་དགག་པ་གཉིས་ཀྱི་གཞི་མཐུན་ཡིན་པ།
 
རྩོད་སྐོར་གཉིས་པ།
ཀ དགག་པ་ཡིན་ན་རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པས་ཁྱབ་ཟེར་ན།
ཁ ནམ་མཁའ་ཆོས་ཅན།  རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པར་ཐལ།  དགག་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། 【དགག་པ་ཡིན་ན་རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ  མ་གྲུབ་ན། 【ནམ་མཁའ་དགག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ནམ་མཁའ་ཆོས་ཅན།  དགག་པ་ཡིན་པར་ཐལ།  རྟག་པ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【ནམ་མཁའ་རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པར་འདོད་ཟེར་ན།】
ཁ ནམ་མཁའ་ཆོས་ཅན།  རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་མ་ཡིན་པར་ཐལ།  ཁྱོད་ཀྱི་དངོས་མིང་དེ“ནམ”དང“མཁའ”ཞེས་པའི་ཡི་གེ་གཉིས་ཀྱིས་གྲུབ་པ་གང་ཞིག  དེ་གཉིས་རེ་རེ་ནས་དགག་ཚིག་མ་ཡིན་པའི་ཕྱིར། རྟགས་རེ་རེ་ནས་སླ།
དབྱེ་ཞིབ།
བསྒྲུབ་བྱ། དགག་པ་ཡིན་ན་རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པས་མ་ཁྱབ་པ།
དཀའ་གནད། དགག་པ་ལ་མཚོན་ན།  རང་གི་དངོས་མིང་ལ་དགག་ཚིག་སྦྱར་མ་སྦྱར་གཉིས་ཡོད་པ་དང་།  རྟག་པ་ཡིན་ན་དགག་པ་ཡིན་པས་ཁྱབ་པ།
གཙོ་གནད།  ནམ་མཁའ་ལ་མཚོན་ན།  རང་གི་དངོས་མིང་ལ་དགག་ཚིག་མ་སྦྱར་ཡང་དགག་པ་ཡིན་པའི་རྒྱུ་མཚན།
 
རྩོད་སྐོར་གསུམ་པ།
ཀ  རང་ཞེས་བརྗོད་པའི་སྒྲས་རང་མ་ཡིན་པ་བཅད་པའི་ཚུལ་གྱིས་བརྗོད་པར་བྱ་བའི་ཆོས་དེ།  དགག་པའི་མཚན་ཉིད་ཡིན་ཟེར་ན།
ཁ རི་བོ་ཆོས་ཅན།  དགག་པ་ཡིན་པར་ཐལ།  རང་ཞེས་བརྗོད་པའི་སྒྲས་རང་མ་ཡིན་པ་བཅད་པའི་ཚུལ་གྱིས་བརྗོད་པར་བྱ་བའི་ཆོས་ཡིན་པའི་ཕྱིར། 
ཀ མ་གྲུབ་ན། 【རི་བོ་ཞེས་བརྗོད་པའི་སྒྲས་རང་མ་ཡིན་པ་བཅད་པའི་ཚུལ་གྱིས་བརྗོད་པར་བྱ་བའི་ཆོས་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རི་བོ་ཆོས་ཅན།  ཁྱོད་ཞེས་བརྗོད་པའི་སྒྲས་རང་མ་ཡིན་པ་བཅད་པའི་ཚུལ་གྱིས་བརྗོད་པར་བྱ་བའི་ཆོས་ཡིན་པར་ཐལ།  ཁྱོད་ཞེས་བརྗོད་པའི་སྒྲ་དེ་སེལ་འཇུག་གི་སྒྲ་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།  【རི་བོ་ཞེས་བརྗོད་པའི་སྒྲ་དེ།  སེལ་འཇུག་གི་སྒྲ་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ རི་བོ་ཆོས་ཅན།  ཁྱོད་ཞེས་བརྗོད་པའི་སྒྲ་དེ་སེལ་འཇུག་གི་སྒྲ་ཡིན་པར་ཐལ།  ཁྱོད་གཞི་གྲུབ་པའི་ཕྱིར།
ཀ  རྩ་བར་འདོད་ན། 【རི་བོ་དེ།  དགག་པ་ཡིན་པར་འདོད་ཟེར་ན།】
ཁ རི་བོ་ཆོས་ཅན།  དགག་པ་མ་ཡིན་པར་ཐལ།  སྒྲུབ་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【རི་བོ་དེ། སྒྲུབ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རི་བོ་ཆོས་ཅན།  སྒྲུབ་པ་ཡིན་པར་ཐལ། རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་པ་ལ་མ་ལྟོས་པར།  དབང་ཤེས་ལ་ཐད་ཀར་སྣང་ནས་རྟོགས་ཐུབ་པའི་ཆོས་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། རང་ཞེས་བརྗོད་པའི་སྒྲས་རང་མ་ཡིན་པ་བཅད་པའི་ཚུལ་གྱིས་བརྗོད་པར་བྱ་བའི་ཆོས་དེ།  དགག་པའི་མཚན་ཉིད་མ་ཡིན་པ།
དཀའ་གནད།  གཞི་གྲུབ་ན།  རང་ཞེས་བརྗོད་པའི་སྒྲས།  རང་མ་ཡིན་པ་བཅད་པའི་ཚུལ་གྱིས་བརྗོད་པས་ཁྱབ་པ།
གཙོ་གནད། རི་བོ་ཞེས་བརྗོད་པའི་སྒྲས།  རི་བོ་མ་ཡིན་པ་བཅད་པའི་ཚུལ་གྱིས་བརྗོད་པས་ཁྱབ་པ།
 
རྩོད་སྐོར་བཞི་པ། (གཞན་ཡང་།)
ཁ འོ་ན།  རི་བོ་ཞེས་བརྗོད་པའི་སྒྲ་ཆོས་ཅན།  དགག་སྒྲ་ཡིན་པར་ཐལ།  གཞན་སེལ་གྱི་སྒྲ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【རི་བོ་ཞེས་བརྗོད་པའི་སྒྲ་དེ།  གཞན་སེལ་གྱི་སྒྲ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རི་བོ་ཞེས་བརྗོད་པའི་སྒྲ་ཆོས་ཅན།  གཞན་སེལ་གྱི་སྒྲ་ཡིན་པར་ཐལ།  སེལ་འཇུག་གི་སྒྲ་ཡིན་པའི་ཕྱིར་ན་མ་ཁྱབ། 【སེལ་འཇུག་གི་སྒྲ་ཡིན་ན།  གཞན་སེལ་གྱི་སྒྲ་ཡིན་པས་མ་ཁྱབ།】
ཀ མ་གྲུབ་ན། 【རི་བོ་ཞེས་བརྗོད་པའི་སྒྲ།  སེལ་འཇུག་གི་སྒྲ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རི་བོ་ཞེས་བརྗོད་པའི་སྒྲ་ཆོས་ཅན།  སེལ་འཇུག་གི་སྒྲ་ཡིན་པར་ཐལ།  རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།【རི་བོ་ཞེས་བརྗོད་པའི་སྒྲ་དེ།  དགག་སྒྲ་ཡིན་པར་འདོད་ཟེར་ན།】
ཁ འོ་ན།  རྗོད་བྱེད་ཀྱི་སྒྲ་ཡིན་ན།  དགག་སྒྲ་ཡིན་པས་ཁྱབ་པར་ཐལ།  རི་བོ་ཞེས་བརྗོད་པའི་སྒྲ་དགག་སྒྲ་ཡིན་པའི་ཕྱིར། རྟགས་ཁས། 【རི་བོ་ཞེས་བརྗོད་པའི་སྒྲ་དེ།  དགག་སྒྲ་ཡིན་པར་ཁྱོད་ཀྱིས་ཁས་བླངས་ཟིན་པའི་ཕྱིར།】
དབྱེ་ཞིབ།
བསྒྲུབ་བྱ། རི་བོ་ཞེས་བརྗོད་པའི་སྒྲ་དེ།  དགག་སྒྲ་མ་ཡིན་པ།
དཀའ་གནད།  སེལ་འཇུག་གི་སྒྲ་ཡིན་ན།  གཞན་སེལ་གྱི་སྒྲ་ཡིན་པས་མ་ཁྱབ་པ།
གཙོ་གནད། རི་བོ་ཞེས་བརྗོད་པའི་སྒྲ་དེ།  དགག་སྒྲ་མ་ཡིན་པའི་རྒྱུ་མཚན།
 
རྩོད་སྐོར་ལྔ་པ།
ཀ  དགག་པ་གང་ཞིག  རང་ཞེས་བརྗོད་པའི་སྒྲས་མ་ཡིན་དགག་དང་སྒྲུབ་པ་གང་རུང་བརྗོད་ན།  མ་ཡིན་དགག་ཡིན་པས་ཁྱབ་ཟེར་ན།
ཁ རྟ་གང་ཟག་གི་བདག་མེད་ཆོས་ཅན།  མ་ཡིན་དགག་ཡིན་པར་ཐལ། དགག་པ་གང་ཞིག ཁྱོད་ཞེས་བརྗོད་པའི་སྒྲས་མ་ཡིན་དགག་དང་སྒྲུབ་པ་གང་རུང་བརྗོད་པའི་ཕྱིར།  ཁྱབ་པ་ཁས། 【དགག་པ་གང་ཞིག  རང་ཞེས་བརྗོད་པའི་སྒྲས་མ་ཡིན་དགག་དང་སྒྲུབ་པ་གང་རུང་བརྗོད་ན།  མ་ཡིན་དགག་ཡིན་པས་ཁྱབ་པ་ཁས་བླངས་ཟིན་པའི་ཕྱིར།】
ཀ  མ་གྲུབ་ན། 【རྟ་གང་ཟག་གི་བདག་ཞེས་བརྗོད་པའི་སྒྲས།  མ་ཡིན་དགག་དང་སྒྲུབ་པ་གང་རུང་བརྗོད་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟ་གང་ཟག་གི་བདག་མེད་ཆོས་ཅན།  དགག་པ་གང་ཞིག  རང་ཞེས་བརྗོད་པའི་སྒྲས་མ་ཡིན་དགག་དང་སྒྲུབ་པ་གང་རུང་བརྗོད་པར་ཐལ། ཁྱོད་དགག་པ་ཡིན་པ་གང་ཞིག རང་ཞེས་བརྗོད་པའི་སྒྲས་མ་ཡིན་དགག་དང་སྒྲུབ་པ་གང་རུང་བརྗོད་པའི་ཕྱིར། རྟགས་དང་པོ་སླ།
ཀ  གཉིས་པ་མ་གྲུབ་ན། 【རྟ་གང་ཟག་གི་བདག་ཞེས་བརྗོད་པའི་སྒྲས་མ་ཡིན་དགག་དང་སྒྲུབ་པ་གང་རུང་བརྗོད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟ་གང་ཟག་གི་བདག་མེད་ཆོས་ཅན། ཁྱོད་ཞེས་བརྗོད་པའི་སྒྲས་མ་ཡིན་དགག་དང་སྒྲུབ་གང་རུང་བརྗོད་པར་ཐལ།  སྒྲུབ་པ་བརྗོད་པའི་ཕྱིར།
ཀ  མ་གྲུབ་ན། 【རྟ་གང་ཟག་གི་བདག་མེད་ཅེས་བརྗོད་པའི་སྒྲས།  སྒྲུབ་པ་བརྗོད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟ་གང་ཟག་གི་བདག་མེད་ཆོས་ཅན། ཁྱོད་ཞེས་བརྗོད་པའི་སྒྲས་སྒྲུབ་པ་བརྗོད་པར་ཐལ།  ཁྱོད་ཞེས་བརྗོད་པའི་སྒྲས་རྟ་བརྗོད་པ་གང་ཞིག  རྟ་སྒྲུབ་པ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【རྟ་གང་ཟག་གི་བདག་མེད་དེ།  མ་ཡིན་དགག་ཡིན་པར་འདོད་ཟེར་ན།】
ཁ  རྟ་གང་ཟག་གི་བདག་མེད་ཆོས་ཅན།  མ་ཡིན་དགག་མ་ཡིན་པར་ཐལ།  མེད་དགག་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【རྟ་གང་ཟག་གི་བདག་མེད་དེ།  མེད་དགག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟ་ཆོས་ཅན།  ཁྱོད་གང་ཟག་གི་བདག་མེད་དེ།  མེད་དགག་ཡིན་པར་ཐལ།  ཁྱོད་ཡོད་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། དགག་པ་གང་ཞིག  རང་ཞེས་བརྗོད་པའི་སྒྲས་མ་ཡིན་དགག་དང་སྒྲུབ་པ་གང་རུང་བརྗོད་ན།  མ་ཡིན་དགག་ཡིན་པས་མ་ཁྱབ་པ།
དཀའ་གནད། རྟ་གང་ཟག་གི་བདག་མེད་དེ་མེད་དགག་ཡིན་པའི་རྒྱུ་མཚན།
    སྤྱིར་རྟ་དེ་སྒྲུབ་པ་ཡིན་ཡང་།  རྟ་གང་ཟག་གི་བདག་མེད་ནི་མེད་དགག་ཡིན་ཏེ།  རྟ་གང་ཟག་གི་བདག་མེད་ཅེས་པས། རྟ་ཞེས་པ་ནི་རྟའི་སྟེང་དུ་རང་དབང་ཚུགས་ཐུབ་ཏུ་གྲུབ་མེད་པར།  རྟའི་གདགས་གཞི་ཕུང་བོ་ལྔ་ལ་ལྟོས་ནས་ཕར་བཏགས་པ་ཙམ་ཡིན་པའི་གནས་ལུགས་དེ་བསྟན་ཡོད་པ་དང་།  དེ་འདྲ་བའི་གནས་ལུགས་དེ་ནི། རྟའི་སྟེང་གི་གནས་ལུགས་མཐར་ཐུག་གམ་ཆོས་ཉིད་ཡིན་པས་མེད་དགག་ཡིན།  དེ་བཞིན་བྱ་དངོས་གང་ཞིག་ཡིན་ཡང་དེ་གང་ཟག་གི་བདག་མེད་ཅེས་བརྗོད་པའི་དོན་འདི་དང་འདྲ་བ་ཡིན་པ་ཤེས་པར་བྱའོ། །
གཙོ་གནད། རྟ་དེ་ཡང་རྟ་གང་ཟག་གི་བདག་མེད་ཅེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་པ།
 
རྩོད་སྐོར་དྲུག་པ།
ཀ རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་ན། མེད་དགག་ཡིན་པས་ཁྱབ་ཟེར་ན།
ཁ ཆགས་མེད་ཆོས་ཅན།  མེད་དགག་ཡིན་པར་ཐལ།  རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་པའི་ཕྱིར།  ཁྱབ་པ་ཁས། 【རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་ན། མེད་དགག་ཡིན་པས་ཁྱབ་པ་ཁས་བླངས་ཟིན་པའི་ཕྱིར།】
ཀ འདོད་ན། 【ཆགས་མེད་དེ།  མེད་དགག་ཡིན་པར་འདོད་ཟེར་ན།】
ཁ འོ་ན། ཆགས་མེད་ཅེས་པའི་ཚིག་ཟུར་གྱི“མེད”ཚིག་དེ།  རང་གི་དགག་བྱ་བཀག་ཙམ་སྟོན་པའི་སྒྲ་ཡིན་པར་ཐལ།  ཆགས་མེད་དེ་མེད་དགག་ཡིན་པའི་ཕྱིར། རྟགས་ཁས། 【ཆགས་མེད་དེ། མེད་དགག་ཡིན་པ་ཁས་བླངས་ཟིན།】འདོད་མི་ནུས་ཏེ།  ཆགས་མེད་ཅེས་པའི་ཚིག་ཟུར་གྱི“མེད”ཚིག་དེ།  རང་གི་དགག་བྱ་བཀག་ཙམ་སྟོན་པའི་སྒྲ་ཡིན་པར་འདོད་མི་ནུས་ཏེ།  འགལ་ཟླ་སྟོན་པའི་དགག་སྒྲ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཆགས་མེད་ཅེས་པའི་ཚིག་ཟུར་གྱི“མེད”ཚིག་དེ།  འགལ་ཟླ་སྟོན་པའི་དགག་སྒྲ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཆགས་མེད་ཅེས་པའི་ཚིག་ཟུར་གྱི“མེད”ཚིག་དེ་ཆོས་ཅན།  འགལ་ཟླ་སྟོན་པའི་དགག་སྒྲ་ཡིན་པར་ཐལ།  ཆགས་ཅན་གྱི་འགལ་ཟླའི་དགེ་རྩ་ལ་ཆགས་མེད་འཇོག་པ་བཞིན་དུ།  ཞེ་སྡང་མེད་པ་དང་།  མི་རྟག་པ།  རྫུན་ཚིག  མ་རིག་པ་ཞེས་པ་རྣམས་འགལ་ཟླ་སྟོན་པའི་དགག་སྒྲ་ལ་འཇོག་དགོས་པའི་ཕྱིར།  །
ཀ མ་གྲུབ་ན།【ཆགས་ཅན་གྱི་འགལ་ཟླའི་དགེ་རྩ་ལ་ཆགས་མེད་འཇོག་པ་བཞིན་དུ།  ཞེ་སྡང་མེད་པ་དང་།  མི་རྟག་པ།  རྫུན་ཚིག  མ་རིག་པ་ཞེས་པ་རྣམས་འགལ་ཟླ་སྟོན་པའི་དགག་སྒྲ་ལ་འཇོག་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ ཆགས་ཅན་ཆོས་ཅན། ཁྱོད་ཀྱི་འགལ་ཟླའི་དགེ་རྩ་ལ་ཆགས་ཅན་འཇོག་པ་བཞིན་དུ།  ཞེ་སྡང་མེད་པ་དང་།  མི་རྟག་པ།  རྫུན་ཚིག  མ་རིག་པ་ཞེས་པ་རྣམས་འགལ་ཟླ་སྟོན་པའི་དགག་སྒྲ་ལ་འཇོག་དགོས་པར་ཐལ།  ཞེ་སྡང་གི་འགལ་ཟླའི་དགེ་རྩ་ལ་ཞེ་སྡང་མེད་པ་ཞེས་བཤད་པ་བཞིན་དུ། བདེན་ཚིག་གི་འགལ་ཟླ་ལ་རྫུན་ཚིག་དང་།  རིག་པ་ཡེ་ཤེས་ཀྱི་འགལ་ཟླ་ལ་མ་རིག་པ་ཞེས་བཤད་པ་བཞིན་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་ཆོས་ཡིན་ན། མེད་དགག་ཡིན་པས་ཁྱབ་ཟེར་ན།
དཀའ་གནད། དགག་བྱ་བཀག་ཙམ་སྟོན་པའི་དགག་སྒྲ་དང་། འགལ་ཟླ་སྟོན་པའི་དགག་སྒྲ་གཉིས་ཀྱི་ཁྱད་པར།
གཙོ་གནད། ཆགས་མེད་ཅེས་པའི་ཚིག་ཟུར་གྱི“མེད”ཚིག་དེ།  རང་གི་དགག་བྱ་བཀག་ཙམ་སྟོན་པའི་སྒྲ་མ་ཡིན་པར།  འགལ་ཟླ་སྟོན་པའི་དགག་སྒྲ་ཡིན་པ།
ཆགས་མེད་དེ་མེད་དགག་མ་ཡིན་པའི་རྒྱུ་མཚན་ནི།  སྤྱིར་མེད་དགག་ཡིན་ན་རྟག་པ་ཡིན་དགོས་ལ། ཆགས་མེད་ནི་སྲེད་པའི་ཡུལ་ལ་དམིགས་ནས་རང་སྟོབས་ཆགས་པ་མེད་པའི་སེམས་བྱུང་ཞིག་ལ་གོ་དགོས་ཤིང་། སེམས་བྱུང་ཆགས་པའི་འགལ་ཟླ་ཙམ་གྱི་སེམས་བྱུང་ཞིག་ཡིན་ཡིན་པས་ན་དངོས་པོ་ཡིན་ནོ། །
 
རྩོད་སྐོར་བདུན་པ།
 ཀ  རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས།  ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ་དེ། མ་ཡིན་དགག་གི་མཚན་ཉིད་ཟེར་ན།
ཁ དེ་མི་འཐད་པར་ཐལ།  མ་ཡིན་དགག་ཡིན་ན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕངས་པས་མ་ཁྱབ་པའི་ཕྱིར།
ཀ མ་གྲུབ་ན། 【མ་ཡིན་དགག་ཡིན་ན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས།  ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕངས་པས་མ་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ མ་ཡིན་དགག་ཡིན་ན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕངས་པས་མ་ཁྱབ་པར་ཐལ།  མ་ཡིན་དགག་ལ་དབྱེ་ན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ། ཤུགས་ལ་འཕེན་པ།  དངོས་ཤུགས་གཉིས་ཀར་འཕེན་པ། སྐབས་སྟོབས་ཀྱིས་འཕེན་པ་དང་བཞི་ཡོད་པའི་ཕྱིར།
ཀ དང་པོ་ཡོད་པ་རྟགས་མ་གྲུབ་ན། 【རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དང་པོ་དེ་ཡོད་པར་ཐལ  སློབ་མ་མ་ཡིན་པ་ལས་ལོག་པ་ལྟ་བུ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།【སློབ་མ་མ་ཡིན་པ་ལས་ལོག་པ་ལྟ་བུ་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ སློབ་མ་མ་ཡིན་པ་ལས་ལོག་པ་ཆོས་ཅན།  རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པར་ཐལ།  སློབ་མ་མ་ཡིན་པ་ལས་ལོག་པ་ཞེས་བརྗོད་པའི་སྒྲས། སློབ་མ་ཡིན་པ་ལས་ལོག་པའི་དགག་བྱ་སྟེ། སློབ་མ་ཡིན་པ་དེ་ཚིག་ཟིན་ལ་དངོས་སུ་བཀག་པ་གང་ཞིག  དེ་འདྲའི་དགག་བྱ་བཀག་ཤུལ་དུ་སློབ་མ་ཡིན་པ་ལས་ལོག་པའི་དགག་བྱ་ལས་ཆོས་གཞན་སྟེ། སློབ་མ་ཡིན་པ་ལས་ལོག་པ་དེ་དངོས་འཕངས་པ་གང་ཞིག སློབ་མ་མ་ཡིན་པ་ལས་ལོག་པ་དེ་མ་ཡིན་དགག་ཡིན་པའི་ཕྱིར།
ཀ  གཉིས་པ་ཡོད་པ་རྟགས་མ་གྲུབ་ན། 【རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཤུགས་ལ་འཕེན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ དེ་ཡོད་པར་ཐལ།  མཁས་དབང་བློ་བཟང་གིས་ཉིན་པར་དཔེ་ཆར་མི་ལྟ་བ་ལྟ་བུ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【མཁས་དབང་བློ་བཟང་གིས་ཉིན་པར་དཔེ་ཆར་མི་ལྟ་བ་ལྟ་བུ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  མཁས་དབང་བློ་བཟང་གིས་ཉིན་པར་དཔེ་ཆར་མི་ལྟ་བ་ཆོས་ཅན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཤུགས་ལ་འཕེན་པར་ཐལ། མཁས་དབང་བློ་བཟང་གིས་ཉིན་པར་དཔེ་ཆར་མི་ལྟ་ཞེས་བརྗོད་པའི་ཚིག་འདིས།  རང་གི་དགག་བྱ་སྟེ་ཉིན་པར་དཔེ་ཆར་བལྟ་བ་ཚིག་ཟིན་ལ་དངོས་སུ་བཀག་པ་གང་ཞིག“མཁས་དབང”དང“ཉིན་པར་དཔེ་ཆར་མི་བལྟ”ཞེས་པའི་ཚིག་གཉིས་ཀྱིས་མཚན་མོ་དཔེ་ཆར་བལྟ་བ་ཤུགས་ལ་འཕངས་པ་སྟེ།  ཤུགས་ནས་བསྟན་པ་གང་ཞིག  མཚན་མོར་དཔེ་ཆར་བལྟ་བ་སྒྲུབ་པ་ཡིན་པའི་ཕྱིར།
ཀ གསུམ་པ་ཡོད་པ་རྟགས་མ་གྲུབ་ཟེར་ན། 【རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས།  ཆོས་གཞན་མ་ཡིན་དགག་དང་སྒྲུབ་གང་རུང་དངོས་ཤུགས་གཉིས་ཀར་འཕེན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ དེ་ཡོད་པར་ཐལ།  ལུག་རྫི་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལུས་རིད་པ་མ་ཡིན་པ་ཡོད་པ་དེ་དེ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ལུག་རྫི་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལུས་རིད་པ་མ་ཡིན་པ་ཡོད་པ་དེ། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས།  ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་ཤུགས་གཉིས་ཀར་འཕེན་པ་རྟགས་མ་གྲུབ་ཟེར་ན།】
ཁ ལུག་རྫི་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལུས་རིད་པ་མ་ཡིན་པ་ཡོད་པ་ཆོས་ཅན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས།  ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་ཤུགས་གཉིས་ཀར་འཕེན་པར་ཐལ། ལུག་རྫི་ཚོན་པོ་ཉིན་པར་ཟས་མི་ཟ་བ་ལུས་རིད་པ་མ་ཡིན་པ་ཡོད་པ་ཞེས་བརྗོད་པའི་སྒྲས། རང་གི་དགག་བྱ་ཉིན་པར་ཟས་ཟ་བ་ཚིག་ཟིན་ལ་དངོས་སུ་བཀག་ནས།  ཚོན་པོ་ཞེས་པའི་སྒྲས་མཚན་མོ་ཟས་ཟ་བ་ཤུགས་ལ་བསྟན་ནས།  ལུས་རིད་པ་མ་ཡིན་པ་ཡོད་པ་དངོས་སུ་བརྗོད་པ་གང་ཞིག    མཚན་མོ་ཟས་ཟ་བ་སྒྲུབ་པ་དང་།  ལུས་རིད་པ་མ་ཡིན་པ་ཡོད་པ་མ་ཡིན་དགག་ཡིན་པའི་ཕྱིར།
ཀ  བཞི་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།【རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས།  ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་སྐབས་སྟོབས་ཀྱིས་འཕེན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ དེ་ཡོད་པར་ཐལ།  ཚེ་རིང་ཞེས་པའི་མི་དེ། རོང་བ་དང་འབྲོག་པ་གང་རུང་དུ་ངེས་ཤིང་ཁྱད་པར་མ་ངེས་པའི་གང་ཟག་ལ།  མི་འདི་རོང་བ་མ་ཡིན་ཞེས་བརྗོད་པ་ལྟ་བུ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཚེ་རིང་ཞེས་པའི་མི་དེ། རོང་བ་དང་འབྲོག་པ་གང་རུང་དུ་ངེས་ཤིང་ཁྱད་པར་མ་ངེས་པའི་གང་ཟག་ལ།  “མི་འདི་རོང་བ་མ་ཡིན”ཞེས་བརྗོད་པ་ལྟ་བུ། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ཤུལ་དུ།  ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་སྐབས་སྟོབས་ཀྱིས་འཕེན་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ དེ་འདྲའི་སྒྲ་དེ། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས།  ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་སྐབས་སྟོབས་ཀྱིས་འཕེན་པ་ཡིན་པར་ཐལ།  དེ་འདྲའི་སྒྲ་དེས། ཚེ་རིང་རོང་བ་ཡིན་པ་ཚིག་ཟིན་ལ་དངོས་སུ་བཀག་ནས།  ཤུགས་སུ་ཚེ་རིང་འབྲོག་པ་ཡིན་པ་སྐབས་སྟོབས་འཕངས་པ་སྟེ་རང་ཤུགས་གོ་ནུས་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས།  ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ་དེ། མ་ཡིན་དགག་གི་མཚན་ཉིད་མ་ཡིན་པ།
དཀའ་གནད། མ་ཡིན་དགག་ཡིན་ན་རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་ཞེས་པའི་དོན་དེ། ཆོས་གཞན་སྒྲུབ་པ་དང་།  ཡང་ན་མ་ཡིན་དགག  གཞན་སྒྲུབ་པ་དང་མ་ཡིན་དགག་གཉིས་ཀའང་འཕངས་ཆོག་པ།
གཙོ་གནད། མ་ཡིན་དགག་ལ་ནང་གསེས་ཀྱི་དབྱེ་བ་བཞི་ཡོད་པ་དང་།  ཕན་ཚུན་བར་གྱི་འབྲེལ་བ་དང་ཁྱད་པར།
རྩོད་སྐོར་བརྒྱད་པ།
ཀ དགག་པ་གང་ཞིག  རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མི་འཕེན་པ་དེ་མེད་དགག་གི་མཚན་ཉིད།  ཆོས་གཞན་འཕེན་པ་དེ་མ་ཡིན་དགག་གི་མཚན་ཉིད་ཟེར་ན།
ཁ རྟག་པས་སྟོང་བའི་སློབ་ཁང་ཆོས་ཅན།  རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པར་ཐལ།  མ་ཡིན་དགག་ཡིན་པའི་ཕྱིར།
ཀ འདོད་ན། 【རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པས་སྟོང་བའི་སློབ་ཁང་ཆོས་ཅན། ཡུལ་ཅན་ཡིན་པར་ཐལ།  འདོད་པའི་ཕྱིར། ཁྱབ་སྟེ། 【རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ་ཡིན་ན་ཡུལ་ཅན་ཡིན་དགོས་སྟེ།】 ཡུལ་ཅན་མ་ཡིན་པའི་འཕེན་ཚུལ་དང་སྒྲུབ་ཚུལ་མེད་པའི་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། དགག་པ་གང་ཞིག    རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་པ་དེ་མ་ཡིན་དགག་གི་མཚན་ཉིད་མ་ཡིན་པ།
དཀའ་གནད། མ་ཡིན་དགག་དང་མེད་དགག་གང་ཡིན་ཡང་། རང་དངོས་སུ་རྟོགས་པའི་བློ་དང་།  ཡང་ན།  རང་ཞེས་བརྗོད་པའི་བློས་དགག་བྱ་བཅད་པ་དང་།  དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་ཚུལ་མེད་པ།
གཙོ་གནད། རྟག་པས་སྟོང་བའི་སློབ་ཁང་རང་གིས་དགག་བྱ་གཅོད་པ་དང་།  དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕེན་ཚུལ་མེད་པ།
 
གཉིས་པ།  རང་ལུགས་བཞག་པ།
གཅིག  སྒྲུབ་པ།
1.མཚན་ཉིད།
     རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པ་མ་ཡིན་པར།  རང་འཛིན་མངོན་སུམ་ལ་ཐད་ཀར་སྣང་ནས་རྟོགས་ཐུབ་པའི་ཆོས་དེ།  སྒྲུབ་པའི་མཚན་ཉིད། མཚན་གཞི་ནི། རང་གི་ལག་མཐིལ་ལྟ་བུ་ཡིན་ཏེ།  རང་གི་ལག་མཐིལ་དེ་རྟོགས་དུས།  རང་གི་ལག་མཐིལ་གྱི་འགལ་ཟླའི་དགག་བྱ་ཞིག་ངོས་བཟུང་ནས། དེ་བཀཀ་པ་ལ་བརྟེན་ས་རང་གི་ལག་མཐིལ་ངོས་འཛིན་དགོས་པ་མ་ཡིན་པར།  རང་གི་ལག་མཐིལ་དེ་རང་གི་མིག་ཤེས་ལ་ཐད་ཀར་སྣང་ནས་ངོས་འཛིན་ཐུབ་པས་ན།  སྒྲུབ་པ་ཞེས་བྱའོ། །
2. དགག་སྒྲུབ་གཉིས་ཀྱི་ཁྱད་པར།
སྤྱིར་དགག་པ་དང་སྒྲུབ་པ་ཞེས་པའི་ཐ་སྙད་དེ་གཉིས་ཀྱི་ཁྱད་པར་ཡང་། ང་ཚོ་མིའི་རིགས་ཀྱིས་ཤེས་བྱ་ཡུལ་གྱི་ངོ་བོ་དེ་ཇི་ལྟར་ངོས་འཛིན་ཚུལ་གྱི་ཁྱད་པར་ལ་བརྟེན་ནས་བྱུང་བ་ཡིན་ཏེ།  ཕྱི་རོལ་ཡུལ་གྱི་ཤེས་བྱ་ཐམས་ཅད་བསྡུས་ན་མངོན་གྱུར་དང་ལྐོག་གྱུར་གཉིས་སུ་འདུ་བ་དང་།  མངོན་གྱུར་གྱི་ཤེས་བྱ་ཕལ་ཆེར་ནི་དབང་ཤེས་ལ་དངོས་སུ་སྣང་ནས་ངོས་འཛིན་ཐུབ་པས་ན། དེ་དག་ལ་སྒྲུབ་ཞེས་བརྗོད། སྒྲུབ་པ་ཞེས་པའི་ཚིག་ངོས་ཀྱི་དོན་ནི། ཤེས་བྱ་དེ་ངོས་འཛིན་དུས་བློས་འགལ་ཟླའི་དགག་བྱ་དགག་པ་སྟེ་སེལ་བ་ལ་མ་ལྟོས་པར། ཤེས་བྱ་རང་ངོས་ནས་ཐད་ཀར་འཛིན་དབང་ཤེས་པ་ལ་སྣང་སྟེ་ངོས་འཛིན་ཐུབ་པའི་དོན་ཡིན།
མངོན་གྱུར་གྱི་ཤེས་བྱ་སྐོར་ཞིག་དང་།  མངོན་ལྐོག་གཉིས་སུ་ཕྱེ་བའི་ལྐོག་གྱུར་གྱི་ཤེས་བྱ་སྟེ་རྟག་པ་ཐམས་ཅད་ནི། ཤེས་བྱ་དེ་རྟོགས་དུས་དབང་ཤེས་པ་ལ་ཐད་ཀར་སྣང་མི་ནུས་པར་འགལ་ཟླའི་དགག་བྱ་ཞིག་ངོས་བཟུང་ནས་དེ་དགག་སྟོབས་ཀྱིས་རྟོགས་དགོས་པས་ན།  དགག་པ་ཞེས་བརྗོད།  དགག་པ་ཞེས་པའི་ཚིག་ངོས་ཀྱི་དོན་ནི།  ཤེས་བྱ་དེ་ངོས་འཛིན་དུས། ཤེས་བྱ་རང་ངོས་ནས་དབང་ཤེས་ལ་ཐར་ཀར་སྣང་མི་ནུས་པར་ཤེས་བྱ་དེའི་འགལ་ཟླའི་དགག་བྱ་ཞིག་ངོས་བཟུང་ནས།  དེ་དགག་སྟོབས་ཀྱིས་ངེས་པའི་དགོས་པའི་དོན་ཡིན།  དེས་ན།  རྟག་པ་ཡིན་ན། དེ་ངོས་འཛིན་དུས་དབང་ཤེས་ལ་དངོས་སུ་སྣང་མི་ནུས་པར་རྟོག་ངོར་དེའི་འགལ་ཟླའི་དགག་བྱ་ཞིག་བཅད་ནས་རྟོགས་དགོས་པས་ན། དགག་པ་ཡིན་པས་ཁྱབ་ལ།  དངོས་པོ་ཡིན་ན།  དེ་ངོས་འཛིན་དུས་དབང་ཤེས་ལ་ཐད་ཀར་སྣང་ནུས་མི་ནུས་ཀྱི་ཆ་གཉིས་ཡོས་པས།  དངོས་པོ་སྐོར་ཞིག་སྒྲུབ་པ་དང་སྐོར་ཞིག་དགག་པ་ཡིན།  དཔེར་ན། མགོ་དང་།  ལག་པ།  རྐང་བ་སོགས་དགག་བྱ་བཅད་པ་དང་དོན་སྤྱི་བརྒྱུད་པ་སོགས་ལ་མ་ལྟོས།  ཐད་ཀར་དབང་ཤེས་སྣང་ནས་རྟོགས་ཐུབ་པས་ན་སྒྲུབ་པ་ཡིན་ལ།  མགོ་མི་རྟག་པ། རྐང་པ་མི་རྟག་པ།  ལག་པ་མི་རྟག་པ་སོགས་ནི་དངོས་པོ་ཡིན་ཡང་དགག་བྱ་བཅད་པ་སོགས་ལ་མ་ལྟོས་པར།  དབང་ཤེས་ལ་ཐད་ཀར་སྣང་ནས་རྟོགས་མི་ཐུབ་པས་ན་དགག་པ་ཡིན།
གཉིས།  དགག་པ།
1.མཚན་ཉིད།
རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཅད་ནས་རྟོགས་དགོས་པའི་ཆོས་དེ་དགག་པའི་མཚན་ཉིད། དགག་པ་དང་།  སེལ་བ།  གཞན་སེལ།  ལྡོག་པ་རྣམས་དོན་གཅིག་མིང་རྣམ་གྲངས། མཚན་གཞི་ནི།  ནམ་མཁའ་ལྟ་བུ་ཡིན་ཏེ།  ནམ་མཁའ་དངོས་སུ་རྟོགས་པའི་བློས།  ནམ་མཁའི་དགག་བྱ་སྟེ་ཐོགས་རེག་བཀག་ནས།  ཐོགས་རེག་གིས་སྟོང་བ་སྟེ་ཐོགས་རེག་མེད་པའི་བར་སྣང་ཉིད་ནམ་མཁའ་ཡིན་པ་རྟོགས་དགོས་པ་ལྟ་བུ། དེ་ལྟ་མ་ཡིན་པར་ནམ་མཁའ་དབང་ཤེས་ལ་དངོས་སུ་སྣང་ནས་རྟོགས་ཐབས་མེད་པས། ནམ་མཁའ་རྟོགས་དུས་ངེས་པར་ནམ་མཁའི་དགག་བྱ་སྟེ་ཐོགས་རེག་གི་རྣམ་པ་བློར་ངོར་ཤར་ནས།  དེ་དགག་པ་སྟོབས་ཀྱིས་ངོས་འཛིན་དགོས་པ་ཡིན་ནོ། །
2.དབྱེ་ན།    མ་ཡིན་དགག་དང་།     མེད་དགག་གཉིས་ཡོད།
2.1 མ་ཡིན་དགག
2.1.1མཚན་ཉིད།
དགག་པ་གང་ཞིག   རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་འཕེན་པ་དེ།  མ་ཡིན་དགག་གི་མཚན་ཉིད།  མཚན་གཞི་ནི། འཇའ་ཚོན་མི་རྟག་པ་ལྟ་བུ།  འཇའ་ཚོན་ནི་རང་དངོས་སུ་རྟོགས་པའི་བློས་དགག་བྱ་བཅད་པ་སོགས་ལ་མ་ལྟོས་པར་ཐད་ཀར་རྟོགས་ནུས་ཡང་། འཇའ་ཚོན་མི་རྟག་པ་ནི་འཇའ་ཚོན་མི་རྟག་པ་རྟོགས་པའི་བློས་ཐད་ཀར་རྟོགས་མི་ནུས་པར།  བློ་དེས་འཇའ་ཚོན་མི་རྟག་པའི་དགག་བྱ་སྟེ་འཇའ་ཚོན་རྟག་པ་ཡིན་པ་དངོས་སུ་བཀག་ཤུལ་དུ།  དགག་བྱ་དེ་དང་ཆོས་གཞན་དེ་འཇའ་ཚོན་མི་རྟག་པ་ཡིན་པ་དངོས་སུ་སྒྲུབ་ཡོད་པ་ལྟ་བུ། འཇའ་ཚོན་མི་རྟག་ནི་འཇའ་ཚོན་རྟག་པ་བཅད་ཙམ་གྱི་ཆ་ལ་བྱེད་པ་མ་ཡིན་པར། རྟག་པ་བཅད་པའི་གཞིའི་འཇའ་ཚོན་སྐད་ཅིག་དང་པོ་དེ་རང་དུས་སྐད་ཅིག་གཉིས་པར་མི་སྡོད་པའི་ཆ་ལ་གོ་དགོས། དེ་བས་འཇའ་ཚོན་སྟེང་གི་སྐད་ཅིག་དང་པོ་དེ་རང་དུས་སྐད་ཅིག་གཉིས་པའི་དུས་སུ་མི་སྡོད་པའི་ཆ་དེ་མི་རྟག་པའི་དོན་ཡིན་ལ།  དེ་འདྲའི་མི་རྟག་པ་དེ་དབང་ཤེས་ལ་དངོས་སུ་སྣང་མི་ནུས་པར།  རྟོག་ངོར་དགག་བྱ་བཅད་ནས་རྟོགས་དགོས་པས།  འཇའ་ཚོན་མི་རྟག་པ་དེ་སྤྱིར་དགག་པ་དང་སྒོས་སུ་མ་ཡིན་དགག་ཏུ་བཞག་པ་ཡིན་ནོ། །
2.1.2 དབྱེ་བ།
རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ།  ཤུགས་ལ་འཕེན་པ།  དངོས་ཤུགས་གཉིས་ཀར་འཕེན་པ།  སྐབས་སྟོབས་གྱིས་འཕེན་པ་དང་བཞི་ཡོད།
〈1〉 རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ། 
དཔེར་ན།  རི་མེད་པའི་ཐང་ལྟ་བུ་ཡིན་ཏེ།  རི་མེད་པའི་ཐང་དངོས་སུ་རྟོགས་པའི་བློས། རི་མེད་པའི་ཐང་གི་དགག་བྱ་སྟེ་རི་ཡོད་པ་དངོས་སུ་བཀག་ནས།  དེའི་ཤུལ་དུ་ཐང་དངོས་སུ་འཕངས་པ་སྟེ་དངོས་སུ་བརྗོད་པ་གང་ཞིག  ཐང་དེ་སྒྲུབ་པ་ཡིན་པའི་ཕྱིར།  དེ་བཞིན་ཁང་པ་མེད་པའི་ས་ཕྱོགས་སོགས་རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པ་དུ་མ་ཡོད་པར་ཤེས་པར་བྱའོ། །
〈2〉 ཤུགས་ལ་འཕེན་པ། 
དཔེར་ན། སུམ་རྟགས་ལ་མཁས་པའི་སྐལ་བཟང་གིས་ཉིན་པར་སློབ་སྦྱོང་མི་བྱེད་པ་ལྟ་བུ་ཡིན་ཏེ།  དེ་དངོས་སུ་རྟོགས་པའི་བློས་དགག་བྱ་ཉིན་པར་སློབ་སྦྱོང་བྱེད་པ་བཀག་ནས།  ཚིག་ཟུར་གྱི“ཉིན་པར་སློབ་སྦྱོང་མི་བྱེད་པ”དང་ “མཁས་པ”ཞེས་པས་མཚན་མོ་སློབ་སྦྱོང་བྱེད་པ་ཤུགས་ལ་བསྟན་པ་ཡིན་པ་གང་ཞིག   མཚན་མོར་དཔེ་ཆ་ལྟ་བ་ནི་སྒྲུབ་པ་ཡིན། གཞན། དཔེ་ཆ་མ་ཡིན་པ་ལས་ལོག་པ་སོགས་དཔེ་མང་དུ་ཡོད་པ་ཤེས་པར་བྱ། 
〈3〉དངོས་ཤུགས་གཉིས་ཀར་འཕེན་པ།
དཔེར་ན། སུམ་རྟགས་ལ་མཁས་པའི་སྐལ་བཟང་གིས་ཉིན་པར་སློབ་སྦྱོང་མི་བྱེད་ཅིང་། ཁོས་སུམ་རྟགས་སྐོར་གྱི་བརྩམས་ཆོས་ཀྱང་སྣ་མི་འདྲ་བ་གསུམ་ཕུད་ཡོད་ཅེས་པ་ལྟ་བུ་ཡིན་ཏེ།  དེ་དངོས་སུ་རྟོགས་པའི་བློས་ཉིན་པར་དཔེ་ཆ་ལྟ་བ་དངོས་སུ་བཀག་ནས།  དེའི་ཤུལ་དུ་མཚན་མོ་དཔེ་ཆ་ལྟ་བ་ཤུགས་ནས་བསྟན་པ་དང་།  སུམ་རྟགས་སྐོར་གྱི་བརྩམས་ཆོས་ཀྱང་སྣ་མི་འདྲ་བ་གསུམ་ཕུད་ཡོད་པ་དངོས་སུ་འཕངས་པ་སྟེ།  དངོས་སུ་བརྗོད་ཡོད་པ་ལྟ་བུ།
〈4〉སྐབས་སྟོབས་གྱིས་འཕེན་པ། 
དཔེར་ན། མདུན་དུ་ཡོད་པའི་མི་གཉིས་གང་རུང་ཞིག་ཚེ་རིང་ཡིན་པར་ངེས་ཤིང་། གང་ཡིན་མ་ངེས་པའི་གང་ཟག་ལ།  མི་གཞན་ཞིག་གིས་འདི་དོན་གྲུབ་རེད་ཅེས་མཚམས་སྦྱོར་བྱས་པ་ན།  ཚེ་རིང་མཚམས་སྦྱོར་མ་བྱས་ཀྱང་དོན་གྲུབ་མཚམས་སྦྱོར་བྱས་པ་ལས་སྐབས་སྟོབས་ཀྱིས་སམ་རང་ཤུགས་ཀྱིས་ཤེས་འགྲོ་བ་ལྟ་བུ།
2.2  མེད་དགག
2.2.1 མཚན་ཉིད།
       རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་དངོས་སུ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་མི་འཕེན་པ་དེ།  མེད་དགག་གི་མཚན་ཉིད།  དཔེར་ན། བྲམ་ཟེ་ཡིས་ཆང་མི་འཐུང་ཞེས་པ་ལྟ་བུ།  འདི་ལ་མཚོན་ན།  བྲམ་ཟེ་ཡིས་ཆང་མི་འཐུང་བ་དངོས་སུ་རྟོགས་པའི་བློས།  དགག་བྱ་ཆང་འཐུང་བ་བཀག་པ་ཙམ་ལས།  དགག་བྱ་དེ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་ཤུགས་གང་དུ་ཡང་མི་འཕེན་པ་ཡིན། གཞན་དུ་ན།  བྲམ་ཟེ་ཡིས་དེ་རིང་ཆང་མི་འཐུང་ཞེས་བརྗོད་ན་གོང་དང་མི་འདྲ་སྟེ།  ཚིག་འདིས།   བྲམ་ཟེ་ཡིས་དེ་རིང་ཆང་འཐུང་བ་བཀག་ཤུལ་དུ་དགག་བྱ་ལས་ཆོས་གཞན་སྟེ་དེ་རིང་ལས་དུས་གཞན་དུ་ཆང་འཐུང་བ་ཤུགས་ལ་བསྟན་ཡོད་ཕྱིར།  འདི་ལྟ་བུ་མ་ཡིན་དགག་ཡིན། 
     དེ་བཞིན་དུ།  ནམ་མཁའ་དང་།  མི་དུད་འགྲོ་མ་ཡིན་པ་སོགས་ཀྱང་རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་བཀག་པ་ཅམ་གྱི་ཆ་ལ་ངོས་འཛིན་པ་ལས། དགག་བྱ་དེ་བཀག་ཤུལ་དུ་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་མི་འཕེན་པ་ཡིན།  མདོར་ན།  མེད་དགག་ཡིན་ན་རང་དངོས་སུ་རྟོགས་པའི་བློ་དེས།  མེད་དགག་རང་གི་དགག་བྱ་དེ་བཅད་ཙམ་མམ་བཀག་ཙམ་གྱི་ཆ་དེ་རྟོགས་ཀྱི།  དེ་ལས་གཞན་པའི་སྒྲུབ་པ་དང་མ་ཡིན་དགག་གི་ཆོས་གཉིས་གང་རུང་དངོས་ཤུགས་གང་དུའང་མི་རྟོགས་པ་ཞིག་ཡིན་ནོ། །
2.2.2  དབྱེ་བ།
རང་གི་དགག་བྱ་ཤེས་བྱ་ལ་སྲིད་པའི་མེད་དགག་དང་།  རང་གི་དགག་བྱ་ཤེས་བྱ་ལ་མི་སྲིད་པའི་མེད་དགག་གཉིས་ཡོད།
〈1〉རང་གི་དགག་བྱ་ཤེས་བྱ་ལ་སྲིད་པའི་མེད་དགག།
དཔེར་ན། སྒྲ་མེད་པ་དང་།  རོ་མེད་པ། མི་མེད་པ།  ཆུ་མེད་པ་ལྟ་བུ་ཡིན་ཏེ། དེ་དག་རེ་རེ་ནས་མེད་དགག་ཡིན་དང་།  དང་པོའི་དགག་བྱ་ནི་སྒྲ་དང་།  གཉིས་པའི་དགག་བྱ་ནི་རོ།  གསུམ་པའི་དགག་བྱ་ནི་མི།  བཞི་པའི་དགག་བྱ་ནི་ཆུ་ཡིན་པ་གང་ཞིག   དགག་བྱ་དེ་དག་རེ་རེ་ནས་ཡོད་པ་ཡིན་ནོ། །
〈2〉རང་གི་དགག་བྱ་ཤེས་བྱ་ལ་མི་སྲིད་པའི་མེད་དགག 
དཔེར་ན། རི་བོང་གི་རྭ་མེད་པ་དང་།  ནམ་མཁའི་མེ་ཏོག་མེད་པ། གང་ཟག་གི་བདག་མེད་པ་ལྟ་བུ་ཡིན་ཏེ། དེ་དག་རེ་རེ་ནས་མེད་དགག་ཡིན་པ་དང་།  དང་པོའི་དགག་བྱ་ནི་རི་བོང་གི་རྭ་དང་།  གཉིས་པའི་དགག་བྱ་ནི་ནམ་མཁའི་མེ་ཏོག་དང་། གསུམ་པའི་དགག་བྱ་ནི་གང་ཟག་གི་བདག་ཡིན་པ་གང་ཞིག  དགག་བྱ་དེ་དག་རེ་རེ་ནས་མེད་པ་ཡིན་ནོ། །
     མདོར་བསྡུས་ན།  དངོས་ལ་དགག་སྒྲུབ་གཉིས་ཡོད་པ་དང་།  རྟག་པ་ཡིན་ན་དགག་པ་ཡིན་པས་ཁྱབ་ལ།  རང་གི་དངོས་མིང་ལ་དགག་ཚིག་སྦྱར་བའི་དངོས་པོ་ཡིན་ན་དགག་པ་གཉིས་ལས་མ་ཡིན་དགག་ཡིན་པས་ཁྱབ་པ་དང་།  རང་གི་དངོས་མིང་ལ་དགག་ཚིག་མེད་པའི་དངོས་པོ་ཡིན་ན་སྒྲུབ་པ་ཡིན་པས་ཁྱབ།  མེད་དགག་ཡིན་ན་རྟག་པ་ཡིན་པས་ཁྱབ་ལ། མ་ཡིན་དགག་ལ་རྟག་པ་དང་དངོས་པོ་གཉིས་ཡོད།  མ་ཡིན་དགག་དང་མེད་དགག་གི་ཁྱད་པར་གཙོ་བོ་ནི།  དགག་བྱ་བཀག་ཙམ་གྱི་ཆ་ལ་བཞག་པ་མེད་དགག་དང་།  དེ་ཙམ་མ་ཡིན་པར་རང་གི་དགག་བྱ་དེ་བཀག་པའི་དགག་གཞི་ལ་བཞག་པ་མ་ཡིན་དགག་ཡིན། དཔེར་ན།  བྲམ་ཟེ་ཡིས་ཆང་མི་འཐུང་ཞེས་པས་བྲམ་ཟེ་ཡིས་ཆང་འཐུང་བ་བཀག་ཙམ་ཡིན་པ་དང་།  བྲམ་ཟེ་ཡིས་དེ་རིང་ཆང་མི་འཐུང་ཞེས་པས་བྲམ་ཟེ་ཡིས་དེ་རིང་ཆང་འཐུང་བ་བཀག་པ་ལས་གཞན།  ད་དུང་དེ་རིང་ལས་གཞན་པའི་དུས་གཞན་ཞིག་ཏུ་ཆང་འཐུང་གི་ཡོད་པ་འམ་ཆོག་པ་བསྟན་ཡོད་པས།  སྔ་མ་ནི་མེད་དགག་དང་།  ཕྱི་མ་ནི་མ་ཡིན་དགག་ཡིན་ནོ། །
གསུམ་པ།  རྩོད་པ་སྤོང་བ།
རྩོད་སྤོང་དང་པོ།
 ཁ ཆུའི་དགག་གཞིར་ཆུ་མེད་པ་ཆོས་ཅན།  མེད་དགག་མ་ཡིན་པར་ཐལ།  མ་ཡིན་དགག་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【ཆུའི་དགག་གཞིར་ཆུ་མེད་པ་དེ། མ་ཡིན་དགག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཆུའི་དགག་གཞིར་ཆུ་མེད་པ་ཆོས་ཅན།  མ་ཡིན་དགག་ཡིན་པར་ཐལ།  རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པའི་ཕྱིར།
ཀ མ་གྲུབ་ན། 【རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པའི་ཕྱིར།】
ཁ ཆུའི་དགག་གཞིར་ཆུ་མེད་པ་ཆོས་ཅན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པར་ཐལ།  རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་བརྗོད་པའི་ཕྱིར་ན་མ་ཁྱབ། 【རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་བརྗོད་ན།  རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པས་མ་ཁྱབ།】
ཀ  མ་གྲུབ་ན། 【རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་བརྗོད་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཆུའི་དགག་གཞིར་ཆུ་མེད་པ་ཆོས་ཅན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་བརྗོད་པར་ཐལ། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་པ་གང་ཞིག  དགག་བྱ་ལས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་བརྗོད་པའི་ཕྱིར། རྟགས་དང་པོ་སླ།
ཀ  གཉིས་པ་མ་གྲུབ་ན། 【ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་བརྗོད་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཆུའི་དགག་གཞིར་ཆུ་མེད་པ་ཆོས་ཅན། རང་ཞེས་བརྗོད་པའི་སྒྲས་ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་བརྗོད་པར་ཐལ།  རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ལས་ཆོས་གཞན་ཆུ་དངོས་སུ་བརྗོད་པ་གང་ཞིག  ཆུ་སྒྲུབ་པ་ཡིན་པའི་ཕྱིར། རྟགས་གཉིས་པ་སླ།
ཀ  དང་པོ་མ་གྲུབ་ན། 【ཆུའི་དགག་གཞིར་ཆུ་མེད་པ་ཞེས་བརྗོད་པའི་སྒྲས། རང་གི་དགག་བྱ་ལས་ཆོས་གཞན་ཆུ་བརྗོད་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཆུའི་དགག་གཞིར་ཆུ་མེད་པ་ཆོས་ཅན། རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ལས་ཆོས་གཞན་ཆུ་དངོས་སུ་བརྗོད་པར་ཐལ། སྒྲ་མི་རྟག་པ་ཞེས་པ་དང་།  སྒྲའི་མི་རྟག་པ་ཞེས་པ་གཉིས་ཀྱིས་སྒྲ་ཚིག་ཟིན་ལ་དངོས་སུ་བརྗོད་པ་གང་ཞིག  མཚུངས་པའི་ཕྱིརཏེ། གཉིས་ཀས་གཅིག་གཅིག་བརྗོད་མོད་ཀྱང་། །ཞེས་གསུངས་པའི་དོན་ཡོད་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཆུའི་དགག་ཞིར་ཆུ་མེད་པ་དེ།  མ་ཡིན་དགག་མ་ཡིན་པ།
དཀའ་གནད།  རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་བརྗོད་ན།  རང་ཞེས་བརྗོད་པའི་སྒྲས་རང་གི་དགག་བྱ་ཚིག་ཟིན་ལ་དངོས་སུ་བཀག་ནས། ཆོས་གཞན་མ་ཡིན་དགག་དང་སྒྲུབ་པ་གང་རུང་དངོས་སུ་འཕེན་པས་མ་ཁྱབ་པ།
  འདིར་འཕངས་པ་དང་བརྗོད་པའི་ཁྱད་པར་བཞག་པ་དེ་ཡང་།  གཙོ་བོ་བློས་རྟོགས་ཚུལ་གྱི་སྒོ་ནས་ཡིན་ཏེ།  ཡུལ་གང་ཞིག་ཡིན་ཡང་དེ་བློས་རྟོགས་དུས་ཐད་ཀར་རྟོགས་ཐུབ་པ་ལ་སྒྲུབ་པ་དང་།  ཐད་ཀར་རྟོགས་མི་ནུས་པར་དགག་བྱ་བཅད་པ་དང་དོན་སྤྱི་བརྒྱུད་པ་སོགས་ལ་ལྟོས་དགོས་པ་དགག་པར་བཞག་པ་ཡིན་པས། ཚིག་གིས་དངོས་སུ་བརྗོད་ན་དགག་བྱ་བཀག་ཤུལ་དུ་ཆོས་གཞན་འཕངས་པའི་མ་ཁྱབ་པའི་ཁྱད་པར་ཕྱེ་བ་ཡིན་ནོ། །
གཙོ་གནད། ཆུའི་དགག་གཞིར་ཆུ་མེད་པ་དེ།  མེད་དགག་ཡིན་པའི་རྒྱུ་མཚན།
 
རྩོད་སྤོང་གཉིས་པ།
ཁ  ནམ་མཁའ་ཞེས་བརྗོད་པའི་སྒྲ་ཆོས་ཅན།  དགག་སྒྲ་ཡིན་པར་ཐལ།  རང་གི་བརྗོད་བྱར་གྱུར་པའི་དགག་པ་སྟོན་པའི་སྒྲ་ཡིན་པའི་ཕྱིར་ན་མ་ཁྱབ། 【རང་གི་བརྗོད་བྱར་གྱུར་པའི་དགག་པ་སྟོན་པའི་སྒྲ་ཡིན་ན། དགག་སྒྲ་ཡིན་པས་མ་ཁྱབ།】
ཀ མ་གྲུབ་ན། 【རང་གི་བརྗོད་བྱར་གྱུར་པའི་དགག་པ་སྟོན་པའི་སྒྲ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ནམ་མཁའ་ཞེས་བརྗོད་པའི་སྒྲ་ཆོས་ཅན།  རང་གི་བརྗོད་བྱར་གྱུར་པའི་དགག་པ་སྟོན་པའི་སྒྲ་ཡིན་པར་ཐལ།  ནམ་མཁའ་དེ་ཁྱོད་ཀྱི་བརྗོད་བྱ་ཡིན་པ་གང་ཞིག  དགག་པ་ཡིན་པའི་ཕྱིར། རྟགས་དང་པོ་སླ། 
ཀ གཉིས་པ་མ་གྲུབ་ན། 【ནམ་མཁའ་དེ་དགག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ནམ་མཁའ་ཆོས་ཅན།  དགག་པ་ཡིན་པར་ཐལ།  མེད་དགག་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ནམ་མཁའ་མེད་དགག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ནམ་མཁའ་ཆོས་ཅན།  མེད་དགག་ཡིན་པར་ཐལ།  རང་དངོས་སུ་རྟོགས་པའི་བློས་རང་གི་དགག་བྱ་ཐོགས་རེག་བཀག་ཙམ་གྱི་ཆ་ལ་བཞག་པའི་མེད་དགག་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། རང་གི་བརྗོད་བྱར་གྱུར་པའི་དགག་པ་སྟོན་པའི་སྒྲ་ཡིན་ན།  དགག་སྒྲ་ཡིན་པས་མ་ཁྱབ་པ།
དཀའ་གནད། ནམ་མཁའ་མེད་དགག་ཡིན་པ།
གཙོ་གནད། ནམ་མཁའ་ཞེས་བརྗོད་པའི་སྒྲ་དགག་སྒྲ་མ་ཡིན་པ།

རྩོམ་སྒྲིག་པ།