བསྡུས་གྲྭའི་རྣམ་བཤད་བློ་གསལ་བྱེ་བའི་འཇུག་ངོགས། ། ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་རྣམ་གཞག ས་བཅད་བཞི་པ། སེལ་འཇུག་དང་སྒྲུབ་འཇུག
དུས་ཚོད།:2018-8-27  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:1008  |   དཔྱད་པ།:0

ས་བཅད་བཞི་པ།  སེལ་འཇུག་དང་སྒྲུབ་འཇུག
 
དང་པོ།  གཞན་ལུགས་དགག་པ།
རྩོད་སྐོར་དང་པོ།
ཀ  ཡུལ་ཅན་ཡིན་ན་སེལ་འཇུག་དང་སྒྲུབ་འཇུག་གང་རུང་ཡིན་པས་ཁྱབ་ཟེར་ན།
ཁ རྗེ་ཙོང་ཁ་པ་ཆོས་ཅན།  སེལ་འཇུག་དང་སྒྲུབ་འཇུག་གང་རུང་ཡིན་པར་ཐལ།  ཡུལ་ཅན་ཡིན་པའི་ཕྱིར། ཁྱབ་པ་ཁས། 【ཡུལ་ཅན་ཡིན་ན། སེལ་འཇུག་དང་སྒྲུབ་འཇུག་གང་རུང་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【རྗེ་ཙོང་ཁ་པ་ཡུལ་ཅན་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྗེ་ཙོང་ཁ་པ་ཆོས་ཅན།  ཡུལ་ཅན་ཡིན་པར་ཐལ།  གང་ཟག་ཡིན་པའི་ཕྱིར།
ཀ མ་ཁྱབ་ན། 【གང་ཟག་ཡིན་ན་ཡུལ་ཅན་ཡིན་པས་མ་ཁྱབ་ཟེར་ན།】
ཁ ཁྱབ་པ་ཡོད་པར་ཐལ། 【གང་ཟག་ཡིན་ན་ཡུལ་ཅན་ཡིན་དགོས་ཏེ།】སྤྱིར་ཡུལ་ཅན་ལ།  གཟུགས་སུ་གྱུར་པའི་ཡུལ་ཅན་དང་།  ཤེས་པར་གྱུར་པའི་ཡུལ་ཅན། ལྡན་མིན་འདུ་བྱེད་དུ་གྱུར་པའི་ཡུལ་ཅན་གསུམ་ཡོད་པ་ལས།  ལྡན་མིན་འདུ་བྱེད་དུ་གྱུར་པའི་ཡུལ་ཅན་དང་གང་ཟག་གཉིས་དོན་གཅིག་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【རྗེ་ཙོང་ཁ་པ་སེལ་འཇུག་དང་སྒྲུབ་འཇུག་གང་རུང་ཡིན་པར་འདོད་ཟེར་ན།】
ཁ རྗེ་ཙོང་ཁ་པ་ཆོས་ཅན། སེལ་འཇུག་དང་སྒྲུབ་འཇུག་གང་རུང་མ་ཡིན་པར་ཐལ།  སེལ་འཇུག་མ་ཡིན་པ་གང་ཞིག  སྒྲུབ་འཇུག་མ་ཡིན་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན། 【རྗེ་ཙོང་ཁ་པ་སེལ་འཇུག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྗེ་ཙོང་ཁ་པ་ཆོས་ཅན།  སེལ་འཇུག་མ་ཡིན་པར་ཐལ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་མ་ཡིན་པའི་ཕྱིར།
ཀ མ་ཁྱབ་ན། 【རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་མ་ཡིན་ན། སེལ་འཇུག་མ་ཡིན་པས་མ་ཁྱབ།】
ཁ ཁྱབ་པ་ཡོད་པར་ཐལ།  【རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་མ་ཡིན་ན། སེལ་འཇུག་མ་ཡིན་པས་ཁྱབ་དགོས་ཏེ།】སེལ་འཇུག་ལ་ངོ་བོའི་སྒོ་ནས་དབྱེ་ན།  རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གཉིས་སུ་ཡོད་པའི་ཕྱིར།
ཀ  གོང་གི་རྟགས་གཉིས་པ་མ་གྲུབ་ན། 【རྗེ་ཙོང་ཁ་པ་སྒྲུབ་འཇུག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྗེ་ཙོང་ཁ་པ་ཆོས་ཅན། སྒྲུབ་འཇུག་མ་ཡིན་པར་ཐལ། རང་ཡུལ་ལ་དངོས་དབང་གིས་འཇུག་པའི་བློ་མ་ཡིན་པའི་ཕྱིར།
ཀ མ་ཁྱབ་ན། 【རང་ཡུལ་ལ་དངོས་དབང་གིས་འཇུག་པའི་བློ་མ་ཡིན་ན། སྒྲུབ་འཇུག་མ་ཡིན་པས་མ་ཁྱབ་ཟེར་ན།】
ཁ ཁྱབ་པ་ཡོད་པར་ཐལ།  【རང་ཡུལ་ལ་དངོས་དབང་གིས་འཇུག་པའི་བློ་མ་ཡིན་ན་སྒྲུབ་འཇུག་མ་ཡིན་པས་ཁྱབ་དགོས་ཏེ།】རང་ཡུལ་ལ་དངོས་དབང་གིས་འཇུག་པའི་བློ་དེ། སྒྲུབ་འཇུག་གི་མཚན་ཉིད་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཡུལ་ཅན་ཡིན་ན་སེལ་འཇུག་དང་སྒྲུབ་འཇུག་གང་རུང་ཡིན་པས་མ་ཁྱབ་པ།
དཀའ་གནད། སེལ་འཇུག་ཡིན་ན་རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་ཡིན་པས་ཁྱབ་པ།
གཙོ་གནད། རྗེ་ཙོང་ཁ་པ་སེལ་འཇུག་དང་སྒྲུབ་འཇུག་གང་ཡང་མ་ཡིན་པ།
 
རྩོད་སྐོར་གཉིས་པ།
ཀ  སྒྲ་རྟོག་གང་རུང་ཡིན་སེལ་འཇུག་ཡིན་པས་ཁྱབ་ཟེར་ན།
ཁ ཆུ་སྒྲ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ། སྒྲ་རྟོག་གང་རུང་ཡིན་པའི་ཕྱིར། ཁྱབ་པ་ཁས། 【སྒྲ་རྟོག་གང་རུང་ཡིན་སེལ་འཇུག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【ཆུ་སྒྲ་སྒྲ་རྟོག་གང་རུང་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཆུ་སྒྲ་ཆོས་ཅན།  སྒྲ་རྟོག་གང་རུང་ཡིན་པར་ཐལ། སྒྲ་ཡིན་པའི་ཕྱིར། 
ཀ རྩ་བར་འདོད་ན། 【ཆུ་སྒྲ་སེལ་འཇུག་ཡིན་པར་འདོད་ཟེར་ན།】
ཁ ཆུ་སྒྲ་ཆོས་ཅན། རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་ཡིན་པར་ཐལ།  སེལ་འཇུག་ཡིན་པའི་ཕྱིར། རྟགས་ཁས། 【ཆུ་སྒྲ་སེལ་འཇུག་ཡིན་པར་ཁས་བླངས་ཟིན།】
ཀ འདོད་ན། 【ཆུ་སྒྲ་རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་ཡིན་པར་འདོད་ཟེར་ན།】
ཁ ཆུ་སྒྲ་ཆོས་ཅན།  ཁྱོད་ཀྱི་ཡུལ་ཡོད་པར་ཐལ། ཁྱོད་རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པའི་ཆོས་ཡིན་པའི་ཕྱིར། འདོད་མི་ནུས་ཏེ།  【ཆུ་སྒྲའི་ཡུལ་ཡོད་པར་འདོད་མི་ནུས་པ་ཡིན་ཏེ།】ཆུ་སྒྲ་ཡུལ་ཅན་མ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། སྒྲ་རྟོག་གང་རུང་ཡིན་ན་སེལ་འཇུག་ཡིན་པས་མ་ཁྱབ་པ།
དཀའ་གནད། སེལ་འཇུག་ཡིན་ན་རང་ཡུལ་ལ་འདོད་པའི་དབང་གིས་འཇུག་དགོས་པ།
གཙོ་གནད། ཆུ་སྒྲ་སེལ་འཇུག་མ་ཡིན་པ།
 
རྩོད་སྐོར་གསུམ་པ།
ཀ རང་ཡུལ་ལ་ཆ་གཉིས་སུ་ཕྱེ་ནས་འཇུག་པ་དེ་སེལ་འཇུག་གི་མཚན་ཉིད།  རང་ཡུལ་ཆ་གཉིས་སུ་ཕྱེ་བའི་དོན་ལ།  རང་ཡུལ་གྱི་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་དེ་ཡིན།  དཔེར་ན། རང་ཁྱིམ་གྱི་ཐབ་ཀ་ལྟ་བུར་མཚོན་ན།  ཐབ་ཀ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་ཀྱི་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་དེ།  ཐབ་ཀ་ལ་སེལ་འཇུག་གི་དོན་ཡིན་ཟེར་ན།
ཁ འོ་ན།  རྟོག་པ་ཆོས་ཅན། ཁྱོད་རང་ཡུལ་གྱི་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་ཡིན་པར་ཐལ།  ཁྱོད་རང་ཡུལ་ལ་ཆ་གཉིས་སུ་ཕྱེ་ནས་འཇུག་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྟོག་པ་རང་ཡུལ་ལ་ཆ་གཉིས་སུ་ཕྱེ་ནས་འཇུག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟོག་པ་ཆོས་ཅན། ཁྱོད་རང་ཡུལ་ལ་ཆ་གཉིས་སུ་ཕྱེ་ནས་འཇུག་པ་ཡིན་པ་ཡིན་པར་ཐལ། སེལ་འཇུག་ཡིན་པའི་ཕྱིར། ཁྱབ་སྟེ། 【རང་ཡུལ་ལ་ཆ་གཉིས་སུ་ཕྱེ་ནས་འཇུག་པ་ཡིན་ན། སེལ་འཇུག་ཡིན་དགོས་ཏེ།】རང་ཡུལ་ལ་ཆ་གཉིས་སུ་ཕྱེ་ནས་འཇུག་པ་སེལ་འཇུག་གི་མཚན་ཉིད་ཡིན་པའི་ཕྱིར། རྟགས་ཁས། 【རང་ཡུལ་ལ་ཆ་གཉིས་སུ་ཕྱེ་ནས་འཇུག་པ།  སེལ་འཇུག་གི་མཚན་ཉིད་ཡིན་པ་ཁྱོད་ཀྱིས་ཁས་བླངས་ཟིན་པའི་ཕྱིར།】
ཀ མ་ཁྱབ་མཚམས་ལ་རྟགས་མ་གྲུབ་ཟེར་ན། 【རྟོག་པ། སེལ་འཇུག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟོག་པ་ཆོས་ཅན།  སེལ་འཇུག་ཡིན་པར་ཐལ།  རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གང་རུང་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【རྟོག་པ། རང་ཡུལ་གྱི་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་ཡིན་པར་འདོད་ཟེར་ན།】
ཁ རྟོག་པ་ཆོས་ཅན། ཁྱོད་ཀྱི་ཡུལ་གྱི་ཆ་ཡིན་ན།  ཁྱོད་ཀྱི་ཡུལ་ཡིན་པས་མ་ཁྱབ་པར་ཐལ།  ཁྱོད་རང་ཡུལ་གྱི་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་ཡིན་པའི་ཕྱིར། རྟགས་ཁས། 【ཁྱོད་རང་ཡུལ་གྱི་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་ཡིན་པ་ཁས་བླངས་ཟིན་པའི་ཕྱིར།】འདོད་མི་ནུས་ཏེ། 【རྟོག་པའི་ཡུལ་གྱི་ཆ་ཡིན་ན།  རྟོག་པའི་ཡུལ་ཡིན་པས་མ་ཁྱབ་པར་འདོད་མི་ནུས་པ་ཡིན་ཏེ།】གཞི་གྲུབ་ན་རྟོག་པའི་ཡུལ་ཡིན་པས་ཁྱབ་པའི་ཕྱིར།
ཀ མ་གྲུབ་ན། 【གཞི་གྲུབ་ན་རྟོག་པའི་ཡུལ་ཡིན་པས་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟོག་པ་ཆོས་ཅན།  གཞི་གྲུབ་ན་ཁྱོད་ཀྱི་ཡུལ་ཡིན་པས་ཁྱབ་པར་ཐལ།  གཞི་གྲུབ་ན་རྗེས་དཔག་གི་ཚད་མས་ཡུལ་ཡིན་པས་ཁྱབ་པ་གང་ཞིག  རྗེས་དཔག་གི་ཚད་མ་ཡིན་ན་རྟོག་པ་ཡིན་པས་ཁྱབ་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། རང་ཡུལ་ལ་ཆ་གཉིས་སུ་ཕྱེ་ནས་འཇུག་པ་སེལ་འཇུག་གི་མཚན་ཉིད་མ་ཡིན་པ།
དཀའ་གནད། སེལ་འཇུག་ཡིན་ན་རང་ཡུལ་གྱི་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་ཡིན་པས་མ་ཁྱབ་པ།
གཙོ་གནད། གཞི་གྲུབ་ན་རྟོག་པའི་ཡུལ་ཡིན་པས་ཁྱབ་པ།
 
རྩོད་སྐོར་བཞི་པ།﹙གཞན་ཡང་།﹚
ཁ རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ལུག་ལ་སེལ་འཇུག་ཡིན་པར་ཐལ།  ཁྱོད་ལུག་ལ་འཇུག་པ་གང་ཞིག  སྒྲུབ་འཇུག་མ་ཡིན་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན།【རྗོད་བྱེད་ཀྱི་སྒྲ་དེ་ལུག་ལ་འཇུག་པ་རྟགས་མ་གྲུབ་ཟེར་ན།】
ཁ རྗོད་བྱེད་ཀྱི་སྒྲ་ཆོས་ཅན།  ཁྱོད་ལུག་ལ་འཇུག་པར་ཐལ།  ལུག་དེ་ཁྱོད་ཀྱི་འཇུག་གཞི་ཡིན་པའི་ཕྱིར།
ཀ མ་གྲུབ་ན།【ལུག   རྗོད་བྱེད་ཀྱི་སྒྲའི་འཇུག་གཞི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ལུག་ཆོས་ཅན།  ཁྱོད་རྗོད་བྱེད་ཀྱི་སྒྲའི་འཇུག་གཞི་ཡིན་པར་ཐལ། ཁྱོད་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【ལུག   རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ལུག་ཆོས་ཅན།  རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པར་ཐལ།  གཞི་གྲུབ་པའི་ཕྱིར།
ཀ རྟགས་གཉིས་པ་མ་གྲུབ་ན། 【རྗོད་བྱེད་ཀྱི་སྒྲ་ལུག་ལ་སྒྲུབ་འཇུག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྗོད་བྱེད་ཀྱི་སྒྲ་ཆོས་ཅན།  ཁྱོད་ལུག་ལ་སྒྲུབ་འཇུག་མ་ཡིན་པར་ཐལ།  རྟོག་མེད་ཀྱི་ཤེས་པ་མ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【རྗོད་བྱེད་ཀྱི་སྒྲ་ལུག་ལ་སེལ་འཇུག་ཡིན་པར་འདོད་ཟེར་ན།】
ཁ  རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ལུག་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་ཀྱི་ཆ་འགའ་ཞིག་བརྗོད་ལ།  འགའ་ཞིག་མ་བརྗོད་པར་ཐལ། ལུག་དང་གྲུབ་བདེ་དབྱེར་མེད་ཀྱི་ཆོས་འགའ་ཞིག་དེའི་ཡུལ་དུ་བྱས་ལ། འགའ་ཞིག་ཡུལ་དུ་མི་བྱེད་པའི་ཕྱིར།
ཀ མ་གྲུབ་ན། 【ལུག་དང་གྲུབ་བདེ་དབྱེར་མེད་ཀྱི་ཆོས་འགའ་ཞིག་དེའི་ཡུལ་དུ་བྱས་ལ། འགའ་ཞིག་ཡུལ་དུ་མི་བྱེད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ལུག་དང་གྲུབ་བདེ་དབྱེར་མེད་ཀྱི་ཆོས་འགའ་ཞིག་དེའི་ཡུལ་དུ་བྱས་ལ། འགའ་ཞིག་ཡུལ་དུ་མི་བྱེད་པར་ཐལ། ཁྱོད་ལུག་ལ་སེལ་འཇུག་ཡིན་པ་གང་ཞིག  སེལ་འཇུག་གི་དོན་འཐད་པའི་ཕྱིར།
ཀ  གོང་དུ་འདོད་ན། 【རྗོད་བྱེད་ཀྱི་སྒྲས། ལུག་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་ཀྱི་ཆ་འགའ་ཞིག་བརྗོད་ལ།  འགའ་ཞིག་མ་བརྗོད་པར་འདོད་ཟེར་ན།】
ཁ  རྗོད་བྱེད་ཀྱི་སྒྲ་ཆོས་ཅན། ཁྱོད་ཀྱིས་ལུག་དང་གྲུབ་བདེ་དབྱེར་མེད་ཀྱི་ཆོས་འགའ་ཞིག་མ་བརྗོད་པར་ཐལ།  འདོད་པའི་ཕྱིར། འདོད་མི་ནུས་ཏེ། 【རྗོད་བྱེད་ཀྱི་སྒྲས་ལུག་དང་གྲུབ་བདེ་དབྱེར་མེད་ཀྱི་ཆོས་འགའ་ཞིག་མ་བརྗོད་པར་འདོད་མི་ནེུ་ཏེ།】གཞི་གྲུབ་ན་རྗོད་བྱེད་ཀྱི་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར་ཏེ།  ཡོད་པ་དང་བརྗོད་བྱ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། རང་ཡུལ་གྱི་ཆ་འགའ་ཞིག་ཡུལ་དུ་བྱེད་ལ་འགའ་ཞིག་ཡུལ་དུ་མི་བྱེད་པ་དེ། སེལ་འཇུག་གི་དོན་དུ་བཞག་ན། 〝རྟོག་པ〞ལས་གཞན་ད་དུང་རྗོད་བྱེད་ཀྱི་སྒྲའང་ཡོད་པ།
དཀའ་གནད། རྗོད་བྱེད་ཀྱི་སྒྲ་སེལ་འཇུག་ཡིན་པ།
གཙོ་གནད། རྗོད་བྱེད་ཀྱི་སྒྲས། ལུག་དང་གྲུབ་བདེ་དབྱེ་མེད་ཀྱི་ཆོས་འགའ་ཞིག་བརྗོད་ལ།  འགའ་ཞིག་མ་བརྗོད་པ་མིན་པ།
 
རྩོད་སྐོར་ལྔ་པ།
ཀ  སྒྲུབ་འཇུག་གི་བློ་ཡིན་ན་བློ་དོན་མཐུན་ཡིན་པས་ཁྱབ་ཟེར་ན།
ཁ  དུང་དཀར་སེར་པོར་སྣང་པའི་དབང་ཤེས་ཆོས་ཅན། བློ་དོན་མཐུན་ཡིན་པར་ཐལ། སྒྲུབ་འཇུག་གི་བློ་ཡིན་པའི་ཕྱིར། ཁྱབ་པ་ཁས། 【སྒྲུབ་འཇུག་གི་བློ་ཡིན་ན། བློ་དོན་མཐུན་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【དུང་དཀར་སེར་པོར་སྣང་པའི་དབང་ཤེས།  སྒྲུབ་འཇུག་གི་བློ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ དུང་དཀར་སེར་པོར་སྣང་པའི་དབང་ཤེས་ཆོས་ཅན། སྒྲུབ་འཇུག་གི་བློ་ཡིན་པར་ཐལ། རྟོག་མེད་ཤེས་པ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【དུང་དཀར་སེར་པོར་སྣང་པའི་དབང་ཤེས། བློ་དོན་མཐུན་ཡིན་པར་འདོད་ཟེར་ན།】
ཁ དུང་དཀར་སེར་པོར་སྣང་པའི་དབང་ཤེས་ཆོས་ཅན། བློ་དོན་མཐུན་མ་ཡིན་པར་ཐལ།  ལོག་ཤེས་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【དུང་དཀར་སེར་པོར་སྣང་པའི་དབང་ཤེས།  ལོག་ཤེས་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ དུང་དཀར་སེར་པོར་སྣང་པའི་དབང་ཤེས་ཆོས་ཅན། ལོག་ཤེས་ཡིན་པར་ཐལ།  རང་གི་འཛིན་སྟངས་ཀྱི་ཡུལ་ལ་འཁྲུལ་བའི་རིག་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  སྒྲུབ་འཇུག་གི་བློ་ཡིན་ན། བློ་དོན་མཐུན་ཡིན་པས་མ་ཁྱབ་པ།
དཀའ་གནད། དུང་དཀར་སེར་པོར་སྣང་པའི་དབང་ཤེས།  བློ་དོན་མཐུན་མ་ཡིན་པ།
གཙོ་གནད། དུང་དཀར་སེར་པོར་སྣང་བའི་དབང་ཤེས། སྒྲུབ་འཇུག་གི་བློ་ཡིན་པ།
 
རྩོད་སྐོར་དྲུག་པ།
ཀ  རང་ཡུལ་དུ་གྱུར་པའི་སེལ་བ་ལ་འཇུག་ན་སེལ་འཇུག་ཡིན་པས་ཁྱབ་ཟེར་ན།
ཁ རྦབ་ཆུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མ་ཆོས་ཅན། སེལ་འཇུག་ཡིན་པར་ཐལ།  རང་གི་ཡུལ་དུ་གྱུར་པའི་སེལ་བ་ལ་འཇུག་པའི་ཕྱིར།
ཀ མ་གྲུབ་ན།  【རྦབ་ཆུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མ། རང་གི་ཡུལ་དུ་གྱུར་པའི་སེལ་བ་ལ་འཇུག་པ་རྟགས་མ་གྲུབ་ཟེར་ན།】
ཁ རྦབ་ཆུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མ་ཆོས་ཅན།  རང་གི་ཡུལ་དུ་གྱུར་པའི་སེལ་བ་ལ་འཇུག་པར་ཐལ།  ཁྱོད་རྦབ་ཆུ་མི་རྟག་པ་ལ་འཇུག་པ་གང་ཞིག རྦབ་ཆུ་མི་རྟག་པ་དེ་སེལ་བ་ཡིན་པའི་ཕྱིར།
ཀ དང་པོ་མ་གྲུབ་ན། 【རྦབ་ཆུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མ། རྦབ་ཆུ་མི་རྟག་པ་ལ་འཇུག་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྦབ་ཆུ་མི་རྟག་པ་ཆོས་ཅན།  ཁྱོད་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མ་ཁྱོད་ལ་འཇུག་པར་ཐལ།  ཁྱོད་ཁྱོད་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མའི་འཇུག་ཡུལ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།【རྦབ་ཆུ་མི་རྟག་པ། རྦབ་ཆུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མའི་འཇུག་ཡུལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྦབ་ཆུ་མི་རྟག་པ་ཆོས་ཅན། ཁྱོད་ཁྱོད་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མའི་འཇུག་ཡུལ་ཡིན་པར་ཐལ།  ཁྱོད་དངོས་པོ་ཡིན་པའི་ཕྱིར།
ཀ གཉིས་པ་མ་གྲུབ་ན།  【རྦབ་ཆུ་མི་རྟག་པ།  སེལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྦབ་ཆུ་ཆོས་ཅན།  ཁྱོད་མི་རྟག་པ་སེལ་བ་ཡིན་པར་ཐལ། ཁྱོད་མི་རྟག་པ་དགག་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྦབ་ཆུ་མི་རྟག་པ།  དགག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྦབ་ཆུ་ཆོས་ཅན།  ཁྱོད་མི་རྟག་པ་དགག་པ་ཡིན་པར་ཐལ།  ཁྱོད་མི་རྟག་པ་མ་ཡིན་དགག་ཡིན་པའི་ཕྱིར།
ཀ མ་གྲུབ་ན།【རྦབ་ཆུ་མི་རྟག་པ།  མ་ཡིན་དགག་ཡིན་པ་རྟག་མ་གྲུབ་ཟེར་ན།】
ཁ རྦབ་ཆུ་ཆོས་ཅན། ཁྱོད་མི་རྟག་པ་མ་ཡིན་དགག་ཡིན་པར་ཐལ། ཁྱོད་དངོས་པོ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【རྦབ་ཆུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མ།  སེལ་འཇུག་ཡིན་པར་འདོད་ཟེར་ན།】
ཁ  རྦབ་ཆུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མ་ཆོས་ཅན། སེལ་འཇུག་མ་ཡིན་པར་ཐལ།  སྒྲུབ་འཇུག་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྦབ་ཆུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མ། སྒྲུབ་འཇུག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྦབ་ཆུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མ་ཆོས་ཅན། སྒྲུབ་འཇུག་ཡིན་པར་ཐལ།  རྦབ་ཆུ་མི་རྟག་པ་ཁྱོད་ལ་ཤར་བའི་ཚེ།  རྦབ་ཆུ་མི་རྟག་པ་དང་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་དབྱེར་མེད་ཀྱི་རྫས་ཐམས་ཅད་ཅིག་ཅར་དུ་སྣང་ནས།  སྒྲ་མི་རྟག་པ་ལ་འཇུག་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  རང་ཡུལ་དུ་གྱུར་པའི་སེལ་བ་ལ་འཇུག་ན་སེལ་འཇུག་ཡིན་པས་མ་ཁྱབ་པ།
དཀའ་གནད། ཁྱོད་ཆོས་དེ་ལ་མངོན་སུམ་ཡིན་ན།  ཁྱོད་ལ་ཆོས་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་ཐམས་ཅད་སྣང་པས་ཁྱབ་པ།
གཙོ་གནད། རྦབ་ཆུ་མི་རྟག་པ་མངོན་སུམ་དུ་རྟོགས་པའི་མངོན་སུམ་གྱི་ཚད་མ་ལ་རྦབ་ཆུ་མི་རྟག་པ་སྣང་བ།
 
རྩོད་སྐོར་བདུན་པ།
ཀ  རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་ན་སྒྲུབ་འཇུག་ཡིན་པས་ཁྱབ་ཟེར་ན།
ཁ རྦབ་ཆུ་རྟོགས་པའི་རྗེས་དཔག་ཆོས་ཅན།  སྒྲུབ་འཇུག་ཡིན་པར་ཐལ།  རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་པའི་ཕྱིར། ཁྱབ་པ་ཁས། 【རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་ན།  སྒྲུབ་འཇུག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【རྦབ་ཆུ་རྟོགས་པའི་རྗེས་དཔག  རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་པ་རྟགས་མ་གྲུབ་ཟེར་ན།】
ཁ རྦབ་ཆུ་རྟོགས་པའི་རྗེས་དཔག་ཆོས་ཅན། རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་པར་ཐལ།  རང་གི་ཡུལ་དུ་གྱུར་པའི་རྦ་ཆུ་ལ་འཇུག་པ་གང་ཞིག  རྦབ་ཆུ་སྒྲུབ་པ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【རྦབ་ཆུ་རྟོགས་པའི་རྗེས་དཔག   སྒྲུབ་འཇུག་ཡིན་པར་འདོད་ཟེར་ན།】 
ཁ རྦབ་ཆུ་རྟོགས་པའི་རྗེས་དཔག་ཆོས་ཅན། སྒྲུབ་འཇུག་མ་ཡིན་པར་ཐལ།  སེལ་འཇུག་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྦབ་ཆུ་རྟོགས་པའི་རྗེས་དཔག  སེལ་འཇུག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྦབ་ཆུ་རྟོགས་པའི་རྗེས་དཔག་ཆོས་ཅན། སེལ་འཇུག་ཡིན་པར་ཐལ།  རྟོག་པ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【རྦབ་ཆུ་རྟོགས་པའི་རྗེས་དཔག   རྟོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྦབ་ཆུ་རྟོགས་པའི་རྗེས་དཔག་ཆོས་ཅན། རྟོག་པ་ཡིན་པར་ཐལ།  རྗེས་དཔག་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་ན་སྒྲུབ་འཇུག་ཡིན་པས་མ་ཁྱབ་པ།
དཀའ་གནད། རྗེས་དཔག་ཚད་མ་རྟོག་པ་ཡིན་པ།
གཙོ་གནད།  རྦབ་ཆུ་རྟོགས་པའི་རྗེས་དཔག་སེལ་འཇུག་ཡིན་པ།
 
རྩོད་སྐོར་བརྒྱད་པ།﹙གཞན་ཡང་།﹚
ཁ  རྨ་ཆུ་ཞེས་བརྗོད་པའི་སྒྲ་ཆོས་ཅན།  སྒྲུབ་འཇུག་ཡིན་པར་ཐལ།  རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་པའི་ཕྱིར། ཁྱབ་པ་ཁས། 【རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་ན་སྒྲུབ་འཇུག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【རྨ་ཆུ་ཞེས་བརྗོད་པའི་སྒྲ་རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྨ་ཆུ་ཞེས་བརྗོད་པའི་སྒྲ་ཆོས་ཅན། རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་པར་ཐལ། རང་ཡུལ་དུ་གྱུར་པའི་རྨ་ཆུ་ལ་འཇུག་པ་གང་ཞིག  རྨ་ཆུ་སྒྲུབ་པ་ཡིན་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན། 【རྨ་ཆུ་ཞེས་བརྗོད་པའི་སྒྲ། རྨ་ཆུ་ཞེས་བརྗོད་པའི་སྒྲའི་ཡུལ་དུ་གྱུར་པའི་རྨ་ཆུ་ལ་འཇུག་པ་རྟགས་མ་གྲུབ་ཟེར་ན།】
ཁ རྨ་ཆུ་ཆོས་ཅན།  ཁྱོད་ཅེས་བརྗོད་པའི་སྒྲ་ཁྱོད་ལ་འཇུག་པར་ཐལ།  ཁྱོད་ཁྱོད་ཅེས་བརྗོད་པའི་སྒྲའི་བརྗོད་བྱ་ཡིན་པའི་ཕྱིར།
ཀ རྟགས་གཉིས་པ་མ་གྲུབ་ན།  【རྨ་ཆུ་སྒྲུབ་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྨ་ཆུ་ཆོས་ཅན།  སྒྲུབ་པ་ཡིན་པར་ཐལ།    དབང་ཤེས་ལ་དངོས་སུ་སྣང་ནས་དེའི་དབང་གིས་ཐད་ཀར་རྟོགས་ཐུབ་པའི་ཆོས་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན། 【རྨ་ཆུ་ཞེས་བརྗོད་པའི་སྒྲ།  སྒྲུབ་འཇུག་ཡིན་པར་འདོད་ཟེར་ན།】 
ཁ རྨ་ཆུ་ཞེས་བརྗོད་པའི་སྒྲ་ཆོས་ཅན། སྒྲུབ་འཇུག་མ་ཡིན་པར་ཐལ།  སེལ་འཇུག་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【རྨ་ཆུ་ཞེས་བརྗོད་པའི་སྒྲ།  སེལ་འཇུག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ   རྨ་ཆུ་ཞེས་བརྗོད་པའི་སྒྲ་ཆོས་ཅན།    སེལ་འཇུག་ཡིན་པར་ཐལ།  རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྨ་ཆུ་ཞེས་བརྗོད་པའི་སྒྲ།  རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྨ་ཆུ་ཞེས་བརྗོད་པའི་སྒྲ་ཆོས་ཅན།    རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པར་ཐལ།  བརྗོད་འདོད་ཀྱི་དབང་གིས་འཇུག་པའི་ཕྱིར་ཏེ།  ཁྱོད་རྗོད་བྱེད་ཀྱི་སྒྲ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  རང་ཡུལ་དུ་གྱུར་པའི་སྒྲུབ་པ་ལ་འཇུག་ན།  སྒྲུབ་འཇུག་ཡིན་པས་མ་ཁྱབ་པ།
དཀའ་གནད།  རྗོད་བྱེད་ཀྱི་སྒྲ་སེལ་འཇུག་ཡིན་པ།
གཙོ་གནད། རྨ་ཆུ་ཞེས་བརྗོད་པའི་སྒྲ།  རྨ་ཆུ་ཞེས་བརྗོད་པའི་སྒྲའི་ཡུལ་རྨ་ཆུ་ལ་འདོད་པའི་དབང་གིས་འཇུག་པ།
 
རྩོད་སྐོར་དགུ་པ།
ཀ  ཞོ་ལ་སྒྲུབ་འཇུག་ཡིན་ན།  ཞོ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མཐོང་བས་ཁྱབ་ཟེར་ན།
ཁ ཞོ་མཐོང་པའི་མིག་ཤེས་ཆོས་ཅན།  ཁྱོད་ཀྱིས་ཞོ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མཐོང་བར་ཐལ།  ཁྱོད་ཞོ་ལ་སྒྲུབ་འཇུག་གི་བློ་ཡིན་པའི་ཕྱིར།
ཀ  འདོད་ན། 【ཞོ་མཐོང་པའི་མིག་ཤེས་ཀྱིས།  ཞོ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མཐོང་བར་འདོད་ཟེར་ན།】
ཁ ཞོ་མཐོང་པའི་མིག་ཤེས་ཆོས་ཅན།  ཁྱོད་ཀྱིས་ཞོ་དང་གྲུབ་བདེ་རྫས་གཅིག་པའི་དྲི་རོ་ལ་སོགས་པ་མཐོང་བར་ཐལ། ཁྱོད་ཀྱིས་ཞོ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མཐོང་བ་གང་ཞིག  ཞོ་དང་གྲུབ་བདེ་རྫས་གཅིག་པའི་དྲི་རོ་ལ་སོགས་པ་ཡོད་པའི་ཕྱིར། རྟགས་དང་པོ་ཁས། 【ཞོ་མཐོང་པའི་མིག་ཤེས་ཀྱིས། ཞོ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མཐོང་བར་ཁས་བླངས་ཟིན།】
ཀ  གཉིས་པ་མ་གྲུབ་ན། 【ཞོ་དང་གྲུབ་བདེ་རྫས་གཅིག་པའི་དྲི་རོ་ལ་སོགས་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ ཞོ་ཆོས་ཅན།  ཁྱོད་དང་གྲུབ་བདེ་རྫས་གཅིག་པའི་དྲི་རོ་ལ་སོགས་པ་ཡོད་པར་ཐལ།  ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན། 【ཞོ་མཐོང་པའི་མིག་ཤེས་ཀྱིས།  ཞོ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མཐོང་བར་འདོད་ཟེར་ན།】
ཁ འོ་ན། བུ་རམ་གྱི་རོ་མྱོང་བའི་ལྕེ་ཤེས་ཀྱིས་བུ་རམ་གྱི་དབྱིབས་དང་ཁ་དོག་སོགས་མཐོང་བར་ཐལ། ཞོ་མཐོང་པའི་མིག་ཤེས་ཀྱིས། ཞོ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མཐོང་
བའི་ཕྱིར། རྟགས་ཁས།【ཞོ་མཐོང་པའི་མིག་ཤེས་ཀྱིས།  ཞོ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མཐོང་བར་ཁས་བླངས་ཟིན།】  འདོད་མི་ནུས་ཏེ། 【བུ་རམ་གྱི་རོ་མྱོང་བའི་ལྕེ་ཤེས་ཀྱིས།  བུ་རམ་གྱི་དབྱིབས་དང་ཁ་དོག་སོགས་མཐོང་བར་འདོད་མི་ནུས་ཏེ།】དེ་ལྟར་མི་ནུས་པ་མངོན་སུམ་གྱི་མྱོང་བས་གྲུབ་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཞོ་ལ་སྒྲུབ་འཇུག་ཡིན་ན། ཞོ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་མཐོང་བས་མ་ཁྱབ་པ།
དཀའ་གནད། ཡུལ་དེ་ལ་སྒྲུབ་འཇུག་ཡིན་ན། ཡུལ་དེ་གསལ་བར་སྣང་བས་ཁྱབ་ཀྱང་།  ཡུལ་དེ་དང་གྲུབ་བདེ་རྫས་གཅིག་པ་ཐམས་ཅད་སྣང་བས་མ་ཁྱབ་པ།
གཙོ་གནད། ཞོ་མཐོང་བའི་མིག་ཤེས་ལ་ཞོ་གསལ་བར་སྣང་ཡང་།  ཞོའི་དྲི་དང་རོ་སོགས་མ་སྣང་བའི་ཁྱད་པར།
 
གཉིས་པ། རང་ལུགས་བཞག་པ།
གཅིག  སེལ་འཇུག
1. མཚན་ཉིད།  རང་ཡུལ་ལ་འདོད་པའི་དབང་གིས་འཇུག་པ་སེལ་འཇུག་གི་མཚན་ཉིད། སེལ་འཇུག་ཅེས་པའི་སྒྲ་བཤད་ཀྱང་། རྟོག་པ་ལ་མཚོན་ན། ཡུལ་ལ་འཇུག་དུས་ཡུལ་དངོས་སུ་སྣང་ནས་འཇུག་མི་ནུས་པར། རྟོག་ངོར་ཡུལ་དེའི་ལྡོག་ཕྱོགས་ཀྱི་དགག་བྱ་བཅད་པ་སྟེ་དགག་བྱ་བཀག་པའམ་སེལ་བ་དང་དོན་སྤྱི་བརྒྱུད་པ་སོགས་ལ་བརྟེན་ནས་འཇུག་དགོས་པས་ན་སེལ་འཇུག་ཅེས་བརྗོད་པ་རེད། དཔེར་ན། འདས་ཟིན་པའི་གཉེན་ཉེ་དྲན་པའི་རྟོག་པ་ལ་མཚོན་ན།  རྟོག་པ་དེས་འདས་ཟིན་པའི་གཉེན་ཉེ་དྲན་དུས། འདས་ཟིན་པའི་གཉེན་ཉེ་དངོས་སུ་སྣང་ནས་དྲན་པ་མ་ཡིན་པར། སྔར་མཐོང་མྱོང་ཡོད་པའི་བག་ཆགས་ཀྱིས་རྐྱེན་བྱས་ནས།  ད་ལྟ་དངོས་སུ་མཐོང་མི་སྲིད་ཀྱང་། བག་ཆགས་ཀྱི་དབང་གིས་རྟོག་ངོར་ཤར་བའི་འདས་ཟིན་པའི་གཉེན་ཉེའི་དོན་སྤྱི་དེ་གཉེན་ཉེ་དངོས་མ་ཡིན་ཡང་། དེ་འཛིན་རྟོག་པས་གཉེན་ཉེ་མ་ཡིན་པ་སེལ་བ་སྟེ་དགག་པའི་སྒོ་ནས་གཉེན་ཉེ་ལ་འཇུག་པས་ན། འདས་ཟིན་པའི་གཉེན་ཉེ་དྲན་པའི་རྟོག་པ་སེལ་འཇུག་ཡིན་པ་གསལ་ཞིང་།   དེ་འདྲའི་རྟོག་པ་དེས་འདས་ཟིན་པའི་གཉེན་ཉེའི་དོན་སྤྱི་དེ་གཉེན་ཉེ་དངོས་མ་ཡིན་ཡང་དངོས་ལྟར་བཟུང་བའི་དབང་གིས། ངག་ནས་སྨེ་ངག་དང་།  མིག་ནས་མཆི་མ་འདོན་པ་སོགས་བདེ་སྡུག་གི་ཚོར་བ་ཤུགས་དྲག་སྣ་ཚོགས་འདྲེན་པ་ཡིན་ནོ། །
རྗོད་བྱེད་ཀྱི་སྒྲ་ལྟ་བུར་མཚོན་ན། བརྗོད་འདོད་ཀྱི་ཀུན་རྟོག་ལ་མ་བརྟེན་པར་རང་དབང་གི་སྒོ་ནས་ཡུལ་དེ་བརྗོད་མི་ནུས་པ་ཡིན། དཔེར་ན། གངས་རི་ཞེས་བརྗོད་དུས་གངས་རི་ཞེས་བརྗོད་པའི་སྒྲ་དེས་གངས་ལས་གཞན་པའི་དངོས་པོ་བརྗོད་བྱའི་ཡུལ་དུ་སེལ་བ་སྟེ་བཀག་ནས་གངས་རི་སྟོན་པས་ན་གངས་རི་ཞེས་བརྗོད་པའི་སྒྲ་དེར་སེལ་འཇུག་ཅེས་བརྗོད་པ་རེད།
2.དབྱེ་བ། རྗོད་བྱེད་ཀྱི་སྒྲ་དང་རྟོག་པ་གཉིས་ཡོད།
〈1〉རྗོད་བྱེད་ཀྱི་སྒྲ། བརྡའི་དབང་གིས་རང་ཡུལ་གོ་བར་བྱེད་པའི་མཉན་བྱ་དེ་རྗོད་བྱེད་ཀྱི་སྒྲའི་མཚན་ཉིད། རྗོད་བྱེད་ཀྱི་སྒྲ་དང་གཟུགས་སུ་གྱུར་པའི་ཡུལ་ཅན་གཉིས་དོན་གཅིག  མཚན་གཞི་ནི།  རི་བོ་ཞེས་བརྗོད་པའི་སྒྲ་ལྟ་བུ་ཡིན་ཏེ།  སྒྲ་དེས།  རང་གི་ཡུལ་ལམ་བརྗོད་བྱ་རི་བོ་དེ།  ཆུ་བོ་དང་ནགས་ཚལ་སོགས་ཀྱི་བྱ་དངོས་ཡིན་པ་སེལ་བའམ་བཀག་ནས་སྟོན་པ་སྟེ།  བྱ་དངོས་དེ་དག་དང་མ་འདྲེས་པར་བསྟན་ཏེ་རང་ཡུལ་ལ་འཇུག་པ་ཡིན།  དེ་བཞིན་རྗོད་བྱེད་ཀྱི་སྒྲ་གང་ཡིན་ཡང་རང་ཡུལ་ལ་སེལ་བའི་རྣམ་པས་འཇུག་པ་སྟེ་སེལ་འཇུག་ཡིན་པར་ཤེས་པར་བྱའོ། །
〈2〉རྟོག་པ།   སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག་རྟོག་པའི་མཚན་ཉིད།
མཚན་ཉིད་ཀྱི་ཟུར་དུ〝སྒྲ་དོན་འདྲེས་རུང〞ཞེས་བརྗོད་པའི་རྒྱུ་མཚན་ནི། རྟོག་པ་ཡིན་ན་སྒྲ་དོན་གཉིས་ཀ་འཛིན་པས་མ་ངེས་པས་ཡིན། དཔེར་ན།  ལག་བསྐོར་རྩམ་པ་མཐོང་ཐོས་གང་ཡང་མེད་པའི་མི་ཞིག་གིས།  གློ་བུར་དུ་ལག་བསྐོར་རྩམ་པ་མཐོང་བ་ལས། ཕྱིས་སུ་སྔར་མཐོང་མྱོང་བའི་ལག་བསྐོར་རྩམ་པ་དྲན་པའི་རྟོག་པ་ནི། དོན་སྤྱི་རྐྱང་བ་འཛིན་པའི་རྟོག་པ ﹙ལག་བསྐོར་རྩམ་པའི་མིང་བརྡ་ལ་མ་བརྟེན་པར་དོན་ལག་བསྐོར་རྩམ་པ་མཐོང་ཙམ་ལ་བརྟེན་ནས་སྐྱེས་པའི་རྟོག་པ﹚ཡིན་པས་ན།  རྟོག་པ་ཡིན་ན་སྒྲ་དོན་གཉིས་ཀ་འཛིན་པས་མ་ངེས་ཤིང་། དོན་སྤྱི་དང་།  ཡང་ན་སྒྲ་སྤྱི་རྐྱང་བ་འཛིན་པའི་རྟོག་པའང་རྟོག་པ་ཡིན་པ་བསྡུ་བའི་ཆེད་ཡིན།
ད་དུང་མཚན་ཉིད་ཀྱི་ཟུར་དུ〝ཞེན་རིག〞ཅེས་བརྗོད་པའི་རྒྱུ་མཚན་ནི། རྟོག་མེད་ཀྱི་ཤེས་པ་ཡིན་ན་ཡུལ་གྱི་རྣམ་པ་དེར་བློ་ཁ་མ་ཕྱོགས་ཀྱང་རང་དབང་དུ་སྣང་ཞིང་འཛིན་ནུས་པ་དང་། རྟོག་པའམ་རྟོག་བཅས་ཀྱི་ཤེས་པ་ཡིན་ན་ཡུལ་ལ་བློ་ཁ་ཕྱོགས་སྟེ་རྩོལ་བ་ལ་མ་བརྟེན་ན་སྣང་མི་སྲིད་པས་ཞེན་རིག་ཅེས་བརྗོད། དབྱེ་ན། མིང་སྦྱོར་རྟོག་པ་དང་དོན་སྦྱོར་རྟོག་པ་གཉིས་ཡོད།
﹙1﹚མིང་སྦྱོར་རྟོག་པ། བརྡ་དུས་ཀྱི་དོན་དང་ཐ་སྙད་དུས་ཀྱི་མིང་སྦྱར་ནས་འཛིན་པའི་རྟོག་པ་མིང་སྦྱོར་རྟོག་པའི་མཚན་ཉིད།  དཔེར་ན།  བརླན་ཞིང་བཤེར་བའི་རང་བཞིན་ཅན་གྱི་དངོས་པོ་འདི་ནི་ཆུའོ་སྙམ་དུ་འཛིན་པའི་རྟོག་པ་ལྟ་བུ། རྒྱུ་མཚན་ནི།  བརླན་ཞིང་གཤེར་བ་ནི། ཆུ་ཞེས་མིང་བརྡ་འདོགས་ཡུལ་གྱི་དོན་སྟེ་ཆུའི་རང་བཞིན་ནམ་གོ་དོན་ཡིན་ལ།  ཆུའི་རང་བཞིན་ནམ་གོ་དོན་དེ་ལ་ཆུ་ཞེས་ཐ་སྙད་སྦྱར་བ་ནི་བརླན་ཞིང་གཤེར་བའི་རང་བཞིན་ཅན་གྱི་བྱ་དངོས་དེའི་མིང་ཡིན་པ་དང་།  རྟོག་པ་དེ་ནི་བྱ་དངོས་དེའི་དོན་དང་མིང་གཉིས་ཀ་འཛིན་པའི་རྟོག་པ་ཡིན་པས་ན་འདི་ལ་མིང་སྦྱོར་རྟོག་པ་ཞེས་བརྗོད་ལ། འདི་དང་སྒྲ་དོན་འདྲེས་བར་འཛིན་པའི་རྟོག་པ་གཉིས་དོན་གཅིག་ཡིན།
﹙2﹚དོན་སྦྱོར་རྟོག་པ། དོན་ལ་མིང་གི་ཐ་སྙད་མ་སྦྱར་བར་འཛིན་པའི་རྟོག་པ་དོན་སྦྱོར་རྟོག་པའི་མཚན་ཉིད། དཔེར་ན། ཕྱག་ན་རལ་གྲི་ཐོགས་པའི་སྐུ་དེ་ནི་སུ་ཡིན་སྙམ་དུ་འཛིན་པའི་རྟོག་པ་ལྟ་བུ། རྒྱུ་མཚན་ནི། རྟོག་པ་དེ་ནི་ཕྱག་ན་རལ་གྲི་ཐོགས་པ་སྟེ་སྐུ་དེའི་དོན་ཙམ་མཐོང་བ་ལས་མིང་མི་ཤེས་པའི་གནས་སྐབས་ཀྱི་རྟོག་པ་ཡིན་པས་དོན་སྦྱོར་རྟོག་པ་ཞེས་བརྗོད།
གཉིས།  སྒྲུབ་འཇུག
1.མཚན་ཉིད།
རང་ཡུལ་ལ་དངོས་དབང་གིས་འཇུག་པ་སྒྲུབ་འཇུག་གི་མཚན་ཉིད། རང་ཡུལ་ལ་དངོས་དབང་གིས་འཇུག་པ་དང་། སྣང་བའི་དབང་གིས་འཇུག་པ། སྒྲུབ་པའི་རྣམ་པས་འཇུག་པ། སྒྲུབ་འཇུག་རྣམས་དོན་གཅིག
     སྒྲ་བཤད་ནི། རང་ཡུལ་སྒྲུབ་པ་སྟེ་དངོས་པོའི་རྣམ་པ་དངོས་སུ་ཤར་ནས་ཡུལ་དེ་འཛིན་པས་སྒྲུབ་འཇུག་ཟེར།  དཔེར་ན། རྩ་ཐང་དུ་གཡག་ཡོད་པ་དངོས་སུ་མཐོང་ནས་གཡག་འཛིན་པའི་བློ་དེ་ནི།  སྒྲུབ་འཇུག་གི་བློ་ཡིན།
2.དབྱེ་བ།
<1> སྒྲུབ་འཇུག་ཕྱིན་ཅི་མ་ལོག་པ།
སྒྲུབ་འཇུག་ཕྱིན་ཅི་མ་ལོག་པ་ནི། རྟོག་མེད་མ་འཁྲུལ་བའི་ཤེས་པ་ཐམས་ཅད་ལ་གོ་དགོས་ཏེ། རང་ཡུལ་གང་ཡིན་པ་དེ་མངོན་སུམ་གསལ་བར་སྣང་བར་མ་ཟད། སྣང་བ་ལྟར་ཡུལ་གྱི་ངོས་ནས་གྲུབ་པ་སྟེ། ཤེས་པ་ལ་སྣང་ཚུལ་དང་ཡུལ་དུ་གནས་ཚོད་གཉིས་མཐུན་པའི་རྟོག་མེད་ཤེས་པ་ཐམས་ཅད་དོ། །དཔེར་ན། པདྨའི་དྲི་ཞིམ་པོར་སྣོམ་པའི་སྣ་བའི་མངོན་སུམ་ལྟ་ཡིན་ཏེ། སྣ་བའི་མངོན་སུམ་དེར་པདྨའི་དྲི་ཞིམ་པོར་སྣང་བ་དང་། ཇི་ལྟར་སྣང་བ་ལྟར་པདྨའི་ངོས་ནས་རྫས་སུ་གྲུབ་ཡོད་པས་ན། རང་ཡུལ་ལ་ཕྱིན་ཅི་མ་ལོག་པའི་སྒྲུབ་འཇུག་ཡིན་ནོ། །
<2>སྒྲུབ་འཇུག་ཕྱིན་ཅི་ལོག
       སྒྲུབ་འཇུག་ཕྱིན་ཅི་ལོག་ནི། རྟོག་མེད་འཁྲུལ་ཤེས་ཐམས་ཅད་ལ་གོ་དགོས་ཏེ། རང་ཡུལ་མངོན་སུམ་དུ་གསལ་བར་སྣང་ཡང་། རྐྱེན་གྱིས་དབང་གིས་ཕྱིན་ཅི་ལོག་ཏུ་བཟུང་བའི་རྟོག་མེད་ཤེས་པ་ཐམས་ཅད་ནི།  སྒྲུབ་འཇུག་ཕྱིན་ཅི་ལོག་ཡིན། དཔེར་ན། ང་ཚོ་རླངས་འཁོར་དུ་སྡོད་དུས། རླངས་འཁོར་མྱུར་དུ་བསྐྱོད་སྐབས་དྲ་མ་ནས་ཕར་རྒྱ་ལམ་ཁའི་སྡོང་བོར་བལྟ་དུས།  སྡོང་བོ་འགྲོ་བར་སྣང་བའི་མིག་ཤེས་ལྟ་བུ། དེ་འདྲའི་མིག་ཤེས་ལ་རྒྱ་ལམ་ཁའི་སྡོང་བོ་དངོས་སུ་གསལ་བར་སྣང་ཡང་།  འཁྲུལ་རྒྱུ་གནས་ལ་ཡོད་པ་སྟེ། བལྟ་བ་པོ་རང་ཉིད་གང་དུ་སྡོད་པའི་གནས་རླངས་འཁོར་བསྐྱོད་པའི་དབང་གིས་རྒྱ་ལམ་ཁའི་སྡོང་བོ་འགྲོ་བར་སྣང་བ་ལྟ་བུའོ། །    
སྒྲུབ་འཇུག་ཡིན་ན་རྟོག་བྲལ་ཡིན་པས་ཁྱབ་ཀྱང་རང་ཡུལ་རྟོགས་པས་མ་ཁྱབ་སྟེ། རྟོག་མེད་ལོག་ཤེས་རྣམས་ཀྱང་རང་ཡུལ་ལ་སྒྲུབ་འཇུག་ཡིན། དཔེར་ན། གངས་རི་སྔོན་པོ་སྣང་བའི་དབང་ཤེས་ལྟ་བུར་མཚོན་ན། རང་གི་སྣང་ཡུལ་གངས་རི་དེ་སྔོན་པོ་ལ་འཁྲུལ་བས་ལོག་ཤེས་ཡིན་ཡང་། དེ་ནི་རྟོག་བྲལ་ཏེ་རང་ཡུལ་ཐད་ཀར་དུ་སྣང་བའི་དབང་ཤེས་ཤིག་ཡིན་པས།  སྒྲུབ་འཇུག་གི་བློ་ཡིན་ནོ། །
3.དཔྱད་བརྗོད་ཆུང་ངུ།
གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་གི་དོན་ནི། སྐྱེ་འཇིག་གནས་གསུམ་དུས་མཉམ་ཞིང་ཆོས་དེ་གཉིས་ཀྱི་རྫས་ཡིན་ཁྱབ་མཉམ་ཡང་ཡིན། ཆོས་དེ་གཉིས་ཅིག་ཤོས་སྣང་བའི་མངོན་སུམ་ལ་ཅོག་ཤོས་ཀྱང་སྣང་དགོས་པ་དེ་ཡིན།  དཔེར་ན།  མཚོ་སྔོན་པོའི་བྱ་གླིང་མཐོང་བའི་མིག་ཤེས་ལ་མཚོན་ན། མཚོ་སྔོན་པོའི་བྱ་གླིང་སྣང་བ་དང་མཉམ་དུ། དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་སྟེ། བྱ་གླིང་སྟེང་གི་མི་རྟག་པ་ཡིན་པ། རྒྱུ་རྐྱེན་ལས་བྱུང་བ་ཡིན་པ། རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པ་སོགས་སྣང་ཡང་རྟོགས་པས་མ་ངེས་པ་འདིས་བྱ་དངོས་གཞན་དག་ལ་རིགས་བསྒྲེས་གྱིས་ཤེས་པར་བྱའོ། །
 
གསུམ་པ།  རྩོད་སྤོང་བ།
རྩོད་སྤོང་དང་པོ།
ཁ སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་རྟོག་པ་ཆོས་ཅན།  ཁྱོད་ཀྱིས་སྒྲ་མི་རྟག་པ་རྟོགས་པར་ཐལ།  ཁྱོད་ཀྱིས་སྒྲ་རྟག་པ་མ་ཡིན་པར་རྟོགས་པའི་ཕྱིར་ཏེ།  ཁྱོད་ལ་སྒྲ་རྟག་པ་མ་ཡིན་པར་སྣང་བའི་ཕྱིར།
ཀ མ་གྲུབ་ན།  【སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་རྟོག་པ་ལ་སྒྲ་རྟག་པ་མ་ཡིན་པར་སྣང་བ་རྟགས་མ་གྲུབ་ཟེར་ན།】
ཁ སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་རྟོག་པ་ཆོས་ཅན།  ཁྱོད་ལ་སྒྲ་རྟག་པ་མ་ཡིན་པར་སྣང་བར་ཐལ།  ཁྱོད་ལ་སྒྲ་སྒྲ་མ་ཡིན་པ་ལས་ལོག་པར་སྣང་བའི་ཕྱིར་ན།  མ་ཁྱབ་སྟེ། 【ཁྱོད་ལ་སྒྲ་སྒྲ་མ་ཡིན་པ་ལས་ལོག་པར་སྣང་བ་ན།  ཁྱོད་ལ་སྒྲ་རྟག་པ་མ་ཡིན་པར་སྣང་བས་མ་ཁྱབ།】དེ་ལ་སྒྲ་སྒྲ་མ་ཡིན་པ་ལས་ལོག་པར་སྣང་ཡང་།  སྒྲ་མི་རྟག་པར་ཡང་མི་སྣང་།  སྒྲ་རྟག་པ་མ་ཡིན་པ་ལས་ལོག་པར་ཡང་མི་སྣང་བས།  དེ་སྒྲ་ལ་ཆ་ཤས་སུ་ཕྱེ་ནས་འཇུག་པའི་སེལ་འཇུག་ཏུ་ཁས་ལེན་པའི་ཕྱིར།
ཀ རྩ་བར་འདོད་ན། 【སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་རྟོག་པས་སྒྲ་མི་རྟག་པ་རྟོགས་པར་འདོད་ཟེར་ན།】
ཁ སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་རྟོག་པ་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པར་མ་རྟོགས་པར་ཐལ། ཁྱོད་ཀྱིས་སྒྲ་ལ་རྟག་འཛིན་གྱི་སྒྲོ་འདོགས་མ་ཆོད་པའི་ཕྱིར་ཏེ།  ཁྱོད་སྒྲ་རྟག་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། སྒྲ་རྟག་པར་ཁས་ལེན་པའི་གང་ཟག་ལ་སྒྲ་མི་རྟག་པ་མི་སྣང་བ།
དཀའ་གནད། སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་རྟོག་པ་དེ། རང་ཡུལ་ལ་སེལ་བའི་རྣམ་པས་འཇུག་པ་སྟེ། དགག་བྱ་བཅད་པ་དང་དོན་སྤྱི་བརྒྱུད་པ་ལ་བརྟེན་ནས་འཇུག་པ།
གཙོ་གནད། སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་རྟོག་པ་ལ། སྒྲ་སྒྲ་ཡིན་མ་ཡིན་པ་ལས་ལོག་པ་སྟེ་སྒྲ་སྒྲ་ཡིན་པར་སྣང་ཡང་། དེ་ལ་སྒྲ་མི་རྟག་པར་ཡང་མི་སྣང་།  སྒྲ་རྟག་པ་མ་ཡིན་པ་ལས་ལོག་སྟེ་སྒྲ་རྟག་པར་ཡང་མི་སྣང་བ།
 
རྩོད་སྤོང་གཉིས་པ།
ཁ སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པ་རྟོགས་པར་ཐལ། ཁྱོད་ལ་སྒྲ་མི་རྟག་པ་སྣང་བའི་ཕྱིར་ན་མ་ཁྱབ། 【སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ལ་སྒྲ་མི་རྟག་པ་སྣང་ན། སྒྲ་མི་རྟག་པ་རྟོགས་པས་མ་ཁྱབ།】
ཀ མ་གྲུབ་ན། 【སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ལ། སྒྲ་མི་རྟག་པ་སྣང་བ་རྟགས་མ་གྲུབ་ཟེར་ན།】
ཁ སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཆོས་ཅན། ཁྱོད་ལ་སྒྲ་མི་རྟག་པ་སྣང་བར་ཐལ། ཁྱོད་ཀྱིས་སྒྲ་མི་རྟག་པ་མཐོང་བའི་ཕྱིར།
ཀ མ་གྲུབ་ན། 【སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཀྱིས།  སྒྲ་མི་རྟག་པ་མཐོང་བ་རྟགས་མ་གྲུབ་ཟེར་ན།】
ཁ སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཆོས་ཅན། ཁྱོད་ཀྱིས་སྒྲ་མི་རྟག་པ་མཐོང་བར་ཐལ། ཁྱོད་ཀྱིས་སྒྲ་དང་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མཐོང་བའི་ཕྱིར།
ཀ མ་གྲུབ་ན། 【སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཀྱིས། སྒྲ་དང་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མཐོང་བ་རྟགས་མ་གྲུབ་ཟེར་ན།】
ཁ  སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཆོས་ཅན།  ཁྱོད་ཀྱིས་སྒྲ་དང་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མཐོང་བར་ཐལ། ཁྱོད་སྒྲ་ལ་རྟོག་མེད་ཀྱི་ཤེས་པ་ཡིན་པའི་ཕྱིར། ཁྱབ་སྟེ། 【ཁྱོད་སྒྲ་ལ་རྟོག་མེད་ཀྱི་ཤེས་པ་ཡིན་ན། ཁྱོད་ཀྱིས་སྒྲ་དང་ཡུལ་དུས་རང་བཞིན་གང་ལ་ལྟོས་ཏེ་གྲུབ་བདེ་དབྱེར་མེད་ཀྱི་རྫས་གཅིག་པ་ཐམས་ཅད་མཐོང་བས་ཁྱབ་དགོས་ཏེ།】 《རྣམ་འགྲེལ》ལས།  〝དོན་གྱི་རང་གི་ངོ་བོ་གཅིག  བདག་ཉིད་མངོན་སུམ་ཡིན་པ་ལ། །ཚད་མ་གཞན་གྱིས་བརྟག་བྱ་གང་། །མ་མཐོང་ཆ་གཞན་ཅི་ཞིག་ཡོད། །〞ཅེས་གསུངས་པའི་ཕྱིར།
ཀ རྩ་བར་འདོད་ན། 【སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཀྱིས།  སྒྲ་མི་རྟག་པ་རྟོགས་པར་འདོད་ཟེར་ན།】
ཁ སྒྲ་རྟག་པར་ཁས་ལེན་པའི་གང་ཟག་ཆོས་ཅན།  ཁྱོད་ཀྱི་རྒྱུད་ན་སྒྲ་མི་རྟག་པར་རྟོགས་པའི་བློ་ཡོད་པར་ཐལ།  ཁྱོད་ཀྱི་རྒྱུད་ཀྱི་སྒྲ་འཛིན་ཉན་ཤེས་ཀྱིས་སྒྲ་མི་རྟག་པ་རྟོགས་པའི་ཕྱིར། 
ཀ འདོད་ན། 【སྒྲ་རྟག་པར་ཁས་ལེན་པའི་གང་ཟག་གི་རྒྱུད་ན། སྒྲ་མི་རྟག་པར་རྟོགས་པའི་བློ་ཡོད་པར་འདོད་ཟེར་ན།】
ཁ  སྒྲ་རྟག་པར་ཁས་ལེན་པའི་གང་ཟག་ཆོས་ཅན། ཁྱོད་སྒྲ་རྟག་པར་ཁས་ལེན་པའི་གང་ཟག་མ་ཡིན་ཐལ། ཁྱོད་སྒྲ་མི་རྟག་པ་རྟོགས་པའི་གང་ཟག་ཡིན་པའི་ཕྱིར། རྟགས་ཁས། 【སྒྲ་རྟག་པར་ཁས་ལེན་པའི་གང་ཟག་དེ། སྒྲ་མི་རྟག་པ་རྟོགས་པའི་གང་ཟག་ཡིན་པ་ཁས་བླངས་ཟིན།】འདོད་མི་ནུས་ཏེ། 【སྒྲ་རྟག་པར་ཁས་ལེན་པའི་གང་ཟག  སྒྲ་རྟག་པར་ཁས་ལེན་པའི་གང་ཟག་མ་ཡིན་པར་འདོད་མི་ནུས་ཏེ།】སྒྲ་རྟག་པར་ཁས་ལེན་པའི་གང་ཟག་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  ཁྱོད་ལ་སྒྲ་མི་རྟག་པ་སྣང་ན། ཁྱོད་ཀྱིས་སྒྲ་མི་རྟག་པ་རྟོགས་པས་མ་ཁྱབ་པ།
དཀའ་གནད། ཁྱོད་ཆོས་དེ་ལ་རྟོག་མེད་ཀྱི་ཤེས་པ་ཡིན་ན། ཁྱོད་ལ་ཆོས་དེ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་ཐམས་ཅད་སྣང་བས་ཁྱབ་པ།
གཙོ་གནད། སྒྲ་རྟག་པར་ཁས་ལེན་པའི་སྒྲ་འཛིན་ཉན་ཤེས་ལ། སྒྲ་དང་གྲུབ་བདེ་དབྱེར་མེད་ཀྱི་རྫས་ཐམས་ཅད་སྣང་ཡང་རྟོགས་པས་མ་ཁྱབ་པ།

རྩོམ་སྒྲིག་པ།