བསྡུས་གྲྭའི་རྣམ་བཤད་བློ་གསལ་བྱེ་བའི་འཇུག་ངོགས། ། ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་རྣམ་གཞག ས་བཅད་གསུམ་པ། གཅིག་ཐ་དད།
དུས་ཚོད།:2018-8-27  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:1094  |   དཔྱད་པ།:0

ས་བཅད་གསུམ་པ།  གཅིག་ཐ་དད།
དང་པོ།  གཞན་ལུགས་དགག་པ།
རྩོད་སྐོར་དང་པོ།
ཀ ངོ་བོ་གཅིག་ཡིན་ན་གཅིག་ཡིན་པས་ཁྱབ་ཅེ་ན།
ཁ དངོས་པོ་དང་མི་རྟག་པ་གཉིས་ཆོས་ཅན། གཅིག་ཡིན་པར་ཐལ།  ངོ་བོ་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས།   【ངོ་བོ་གཅིག་ཡིན་ན་གཅིག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།   【དངོས་པོ་དང་མི་རྟག་པ་གཉིས་ངོ་བོ་གཅིག་ཡིན་པ་མ་གྲུབ་ཟེར་ན།】
ཁ  དངོས་པོ་དང་མི་རྟག་པ་གཉིས་ཆོས་ཅན། ངོ་བོ་གཅིག་ཡིན་པར་ཐལ།  བདག་ཉིད་གཅིག་ཡིན་པའི་ཕྱིར།
ཀ  མ་ཁྱབ་ན།   【བདག་ཉིད་གཅིག་ཡིན་ན་ངོ་བོ་གཅིག་ཡིན་པས་མ་ཁྱབ་ཟེར་ན།】
ཁ ཁྱབ་པ་ཡོད་པར་ཐལ།  【བདག་ཉིད་གཅིག་ཡིན་ན་ངོ་བོ་གཅིག་ཡིན་པས་ཁྱབ་པར་ཐལ།】 ངོ་བོ་གཅིག་པ་དང་། རང་བཞིན་གཅིག་པ། བདག་ཉིད་གཅིག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།  【དངོས་པོ་དང་མི་རྟག་པ་གཉིས་གཅིག་ཡིན་པར་འདོད་ཅེ་ན།】
ཁ དངོས་པོ་དང་མི་རྟག་པ་གཉིས་ཆོས་ཅན།  གཅིག་མ་ཡིན་པར་ཐལ།  ཐ་དད་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【དངོས་པོ་དང་མི་རྟག་པ་གཉིས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་དང་མི་རྟག་གཉིས་ཆོས་ཅན། ཐ་དད་ཡིན་པར་ཐལ།  ལྡོག་པ་ཐ་དད་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【དངོས་པོ་དང་མི་རྟག་པ་གཉིས་ལྡོག་པ་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་དང་མི་རྟག་པ་གཉིས་ཆོས་ཅན།  ལྡོག་པ་ཐ་དད་ཡིན་པར་ཐལ།  དངོས་པོའི་ལྡོག་པ་ལ་དངོས་པོ་འཇོག་པ་གང་ཞིག་མི་རྟག་པ་མི་འཇོག་པ་དང་།  མི་རྟག་པའི་ལྡོག་པ་ལ་མི་རྟག་པ་འཇོག་པ་གང་ཞིག་དངོས་པོ་མི་འཇོག་པའི་ཕྱིར།
ཀ དང་པོ་མ་གྲུབ་ན།  【དངོས་པོའི་ལྡོག་པ་ལ་དངོས་པོ་འཇོག་པ་གང་ཞིག་མི་རྟག་པ་མི་འཇོག་པ་རྟགས་མ་གྲུབ་ཟེར་ན།】
ཁ དངོས་པོ་ཆོས་ཅན།  ཁྱོད་ཀྱི་ལྡོག་པ་ལ་ཁྱོད་འཇོག་དགོས་པར་ཐལ།  ཁྱོད་ཀྱི་ལྡོག་པ་ལ་ཁྱོད་དང་གཅིག་འཇོག་དགོས་པ་གང་ཞིག  ཁྱོད་དང་གཅིག་ལ་དངོས་པོ་རང་ཉིད་ལས་གཞན་འཇོག་རྒྱུ་མེད་པའི་ཕྱིར།  རྟགས་ཕྱི་མ་རིགས་བསྒྲེ་གྱིས་ཤེས་པར་བྱ།
དབྱེ་ཞིབ།
  ངོ་བོ་གཅིགཅེས་པ་ནི། ངོ་བོ་འམ་རང་བཞིན་སོ་སོ་བ་མ་ཡིན་པ་སྟེ།  རང་བཞིན་སོ་སོར་བགར་དུ་མེད་པ་ཞིག་ལ་གོ་དགོས།   དཔེར་ན།  ཅོག་ཙེ་དང་ཅོག་ཙེའི་སུག་ཏི་གཉིས་རང་བཞིན་གཅིག་ཡིན་ཏེ།  ཅོག་ཙེ་ཞེས་པ་ཅོག་ཙེའི་སུག་ཏི་བཞི་དང་སྟེང་འོག་གཉིས་ཟུར་བཞི་སོགས་ཀྱི་ཆ་ཤས་ལ་བརྟེན་ནས་གྲུབ་པ་ཡིན་པས།  ཅོག་ཙེའི་སུག་ཏི་བཞི་པོ་དེ་ཅོག་ཙེའི་རང་བཞིན་དང་ངོ་བོ་ལོགས་སུ་བགར་ཐབས་མེད་པའི་རང་བཞིན་དུ་གྲུབ་ཡོད་པས་ན།  ཅོག་ཙེའི་སུག་ཏི་བཞི་པོ་ནི་ཅོག་ཙེ་དང་ངོ་བོ་གཅིག་ཡིན། འདིར་ཅོག་ཙེ་ལ་སུག་ཏི་བཞི་བཤད་པ་ནི་གཙོ་བོའི་དབང་དུ་བྱས་པ་ཡིན་གྱི། བྱེ་བྲག་ཏུ་ཅོག་ཙེའི་བདག་ཉིད་དུ་གྱུར་པའི་འབྱུང་བའི་རྡུལ་རེ་རེ་ནས་ཅོག་ཙེ་དང་བདག་ཉིད་གཅིག་ཚུལ་ཤེས་དགོས་སོ། །
         ཤེས་བྱ་དང་བུམ་པ་གཉིས་རང་བཞིན་གཅིག་ཡིན་ཞེས་པའི་སྐབས་སུ།  བུམ་དེ་ཤེས་བྱ་དང་རང་བཞིན་གཅིག་ཡིན་པའི་ཆ་ལ་གོ་དགོས་པ་ལས།  ཤེས་བྱ་དེ་བུམ་པ་དང་རང་བཞིན་གཅིག་ཡིན་པའི་ཆ་ལ་གོ་དགོས་པ་མ་ཡིན་ཏེ།  ཤེས་བྱ་བུམ་པ་དང་རང་བཞིན་གཅིག་མ་ཡིན་ཏེ་རྟག་པ་ཡིན་པའིནཕྱིར་རོ། །
བསྒྲུབ་བྱ། ངོ་བོ་གཅིག་ཡིན་ན་གཅིག་ཡིན་པས་མ་ཁྱབ་པ།
དཀའ་གནད།  གཅིག་དང་རང་བཞིན་གཅིག་གི་ཁྱད་པར།
གཙོ་གནད། དངོས་པོ་དང་མི་རྟག་པ་གཉིས་ཐ་དད་ཡིན་ཡང་རང་བཞིན་གཅིག་ཡིན་པ།
 
རྩོད་སྐོར་གཉིས་པ།
ཀ  ངོ་བོ་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་ཟེར་ན།
ཁ དངོས་པོ་དང་མི་གཉིས་ཆོས་ཅན།  རྫས་གཅིག་ཡིན་པར་ཐལ།  ངོ་བོ་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【ངོ་བོ་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ  མ་གྲུབ་ན།  【དངོས་པོ་དང་མི་གཉིས་ངོ་བོ་གཅིག་པ་རྟགས་མ་གྲུབ་ཟེར་ན།】
ཁ དངོས་པོ་དང་མི་གཉིས་ཆོས་ཅན།  ངོ་བོ་གཅིག་ཡིན་པར་ཐལ། མི་དེ་དངོས་པོ་ལས་སོ་སོར་བགར་དུ་མེད་པའི་ཆོས་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།   【མི་དེ་དངོས་པོ་ལས་སོ་སོར་བགར་དུ་མེད་པའི་ཆོས་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  མི་ཆོས་ཅན།  ཁྱོད་དངོས་པོ་ལས་སོ་སོར་བགར་དུ་མེད་པའི་ཆོས་ཡིན་པར་ཐལ།  ཁྱོད་དངོས་པོའི་ཆ་ཤས་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།  【དངོས་པོ་དང་མི་གཉིས་རྫ་གཅིག་ཡིན་པར་འདོད་ཟེར་ན།】
ཁ དངོས་པོ་དང་མི་གཉིས་ཆོས་ཅན།  རྫས་གཅིག་མ་ཡིན་པར་ཐལ།  རྫས་སོ་སོ་བ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།  【དངོས་པོ་དང་མི་གཉིས་རྫས་སོ་སོ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ དངོས་པོ་དང་མི་གཉིས་ཆོས་ཅན།  རྫས་སོ་སོ་བ་ཡིན་པར་ཐལ། རྫས་ཀྱི་སྒོ་ནས་སོ་སོ་བར་སྐྱེས་པའི་ཆོས་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།   【དངོས་པོ་དང་མི་གཉིས་རྫས་ཀྱི་སྒོ་ནས་སོ་སོ་བར་སྐྱེས་པའི་ཆོས་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་དང་མི་གཉིས་ཆོས་ཅན།  རྫས་ཀྱི་སྒོ་ནས་སོ་སོ་བར་སྐྱེས་པའི་ཆོས་ཡིན་པར་ཐལ།  དངོས་པོ་སྐྱེས་ན་མི་སྐྱེས་པའི་མ་ཁྱབ་པའི་ཕྱིར། 
ཀ  མ་གྲུབ་ན།   【དངོས་པོ་སྐྱེས་ན་མི་སྐྱེས་པས་མ་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་ཆོས་ཅན།  ཁྱོད་སྐྱེས་ན་མི་སྐྱེས་པས་མ་ཁྱབ་པར་ཐལ།  མི་མེད་པའི་ས་ཕྱོགས་སུ་མི་མ་སྐྱེས་པ་གང་ཞིག  དངོས་པོ་སྐྱེས་ཡོད་པའི་ཕྱིར་ཏེ།  དངོས་པོ་ཡོད་པའི་ཕྱིར།
དབྱེ་ཞིབ།
     རྫས་གཅིགཅེས་པའི་དོན་ནི།  རྫས་ཀྱི་སྒོ་ནས་སོ་སོར་མ་སྐྱེས་པ་སྟེ།  དངོས་དེ་གཉིས་སྐྱེས་དུས་སོ་སོར་མ་སྐྱེས་པའི་དོན་ཡིན།  དཔེར་ན།  མྱུག་གུའི་སྟེང་གི་རྒྱུ་རྐྱེན་ལས་སྐྱེས་པའི་ཆ་དང་།  སྐད་ཅིག་སྐད་ཅིག་ལ་འཇིག་པའི་ཆ་གཉིས་ལྟ་བུ་ཡིན་ཏེ།  དེ་གཉིས་སྐྱེ་འཇིག་གནས་གསུམ་དུས་མཉམ་ཞིང་། མྱུ་གུའི་སྟེང་གི་རྒྱུ་རྐྱེན་ལས་སྐྱེས་པའི་ཆ་དེ་སྐད་ཅིག་སྐད་ཅིག་ལ་འཇིག་པའི་ཆ་ཡིན་པ་དང་།  སྐད་ཅིག་སྐད་ཅིག་ལ་འཇིག་པའི་ཆ་དེ་རྒྱུ་རྐྱེན་ལས་སྐྱེས་པའི་ཆ་ཡིན་པ་ལྟ་བུའོ། །
བསྒྲུབ་བྱ།   ངོ་བོ་གཅིག་ཡིན་ན་རྫས་གཅིག་ཡིན་པས་མ་ཁྱབ་པ།
དཀའ་གནད།  ངོ་བོ་གཅིག་དང་རྫས་གཅིག་གི་ཁྱད་པར།
གཙོ་གནད།  དངོས་པོ་དང་མི་གཉིས་ངོ་བོ་གཅིག་ཀྱང་རྫས་གཅིག་མིན་པའི་ཁྱད་པར།
 
རྩོད་སྐོར་གསུམ་པ།
ཀ  དངོས་པོ་དང་རྫས་གཅིག་ཡིན་ན་རྫས་གཅིག་པའི་ཁྱབ་ཟེར་ན།
ཁ  ལག་པ་དང་རྐང་པ་གཉིས་ཆོས་ཅན།  རྫས་གཅིག་ཡིན་པར་ཐལ།  དངོས་པོ་དང་རྫས་གཅིག་ཡིན་པའི་ཕྱིར།   【དངོས་པོ་དང་རྫས་གཅིག་ཡིན་ན་རྫས་གཅིག་ཡིན་པའི་ཁྱབ་པ་ཁས་བླངས་ཟིན།】
ཀ  མ་གྲུབ་ན།   【ལག་པ་དང་རྐང་བ་གཉིས་དངོས་པོ་དང་རྫས་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ལག་པ་དང་རྐང་བ་གཉིས་ཆོས་ཅན།  དངོས་པོ་དང་རྫས་གཅིག་ཡིན་པར་ཐལ།  དངོས་པོ་དང་རྫས་ཀྱི་སྒོ་ནས་སོ་སོར་མ་སྐྱེས་པའི་ཆོས་ཡིན་པའི་ཕྱིར།
ཀ མ་གྲུབ་ན།   【ལག་པ་དང་རྐང་བ་གཉིས་རྫས་ཀྱི་སྒོ་ནས་སོ་སོར་མ་སྐྱེས་པའི་ཆོས་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྐང་པ་དང་ལག་པ་གཉིས་ཆོས་ཅན།  དངོས་པོ་དང་རྫས་ཀྱི་སྒོ་ནས་སོ་སོར་མ་སྐྱེས་པའི་ཆོས་ཡིན་པར་ཐལ།  དངོས་པོའི་བྱེ་བྲག་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།  【རྐང་པ་དང་ལག་པ་གཉིས་རྫས་གཅིག་ཡིན་པར་འདོད་ཟེར་ན།】
ཁ  རྐང་པ་དང་ལག་པ་གཉིས་ཆོས་ཅན།  རྫས་གཅིག་མ་ཡིན་པར་ཐལ།  རྫས་ཐ་དད་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【རྐང་པ་དང་ལག་པ་གཉིས་རྫས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྐང་པ་དང་ལག་པ་གཉིས་ཆོས་ཅན།  རྫས་ཐ་དད་ཡིན་པར་ཐལ།  རྫས་ཀྱི་སྒོ་ནས་སོ་སོར་སྐྱེས་པའི་ཆོས་ཡིན་པའི་ཕྱིར།
ཀ  མ་ཁྱབ་ན།  【རྫས་ཀྱི་སྒོ་ནས་སོ་སོར་སྐྱེས་པའི་ཆོས་ཡིན་ན།  རྫས་གཅིག་མ་ཡིན་པས་མ་ཁྱབ་ཟེར་ན།】
ཁ  ཁྱབ་པ་ཡོད་པར་ཐལ།  【རྫས་ཀྱི་སྒོ་ནས་སོ་སོར་སྐྱེས་པའི་ཆོས་ཡིན་ན་རྫས་གཅིག་མ་ཡིན་པས་ཁྱབ་པར་ཐལ།】རྫས་གཅིག་ཡིན་ན་རྫས་ཀྱི་སྒོ་ནས་སོ་སོར་མ་སྐྱེས་པའི་ཆོས་ཡིན་དགོས་པའི་ཕྱིར།
ཀ  མ་གྲུབ་ན།   【རྫས་གཅིག་ཡིན་ན་རྫས་ཀྱི་སྒོ་ནས་སོ་སོར་མ་སྐྱེས་པའི་ཆོས་ཡིན་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྫས་གཅིག་ཡིན་ན་རྫས་ཀྱི་སྒོ་ནས་སོ་སོར་མ་སྐྱེས་པའི་ཆོས་ཡིན་དགོས་པར་ཐལ།  རྫས་ཀྱི་སྒོ་ནས་སོ་སོར་མ་སྐྱེས་པའི་ཆོས་དེ།  རྫས་གཅིག་གི་མཚན་ཉིད་ཡིན་པའི་ཕྱིར།
དབྱེ་ཞིབ།
   རྐང་བ་དང་ལག་པ་གཉིས་རྫས་ཐ་དད་ཡིནཔའི་དོན་ནི།  སྤྱིར་རྐང་བ་དང་ལག་པ་གཉིས་རང་གང་ལ་ལྡན་པའི་མིའི་ལུས་དང་རྫས་གཅིག་ཡིན་ཡང་།  རྐང་བ་དང་ལག་པ་གཉིས་རྫས་ཐ་དད་ཡིན་ཏེ།   རྐང་བ་དང་ལག་པ་གཉིས་རྫས་ཀྱི་སྒོ་ནས་སོ་སོར་སྐྱེས་པའི་ཆོས་ཡིན་པའི་རྒྱུ་མཚན་གྱིས་ཡིན།  དེ་ཡང་ཡིན་ཏེ།  རྐང་བ་སྐྱེས་དུས་རང་གང་ལ་ལྡན་པའི་མི་དེའི་སྨད་དུ་སྐྱེས་ཤིང་ལག་པ་སྐྱེས་དུས་རང་གང་ལ་ལྡན་པའི་མི་དེའི་སྟོད་དུ་སྐྱེས་པ་ཡིན་ནོ། །
བསྒྲུབ་བྱ། དངོས་པོ་དང་རྫས་གཅིག་ཡིན་ན་རྫས་གཅིག་པའི་མ་ཁྱབ་པ།
དཀའ་གནད། རང་ཉིད་རྫས་ཐ་དད་ཡིན་ཡང་རང་གི་ཁྱབ་བྱེད་སམ་སྤྱི་དེ་དང་རྫས་གཅིག་ཡིན་པ་ཡོད་པའི་ཁྱད་པར།
གཙོ་གནད། རྐང་བ་དང་ལག་པ་གཉིས་རྫས་ཐ་དད་ཡིན་ཡང་དེ་གཉིས་དངོས་པོ་དང་རྫས་གཅིག་ཡིན་པའི་ཁྱད་པར།
 
རྩོད་སྐོར་བཞི་པ།
ཀ  ཤེས་བྱ་དང་བདག་ཉིད་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་ཁྱབ་ཟེར་ན།
ཁ  རྟ་དང་གཡག་གཉིས་ཆོས་ཅན།  བདག་ཉིད་གཅིག་ཡིན་པར་ཐལ།  ཤེས་བྱ་དང་བདག་ཉིད་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས། 【ཤེས་བྱ་དང་བདག་ཉིད་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་ཁྱབ་པ་ཁྱོད་ཀྱིས་ཁས་བླངས་ཟིན།】
ཀ མ་གྲུབ་ན།  【རྟ་དང་གཡག་གཉིས་ཤེས་བྱ་དང་བདག་ཉིད་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟ་དང་གཡག་གཉིས་ཆོས་ཅན།  ཤེས་བྱ་དང་བདག་ཉིད་གཅིག་ཡིན་པར་ཐལ།  ཤེས་བྱ་དང་རང་བཞིན་གཅིག་ཡིན་པའི་ཕྱིར།
ཀ  མ་ཁྱབ་ན།   【ཤེས་བྱ་དང་རང་བཞིན་གཅིག་ཡིན་ན། ཤེས་བྱ་དང་བདག་ཉིད་གཅིག་ཡིན་པས་མ་ཁྱབ་ཟེར་ན།】
ཁ  ཁྱབ་པ་ཡོད་པར་ཐལ།   【ཤེས་བྱ་དང་རང་བཞིན་གཅིག་ཡིན་ན།  ཤེས་བྱ་དང་བདག་ཉིད་གཅིག་ཡིན་དགོས་པའི་ཁྱབ་དགོས་ཏེ།】  ངོ་བོ་གཅིག་པ་དང་།  རང་བཞིན་གཅིག་པ།  བདག་ཉིད་གཅིག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།   【རྟ་དང་གཡག་གཉིས་བདག་ཉིད་གཅིག་ཡིན་པར་འདོད་ཟེར་ན།】
ཁ  རྟ་དང་གཡག་གཉིས་ཆོས་ཅན།  བདག་ཉིད་གཅིག་མ་ཡིན་པར་ཐལ།  བདག་ཉིས་ཐ་དད་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།   【རྟ་དང་གཡག་གཉིས་བདག་ཉིད་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟ་དང་གཡག་གཉིས་ཆོས་ཅན།  བདག་ཉིད་ཐ་དད་ཡིན་པར་ཐལ།  རང་བཞིན་ཐ་དད་ཡིན་པའི་ཕྱིར།
དབྱེ་ཞིབ།
   བདག་ཉིད་གཅིགཅེས་པའི་དོན་ནི།  བདག་ཉིད་སོ་སོ་བ་མ་ཡིན་པ་སྟེ་རང་བཞིན་སོ་སོ་བ་མ་ཡིན་པ་ལ་གོ་དགོས།  དཔེར་ན།  དངོས་པོ་དང་མི་རྟག་གཉིས་ལྟ་བུ་ཡིན་ཏེ། དངོས་པོའི་རང་བཞིན་སྐད་ཅིག་སྐད་ཅིག་ལ་འཇིག་པའི་མི་རྟག་པའི་རང་བཞིན་དུ་གྲུབ་ཡོད་པ་ནང་བཞིན།  མི་རྟག་པའི་རང་བཞིན་ཡང་རང་གི་འབྲས་བུ་ཕྱི་མ་བསྐྱེད་པའི་ནུས་པའི་ངོ་བོར་གྲུབ་ཡོད་པ་ལྟ་བུའོ། །
བསྒྲུབ་བྱ། ཤེས་བྱ་དང་བདག་ཉིད་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་མ་ཁྱབ་པ།
དཀའ་གནད།  རང་བཞིན་མི་གཅིག་པ་གཉིས་ཆོས་གཞན་དང་རང་བཞིན་གཅིག་ཡིན་པ་ཡོད་པ།
གཙོ་གནད།  རྟ་དང་གཡག་གཉིས་རང་བཞིན་མི་གཅིག་ཡང་། ཤེས་བྱ་དང་རང་བཞིན་ཡིན་པ།
 
རྩོད་སྐོར་ལྔ་པ།
ཀ  རིགས་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་ཁྱབ་ཟེར་ན།
ཁ  རྟ་དཀར་པོ་དང་རྟ་སྔོ་ནག་གཉིས་ཆོས་ཅན།  བདག་ཉིད་གཅིག་ཡིན་པར་ཐལ།  རིགས་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【རིགས་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ  མ་གྲུབ་ན།  【རྟ་དཀར་པོ་དང་རྟ་སྔོ་ནག་གཉིས།  རིགས་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟ་དཀར་པོ་དང་རྟ་སྔོ་ནག་གཉིས་ཆོས་ཅན།  རིགས་གཅིག་ཡིན་པར་ཐལ།  ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།   【རྟ་དཀར་པོ་དང་རྟ་སྔོ་ནག་གཉིས།  ལྡོག་པ་རིགས་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟ་དཀར་པོ་དང་རྟ་སྔོ་ནག་གཉིས་ཆོས་ཅན།  ལྡོག་པ་རིགས་གཅིག་ཡིན་པར་ཐལ།  སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།   【རྟ་དཀར་པོ་དང་རྟ་སྔོ་ནག་གཉིས། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟ་དཀར་པོ་དང་རྟ་སྔོ་ནག་གཉིས་ཆོས་ཅན།  སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ།  གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་ཡིན་པའི་ཕྱིར།
ཀ མ་ཁྱབ་ན།   【གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་ཡིན་ན།   སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པས་མ་ཁྱབ་ཟེར་ན།】
ཁ  ཁྱབ་པ་ཡོད་པར་ཐལ།   【གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་ཡིན་ན།   སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པས་ཁྱབ་པར་ཐལ།】 གང་ཟག་གང་དང་གང་གིས་ཡིད་གཏད་པས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་དེ།   སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་གི་མཚན་ཉིད་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།   【རྟ་དཀར་པོ་དང་རྟ་སྔོ་ནག་གཉིས་བདག་ཉིད་གཅིག་པར་འདོད་ཟེར་ན།】
ཁ  རྟ་དཀར་པོ་དང་རྟ་སྔོ་ནག་གཉིས་ཆོས་ཅན།  བདག་ཉིད་གཅིག་མ་ཡིན་པར་ཐལ།  བདག་ཉིད་ཐ་དད་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།   【རྟ་དཀར་པོ་དང་རྟ་སྔོ་ནག་གཉིས་བདག་ཉིད་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟ་དཀར་པོ་དང་རྟ་སྔོ་ནག་གཉིས་ཆོས་ཅན།  བདག་ཉིད་ཐ་དད་ཡིན་པར་ཐལ།  ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར།
དབྱེ་ཞིབ།
    སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིགཅེས་པའི་དོན་ནི།  ལྡོག་པ་རིགས་གཅིག་གི་ནང་ཚན་ཞིག་སྟེ།  གཙོ་བོ་དབང་ཤེས་ལ་བརྟེན་ནས་དངོས་སུ་མྱོང་ཐུབ་པའི་བྱ་དངོས་རགས་པ་ཞིག་ཡིན་དགོས་ཤིང་། བྱ་དངོས་དེ་ལ་དམིགས་ནས།  འདི་དང་འདི་འདྲའོ་སྙམ་པའི་བློ་ཞིག་ངང་གིས་བསྐྱེད་ཐུབ་པ་ཞིག་ལ་ཟེར།  དཔེར་ན།  མིག་ཞིག་གིས་གློ་བུར་དུ་རྟ་དཀར་པོ་དང་རྟ་ནག་པོ་གཉིས་མཐོང་བ་ན།  མི་དེའི་བློ་ངོར་ངམ་ངམ་ཤུགས་ཀྱིས་སྲོག་ཆགས་འདི་གཉིས་ཕྱིའི་སྤུ་ཁའི་ཁྱད་པར་ཙམ་ལས་འདྲའོ་སྙམ་པའི་བློ་ངང་གིས་སྐྱེ་བ་བཞིན་ནོ། །
བསྒྲུབ་བྱ། རིགས་གཅིག་ཡིན་ན་བདག་ཉིད་གཅིག་ཡིན་པས་མ་ཁྱབ་པ།
དཀའ་གནད། རིགས་གཅིག་དང་བདག་ཉིད་གཅིག་གི་འབྲེལ་བ་དང་ཁྱད་པར།
གཙོ་གནད།  རྟ་དཀར་པོ་དང་རྟ་སྔོ་ནག་གཉིས་རིགས་གཅིག་ཡིན་ཡང་བདག་ཉིད་གཅིག་མ་ཡིན་པའི་ཁྱད་པར།
 
རྩོད་སྐོར་དྲུག་པ།
ཀ  ཤེས་བྱ་དང་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་ཁྱབ་ཟེར་ན།
ཁ  རྟག་པ་དང་དངོས་པོ་གཉིས་ཆོས་ཅན།  རིགས་གཅིག་ཡིན་པར་ཐལ།  ཤེས་བྱ་དང་རིགས་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས།   【ཤེས་བྱ་དང་རིགས་གཅིག་ཡིན་ན།  རིགས་གཅིག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ  མ་གྲུབ་ན།  【རྟག་པ་དང་དངོས་པོ་གཉིས།  ཤེས་བྱ་དང་རིགས་གཅིག་ཡིན་པ་རྟག་མ་གྲུབ་ཟེར་ན།】
ཁ  རྟག་པ་དང་དངོས་པོ་གཉིས་ཆོས་ཅན། ཤེས་བྱ་དང་རིགས་གཅིག་ཡིན་པར་ཐལ།  ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།   【རྟག་པ་དང་དངོས་པོ་གཉིས་རིགས་གཅིག་ཡིན་པར་འདོད་ཟེར་ན།】
ཁ  རྟག་པ་དང་དངོས་པོ་གཉིས་ཆོས་ཅན།  རིགས་གཅིག་མ་ཡིན་པར་ཐལ།  རིགས་ཐ་དད་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།   【རྟག་པ་དང་དངོས་པོ་གཉིས།   རིགས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་དང་དངོས་པོ་གཉིས་ཆོས་ཅན།  རིགས་ཐ་དད་ཡིན་པར་ཐལ།  ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་པའི་ཕྱིར། 
དབྱེ་ཞིབ།
    ཤེས་བྱའི་བྱེ་བྲག་ཡིན་ན་ཤེས་བྱ་དང་རིགས་གཅིག་ཡིན་དགོསཔའི་རྒྱུ་མཚན་ནི།  ཤེས་བྱའི་བྱེ་བྲག་ཡིན་ན་ཤེས་བྱའི་ཁྱབ་བྱ་ཡིན་དགོས་ཤིང་།  ཤེས་བྱའི་ཁྱབ་བྱ་ཡིན་ན་ཤེས་བྱ་ཡིན་དགོས་པས་ན།  ཤེས་བྱ་ལ་བྱ་དང་རིགས་མི་གཅིག་པ་ཞིག་ཡོད་མི་སྲིད་པ་ལྟ་བུའོ། །
བསྒྲུབ་བྱ། ཤེས་བྱ་དང་རིགས་གཅིག་ཡིན་ན་རིགས་གཅིག་ཡིན་པས་མ་ཁྱབ་པ།
དཀའ་གནད།  སྤྱིར་ཆོས་དེ་གཉིས་རིགས་མི་གཅིག་ཀྱང་། ཆོས་དེ་གཉིས་ཀྱི་ཁྱབ་བྱེད་དང་རིགས་གཅིག་ཡིན་པ།
གཙོ་གནད།  རྟག་དངོས་གཉིས་རིགས་མི་གཅིག་པའི་འགལ་བ་ཡིན་ཡང་།  དེ་གཉིས་ཀྱི་ཁྱབ་བྱེད་ཤེས་བྱ་དང་རིགས་གཅིག་པ།
 
རྩོད་སྐོར་བདུན་པ།
ཀ  རིགས་གཅིག་ཡིན་ན་སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པས་ཁྱབ་ཟེར་ན།
ཁ  ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས་ཆོས་ཅན།  སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ།  རིགས་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【རིགས་གཅིག་ཡིན་ན་སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ  མ་གྲུབ་ན།   【ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས། རིགས་གཅིག་ཡིན་པ་རྟག་མ་གྲུབ་ཟེར་ན།】
ཁ  ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས་ཆོས་ཅན།  རིགས་གཅིག་ཡིན་པར་ཐལ།  ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།  【ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས། ལྡོག་པ་རིགས་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས་ཆོས་ཅན། ལྡོག་པ་རིགས་གཅིག་ཡིན་པར་ཐལ།  ནམ་མཁའ་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།   【ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པར་འདོད་ཟེར་ན།】
ཁ  ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་མཁའ་གཉིས་ཆོས་ཅན།  སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་མ་ཡིན་པར་ཐལ།  དགག་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།   【ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས། དགག་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས་ཆོས།  དགག་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པར་ཐལ།  དགག་བྱ་རིགས་གཅིག་བཀག་ཙམ་གྱི་མེད་དགག་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།   【ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས།  དགག་བྱ་རིགས་གཅིག་བཀག་ཙམ་གྱི་ཐ་དད་པའི་མེད་དགག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས་ཆོས་ཅན།  དགག་བྱ་རིགས་གཅིག་བཀག་ཙམ་གྱི་ཐ་དད་པའི་མེད་དགག་ཡིན་པར་ཐལ།  དགག་བྱ་རིགས་གཅིག་བཀག་ཙམ་ཡིན་པ་གང་ཞིག  ཐ་དད་པའི་མེད་དགག་ཡིན་པའི་ཕྱིར། 
ཀ  རྟགས་དང་པོ་མ་གྲུབ་ན།   【ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས། དགག་བྱ་རིགས་གཅིག་བཀག་ཙམ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས་ཆོས་ཅན།  དགག་བྱ་རིགས་གཅིག་བགག་ཙམ་ཡིན་པར་ཐལ།  དེ་གཉིས་ཀྱི་དགག་བྱ་ཐོགས་རེག་ཡིན་པ་གང་ཞིག  ཐོགས་རེག་བཀག་ཙམ་སྟེ་ཐོགས་རེག་གིས་སྟོང་བའི་སྟོང་ཆ་ཙམ་ནམ་མཁའ་ཡིན་པའི་ཕྱིར། 
ཀ  གོང་གི་རྟགས་གཉིས་པ་མ་གྲུབ་ན།   【ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས།  ཐ་དད་པའི་མེད་དགག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་མཁའ་གཉིས་ཆོས་ཅན།   ཐ་དད་པའི་མེད་དགག་ཡིན་པར་ཐལ།  ཐ་དད་ཡིན་པ་གང་ཞིག   མེད་དགག་ཡིན་པའི་ཕྱིར།  རྟགས་རེ་རེ་ནས་སླ།
དབྱེ་ཞིབ།
  དགག་བྱ་རིགས་གཅིགཅེས་པའི་དོན་ནི།  ཤར་གྱི་ནམ་མཁའ་དང་ནུབ་ཀྱི་ནམ་མཁའ་ལྟ་བུ་ལ་མཚོན་ན།  དགག་བྱ་རིགས་གཅིག་བཀག་ཙམ་གྱི་མེད་དགག་ཡིན་ཏེ།  དེ་གཉིས་ཀྱི་དགག་བྱ་ལ་ཐོགས་རེག་འཇོག་པ་གང་ཞིག  ཐོགས་རེག་ཐོགས་རེག་དང་རིགས་གཅིག་པ་ཡིན་ནོ། །
བསྒྲུབ་བྱ། རིགས་གཅིག་ཡིན་ན་སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པས་མ་ཁྱབ་པ།
དཀའ་གནད།  སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་དང་དགག་པར་གྱུར་པའི་ལྡོག་པ་རིགས་གཅིག་གི་ཁྱད་པར།
གཙོ་གནད། ཤར་ཕྱོགས་ཀྱི་ནམ་མཁའ་དང་ནུབ་ཕྱོགས་ཀྱི་ནམ་མཁའ་གཉིས་དགག་བྱ་རིགས་གཅིག་བཀག་ཙམ་ཡིན་པ།
 
རྩོད་སྐོར་བརྒྱད་པ།
ཀ   གྲུབ་བདེ་གཅིག་ཡིན་ན་གྲུབ་བདེ་རྫས་གཅིག་ཡིན་པས་ཁྱབ་ཟེར་ན། 
ཁ  བུ་རམ་གྱི་རོ་དང་བུ་རམ་གྱི་ཁ་དོག་གཉིས་ཆོས་ཅན།  གྲུབ་བདེ་རྫས་གཅིག་ཡིན་པར་ཐལ།  གྲུབ་བདེ་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【གྲུབ་བདེ་གཅིག་ཡིན་ན་གྲུབ་བདེ་རྩས་གཅིག་ཡིན་པས་ཁྱབ་པ་ཁྱོད་ཀྱིས་ཁས་བླངས་ཟིན།】
ཀ  མ་གྲུབ་ན།   【བུ་རམ་གྱི་རོ་དང་བུ་རམ་གྱི་ཁ་དོག་གཉིས་གྲུབ་བདེ་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ བུ་རམ་གྱི་རོ་དང་བུ་རམ་གྱི་ཁ་དོག་གཉིས་ཆོས་ཅན།  གྲུབ་བདེ་གཅིག་ཡིན་པར་ཐལ།  ཁྱོད་གྲུབ་པ་དུས་མཉམ་གནས་པ་དུས་མཉམ་འཇིག་པ་དུས་མཉམ་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།   【བུ་རམ་གྱི་རོ་དང་བུ་རམ་གྱི་ཁ་དོག་གཉིས་གྲུབ་པ་དུས་མཉམ་གནས་པ་དུས་མཉམ་འཇིག་པ་དུས་མཉམ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བུ་རམ་ཆོས་ཅན།  ཁྱོད་ཀྱི་རོ་དང་ཁ་དོག་གཉིས་གྲུབ་པ་དུས་མཉམ་གནས་པ་དུས་མཉམ་འཇིག་པ་དུས་མཉམ་ཡིན་པར་ཐལ།  ཁྱོད་རྡུལ་རྫས་བརྒྱད་འདུས་ཀྱི་གོང་བུ་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།  【བུ་རམ་གྱི་རོ་དང་བུ་རམ་གྱི་ཁ་དོག་གཉིས་ཆོས་ཅན།  གྲུབ་བདེ་རྫས་གཅིག་ཡིན་པར་འདོད་ཟེར་ན།】
ཁ  བུ་རམ་གྱི་རོ་དང་བུ་རམ་གྱི་ཁ་དོག་གཉིས་ཆོས་ཅན།  གྲུབ་བདེ་རྫས་གཅིག་མ་ཡིན་པར་ཐལ།  རྫས་གཅིག་མ་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།   【བུ་རམ་གྱི་རོ་དང་བུ་རམ་གྱི་ཁ་དོག་གཉིས་རྫས་གཅིག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ བུ་རམ་གྱི་རོ་དང་བུ་རམ་གྱི་ཁ་དོག་གཉིས་ཆོས་ཅན།  རྫས་གཅིག་མ་ཡིན་པར་ཐལ།  རྫས་ཐ་དད་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།   【བུ་རམ་གྱི་རོ་དང་བུ་རམ་གྱི་ཁ་དོག་གཉིས་རྫས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བུ་རམ་གྱི་རོ་དང་བུ་རམ་གྱི་ཁ་དོག་གཉིས་ཆོས་ཅན།  རྫས་ཐ་དད་ཡིན་པར་ཐལ།  བུ་རམ་གྱི་རོ་བུ་རམ་གྱི་ཁ་དོག་དང་རྫས་ཐ་དད་ཡིན་པ་གང་ཞིག   བུ་རམ་གྱི་ཁ་དོག་བུ་རམ་གྱི་རོ་དང་རྫས་ཐ་དད་ཡིན་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན།   【བུ་རམ་གྱི་རོ་བུ་རམ་གྱི་ཁ་དོག་དང་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
བུ་རམ་ཆོས་ཅན།  ཁྱོད་ཀྱི་རོ་ཁྱོད་ཀྱི་ཁ་དོག་དང་རྫས་ཐ་དད་ཡིན་པར་ཐལ།  ཁྱོད་ཀྱི་རོ་དེ་ལྕེ་ཤེས་ཀྱིས་མྱོང་བྱ་ཡིན་པས་མིག་ཤེས་ཀྱིས་གཟུང་བྱ་མ་ཡིན་ལ།  ཁྱོད་ཀྱི་ཁ་དོག་དེ་མིག་ཤེས་ཀྱིས་གཟུང་བྱ་ཡིན་པས་ལྕེི་ཤེས་ཀྱིས་མྱོང་བྱ་མ་ཡིན་པའི་ཕྱིར།  གོང་གི་རྟགས་ཕྱི་མ་རིགས་བསྒྲེས་ཀྱིས་ཤེས་སླ།
དབྱེ་ཞིབ།
   གྲུབ་བདེ་རྫས་གཅིགཅེས་པའི་དོན་ནི། སྐྱེ་དུས་སོ་སོ་བར་མ་ཡིན་པར་སྐྱེས་པའི་དངོས་པོ་དག་ལ་གོ་དགོས་ཏེ།  དཔེར་ན།  བུ་རམ་གྱི་སྟེང་གི་མི་རྟག་པ་དང་བྱས་པ་གཉིས་ཐ་དད་ཡིན་ཡང་སྐྱེ་དུས་སོ་སོ་བ་མ་ཡིན་པར་སྐྱེས་པས་ན་རྫས་གཅིག་ཡིན་ནོ། །
བསྒྲུབ་བྱ།  གྲུབ་བདེ་གཅིག་ཡིན་ན་གྲུབ་བདེ་རྫས་གཅིག་ཡིན་པས་མ་ཁྱབ་པ།
དཀའ་གནད།  གྲུབ་བདེ་གཅིག་དང་གྲུབ་བདེ་རྫས་གཅིག་གི་ཁྱད་པར།
གཙོ་གནད།  བུ་རམ་གྱི་རོ་དང་ཁ་དོག་གཉིས་གྲུབ་བདེ་གཅིག་ཀྱང་གྲུབ་བདེ་རྫས་གཅིག་མ་ཡིན་པའི་ཁྱད་པར།
 
རྩོད་སྐོར་དགུ་པ།
ཀ  རྫས་རིགས་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་ཟེར་ན།
ཁ  ཉེར་ལེན་ནས་རྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་ཆོས་ཅན།  རྫས་གཅིག་ཡིན་པར་ཐལ།  རྫས་རིགས་གཅིག་ཡིན་པའི་ཕྱིར།  ཁྱབ་པ་ཁས།   【རྫས་རིགས་གཅིག་ཡིན་ན་རྫས་གཅིག་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ  མ་གྲུབ་ན།   【ཉེར་ལེན་ནས་རྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས།  རྫས་རིགས་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཉེར་ལེན་ནས་རྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་ཆོས་ཅན།  རྫས་རིགས་གཅིག་ཡིན་པར་ཐལ།  རང་གི་ཉེར་ལེན་གཅིག་ལས་སྐྱེས་པ་གང་ཞིག   ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར། 
ཀ  མ་ཁྱབ་ན།   【རང་གི་ཉེར་ལེན་གཅིག་ལས་སྐྱེས་པ་གང་ཞིག   ཐ་དད་པའི་འདུས་བྱས་ཡིན་ན་རྫས་རིགས་གཅིག་པས་མ་ཁྱབ་ཟེར་ན།】
ཁ  ཁྱབ་པ་ཡོད་པར་ཐལ།   【རང་གི་ཉེར་ལེན་གཅིག་ལས་སྐྱེས་པ་གང་ཞིག   ཐ་དད་པའི་འདུས་བྱས་ཡིན་ན་རྫས་རིགས་གཅིག་པས་ཁྱབ་པར་ཐལ།】 རང་གི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་དེ།  རྫས་རིགས་གཅིག་གི་མཚན་ཉིད་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན།   【ཉེར་ལེན་ནས་རྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་རྫས་གཅིག་ཡིན་པར་འདོད་ཟེར་ན།】
ཁ  ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་ཆོས་ཅན།  རྫས་གཅིག་མ་ཡིན་པར་ཐལ།  རྫས་ཐ་དད་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།  【ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས། རྫས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་ཆོས་ཅན།  རྫས་ཐ་དད་ཡིན་པར་ཐལ།  རྫས་ཀྱི་སྒོ་ནས་སོ་སོ་བར་སྐྱེས་པའི་ཆོས་ཡིན་པའི་ཕྱིར།
དབྱེ་ཞིབ།
རྫས་རིགས་གཅིགཅེས་པའི་དོན་ནི།  སྤྱིར་བྱ་དངོས་གང་ཞིག་ཡིན་ཡང་དེ་འབྱུང་བར་ཉེར་ལེན་དང་ལྷན་ཅིག་བྱེད་རྐྱེན་གཉིས་ཡོད་པ་ལས།  ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་དངོས་པོ་ཡིན་ན།  རྫས་རིགས་གཅིག་ཡིན།  དཔེར་ན།  ཉེར་ལེན་ནམ་ས་བོན་སྲན་རྡོག་གཅིག་ལས་སྐྱེས་པའི་སྲན་མ་ཆེ་ཆུང་གཉིས་ལྟ་བུའོ། །
བསྒྲུབ་བྱ། རྫས་རིགས་གཅིག་ཡིན་ན་རྫས་གཅིག་ཡིན་པས་མ་ཁྱབ་པ།
དཀའ་གནད།  རྫས་རིགས་གཅིག་དང་རྫས་གཅིག་གི་ཁྱད་པར།
3.གཙོ་གནད།  ཉེར་ལེན་ནས་རྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་རྫས་རིགས་གཅིག་ཀྱང་རྫས་གཅིག་མ་ཡིན་པའི་ཁྱད་པར།
 
གཉིས་པ།   རང་ལུགས་བཞག་པ།
གཅིག   གཅིག་བཤད་པ།
1.མཚན་ཉིད།
སོ་སོ་བ་མ་ཡིན་པའི་ཆོས་དེ་གཅིག་གི་མཚན་ཉིད།  མཚན་གཞི་ནི།  ལག་པ་དང་ལག་པ་ལྟ་བུ།  གཡས་ལག་གཡོན་ལག་དང་ཐ་དད་ཡིན་ཡང་།  གཡས་ལག་གཡས་ལག་དང་གཅིག་ཡིན།
2.དབྱེ་བ།
སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན། རང་ལྡོག་གཅིག་པ།  ངོ་བོ་གཅིག་པ།  རིགས་གཅིག་པ།  རྫས་གཅིག་པ་དང་བཞི་ཡོད།
<1> རང་ལྡོག་གཅིག་པ།
རང་ལྡོག་སོ་སོ་བ་མ་ཡིན་པའི་ཆོས་དེ་རང་ལྡོག་གཅིག་གི་མཚན་ཉིད། མཚན་གཞི་ནི།  མེ་དང་མེ་ལྟ་བུ། མེ་མེ་དང་གཅིག་ཡིན་པས་མེ་མིའེ་རང་ལྡོག་ལ་མེ་རང་ཉིད་འཇོག  མེ་དང་རྡོ་སོལ་གྱི་མེ་གཉིས་གཅིག་མ་ཡིན་པས་དེ་གཉིས་ཀྱི་ལྡོག་པའང་ཐ་དད་ཡིན། དེའི་ཕྱིར་མེའི་ལྡོག་པ་ལ་མེ་འཇོག་པ་ལས་རྡོ་སོལ་གྱི་མེ་དང་ཚ་ཞིང་བསྲེག་པ་སོགས་མི་འཇོག་འཇོག་པ་ཡིན། རྒྱུ་མཚན་ནི་རྡོ་སོལ་གྱི་མེ་དང་ཚ་ཞིང་བསྲེག་པ་སོགས་ནི་མེ་དང་ཐ་དད་ཡིན་ཏེ།  རྡོ་སོལ་གྱི་མེ་ནི་མེའི་བྱེ་བྲག་ཡིན་པ་དང་ཚ་ཞིང་བསྲེག་པ་ནི་མེའི་མཚན་ཉིད་ཡིན།  ང་ཚོའི་རྒྱུན་ལྡན་གྱི་འཚོ་བའི་གོམས་སྲོལ་གྱི་གོ་བ་ལྟར་ན། མེ་དང་ཚ་ཞིང་བསྲེག་གཉིས་གཅིག་ཡིན་པར་འདོད་སྲིད་མོད། ཡིན་ནའང་། དོན་གྱི་གནས་ལུགས་སྟེང་དེ་གཉིས་ཐ་དད་ཡིན་ཏེ།  ཚ་ཞིང་བསྲེག་པ་ཤེས་ན་དེར་མེ་ཞེས་བརྗོད་ཤེས་པའི་ངེས་པ་མེད་པས་དེ་ཐ་དད་ཡིན།  གཞི་ལ་སྦྱར་ན།   གཡག་དང་རང་ལྡོག་སོ་སོ་བ་ཡིན་པའི་ཆོས་དེ་གཡག་དང་རང་ལྡོག་གཅིག་གི་མཚན་ཉིད།  མཚན་གཞི་ལ།  གཡག་འཇོག་པ་ལས་ཨ་མདོའི་གཡག་སོགས་འཇོག་མི་རུང་པའི་ཚུལ་ཤེས་པར་བྱའོ། །
<2>ངོ་བོ་གཅིག་པ།
ངོ་བོ་སོ་སོ་བ་མ་ཡིན་པའི་ཆོས་དེ་ངོ་བོ་གཅིག་གི་མཚན་ཉིད།  མཚན་གཞི་ནི།  བྱས་པ་དང་མི་རྟག་པ་ལྟ་བུ།  དེ་གཉིས་ངོ་བོ་གཅིག་ཡིན་ཏེ།  གང་རྒྱུ་རྐྱེན་ལས་བྱས་པ་ཡིན་ན་དེ་སྐད་ཅིག་སྐད་ཅིག་ལ་འཇིག་པའི་མི་རྟག་པ་ཡིན་པ་དང་།  གང་སྐད་ཅིག་སྐད་ཅིག་ལ་འཇིག་པའི་མི་རྟག་པ་ཡིན་ན་དེ་རྒྱུ་དང་རྐྱེན་ལས་བྱས་པ་ཡིན་པས་ན་དེ་གཉིས་ངོ་བོའི་ཆ་ནས་གཅིག་ཡིན། གཞི་ལ་སྦྱར་ན།  ཚེ་རིང་དང་ཚེ་རིང་གི་ལུས་ཕུང་གཉིས་རང་བཞིན་གཅིག་ཡིན་ཏེ།  ཚེ་རིང་ནི་ཚེ་རིང་གི་ཕུང་བོ་ལྔ་ལ་བརྟེན་ནས་གྲུབ་ཞིག་ཡིན་པས།  ཚེ་རིང་གི་ཕུང་བོ་ལྔ་རེ་རེ་ནས་ཚེ་རིང་དང་ངོ་བོ་གཅིག་ཡིན།  དེ་བཞིན་དངོས་པོ་དང་རྟག་པ་གཉིས་རང་བཞིན་གཅིག་མ་ཡིན་ཡང་། དངོས་པོ་དང་ཤེས་བྱ་གཉིས་རང་བཞིན་གཅིག་ཡིན་པའི་ཁྱད་པར་ཤེས་པར་བྱའོ། །
<3>རིགས་གཅིག་པ།
རིགས་སོ་སོ་བ་མ་ཡིན་པའི་ཆོས་དེ་རིགས་གཅིག་གི་མཚན་ཉིད། མཚན་གཞི་ནི།  ཤིང་གི་ཀ་བ་དང་རྡོའི་ཀ་བ་གཉིས་དང།  ཉེར་ལེན་བློ་གཅིག་ལས་སྐྱེས་པའི་ཚོར་བ་དང་འདུ་ཤེས་གཉིས་ལྟ་བུ། ཤིང་གི་ཀ་བ་དང་རྡོའི་ཀ་བ་གཉིས་ལ་མཚོན་ན།  མི་སུ་དང་གང་ཞིག་ཡིན་ཡང་དེས་མཐོང་ཙམ་ཉིད་ནས་འདི་དང་འདི་འདྲའོ་སྙམ་པའི་སྣང་བ་ངང་གིས་སྟེར་ནུས་པས་ན་དེ་གཉིས་རིགས་གཅིག་ཡིན་པ་དང་།  ཉེར་ལེན་བློ་གཅིག་ལས་སྐྱེས་པའི་ཚོར་བ་དང་འདུ་ཤེས་གཉིས་རིགས་གཅིག་ཡིན་པ་ནི།  གཙོ་བོ་ཉེར་ལེན་གཅིག་ལས་སྐྱེས་པ་ཡིན་པ་ལ་རག་ལས་པ་ཡིན། དབྱེ་ན།  ལྡོག་པ་རིགས་གཅིག་པ་དང་།  རྫས་རིགས་གཅིག་པ་གཉིས་ཡོད།
(1) ལྡོག་པ་རིགས་གཅིག་པ།
རང་གི་ངོ་བོ་མཐོང་བའི་གང་ཟག་གི་བློ་ངོར་ཆོས་དེ་གཉིས་འདྲ་བར་སྣང་བའི་ཆོས་དེ། ལྡོག་པ་རིགས་གཅིག་གི་མཚན་ཉིད། མཚན་གཞི་ནི།  རྟ་དཀར་པོ་དང་རྟ་ནག་པོ་གཉིས་ལྟ་བུ།   འདི་གཉིས་གང་ཟག་སུས་མཐོང་ཡང་གང་ཟག་དེའི་བློ་ངོར་སེམས་ཅན་དེ་གཉིས་འདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པ་ལྟ་བུ། ལྡོག་པ་རིགས་གཅིག་ལ་དབྱེ་ན།  སྒྲུབ་པར་གྱུར་པའི་ལྡོག་པ་ལྡོག་པ་རིགས་གཅིག་པ་དང་།  དགག་པར་གྱུར་པའི་ལྡོག་པ་རིགས་གཅིག་སྟེ་གཉིས་ཡོད།
(1.1) སྒྲུབ་པར་གྱུར་པའི་ལྡོག་པ་ལྡོག་པ་རིགས་གཅིག
གང་ཟག་གང་དང་གང་གིས་མཐོང་ཙམ་ཉིད་ནས་འདི་དང་འདིའདྲའོ་སྙམ་པའི་བློ་ངང་གིས་བསྐྱེད་ནུས་པའི་ཆོས་དེ། སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་གི་མཚན་ཉིད། མཚན་གཞི་ནི། གསེར་བུམ་དང་ཟངས་བུམ་གཉིས་ལྟ་བུ།  སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ལ་དབྱེ་ན།  གཟུགས་སུ་གྱུར་པའི་ལྡོག་པ་རིགས་གཅིག་དང་།  ཤེས་པར་གྱུར་པའི་ལྡོག་པ་རིགས་གཅིག    ལྡན་མིན་འདུ་བྱེད་དུ་གྱུར་པའི་ལྡོག་པ་རིགས་གཅིག་དང་གསུམ་ཡོད། 
(1.1.1) གཟུགས་སུ་གྱུར་པའི་ལྡོག་པ་རིགས་གཅིག་ནི།  ས་སེར་པོ།  ས་ནག་པོ་གཉིས་ལྟ་བུ།  
(1.1.2) ཤེས་པར་གྱུར་པའི་ལྡོག་པ་རིགས་གཅིག་ནི།  དོན་གྲུབ་གྱི་མིག་ཤེས་དང་ལྷ་མོའི་མིག་ཤེས་གཉིས་ལྟ་བུ། 
(1.1.3) ལྡན་མིན་འདུ་བྱེད་དུ་གྱུར་པའི་ལྡོག་པ་རིགས་གཅིག་ནི། ཤར་གྱི་མི་དང་ནུབ་གྱི་མི་གཉིས་ལྟ་བུ། 
སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཅེས་པ་ནི།  དངོས་པོའི་རིགས་ལ་གོ་དགོས་ཤིང་།  ཁྱད་པར་དུ་ཆོས་དེ་རྟོགས་ཚེ་ཆོས་དེ་ལས་གཞན་རྟོགས་པ་ལ་མ་ལྟོས་པར།  ཐད་ཀར་རྟོགས་ཐུབ་པའི་བྱ་དངོས་རིགས་ལ་གོ་དགོས།
(1.2) དགག་པར་གྱུར་པའི་ལྡོག་པ་རིགས་གཅིག
དགག་བྱ་རིགས་གཅིག་བཀག་ཙམ་གྱི་ཐ་དད་པའི་མེད་དགག་དེ། དགག་པར་གྱུར་པའི་ལྡོག་པ་རིགས་གཅིག་གི་མཚན་ཉིད། མཚན་གཞི་ནི། ཤར་གྱི་ནམ་མཁའ་དང་ནུབ་གྱི་ནམ་མཁའ་ལྟ་བུ།
(2)རྫས་རིགས་གཅིག
རང་གི་དངོས་ཀྱི་ཉེར་ལེན་གཅིག་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་དེ། རྫས་རིགས་གཅིག་གི་མཚན་ཉིད།  མཚན་གཞི་ནི།  ཉེར་ལེན་ནས་ལྡོག་གཅིག་ལས་སྐྱེས་པའི་ནས་འབྲུ་ཆེ་ཆུང་གཉིས་ལྟ་བུ།
(3)རྫས་གཅིག
    རྫས་ཀྱི་སྒོ་ནས་སོ་སོ་བ་མ་ཡིན་པར་སྐྱེས་པའི་ཆོས་དེ་རྫས་གཅིག་གི་མཚན་ཉིད།  མཚན་གཞི་ནི།   ཅོག་ཙེ་དང་ཅོག་ཙེའི་སུག་ཏི་གཉིས་ལྟ་བུ།
གཉིས།  ཐ་དད་བཤད་པ།
1.མཚན་ཉིད།
         སོ་སོ་བའི་ཆོས་དེ། ཐ་དད་ཀྱི་མཚན་ཉིད།  མཚན་གཞི་ནི།  རྐང་པ་དང་ལག་པ་ལྟ་བུ།  སྤྱིར་དོན་གཅིག་ཀྱང་མིང་ཐ་དད་ཡིན་ནའང་ཐ་དད་ཡིན།  དེས་ན་རྟོག་ངོར་སོ་སོར་སྣང་ཞིང་སྣང་བ་ལྟར་དོན་དུའང་གྲུབ་ཡོད་པ་ཡིན་ན་ཐ་དད་ཡིན་ནོ། །
2. དབྱེ་ན།  རང་ལྡོག་ཐ་དད།  རང་བཞིན་ཐ་དད།  རིགས་ཐ་དད།  རྫས་ཐ་དད་དང་བཞི་ཡོད། 
<1>རང་ལྡོག་ཐ་དད།
རང་ལྡོག་སོ་སོ་བའི་ཆོས་དེ།  རང་ལྡོག་ཐ་དད་ཀྱི་མཚན་ཉིད།  མཚན་གཞི་ནི།  ར་མ་དང་ལུག་གཉིས་དང་།  ཡོད་པ་དང་ཤེས་བྱ་གཉིས་ལྟ་བུ། ཅོག་ཙེ་དང་རང་ལྡོག་ཐ་དད་ཀྱི་མཚན་ཉིད་ཡོད་དེ།  ཅོག་ཙེ་དང་རང་ལྡོག་སོ་སོ་བའི་ཆོས་དེ་ཡིན་པའི་ཕྱིར།  མཚན་གཞི་ནི།  དཔེ་ཆ་ལྟ་བུ།
<2>རང་བཞིན་ཐ་དད།
     རང་བཞིན་སོ་སོ་བའི་ཆོས་དེ། རང་བཞིན་ཐ་དད་ཀྱི་མཚན་ཉིད།  མཚན་གཞི་ནི།  བུ་རམ་གྱི་རོ་དང་བུ་རམ་གྱི་གཟུགས་གཉིས་ལྟ་བུ།  ཆུ་དང་རང་བཞིན་ཐ་དད་ཀྱི་མཚན་ཉིད་ཡོད་དེ།  ཆུ་དང་རང་བཞིན་སོ་སོ་བའི་ཆོས་དེ་ཡིན་པའི་ཕྱིར།  མཚན་གཞི་ནི།  ས་ལྟ་བུ།
<3>རིགས་ཐ་དད།
རིགས་སོ་སོ་བའི་ཆོས་དེ། རིགས་ཐ་དད་ཀྱི་མཚན་ཉིད། མཚན་གཞི་ནི།  རྟ་དང་ལུག་གཉིས་དང་།   ནམ་མཁའ་དང་བུམ་པ་རྟག་སྟོང་གཉིས་ལྟ་བུ།  དབྱེ་ན།  ལྡོག་པ་རིགས་ཐ་དད་དང་།  རྫས་རིགས་ཐ་དད་གཉིས་ཡོད། 
(1)ལྡོག་པ་རིགས་ཐ་དད་བཞག་ཏུ་ཡོད་དེ།  ནམ་མཁའི་ཉི་མ་དང་ཟླ་གཉིས་དང་།   རྟག་པ་དང་མི་རྟག་པ་ལྟ་བུ། 
(2)རྫས་རིགས་ཐ་དད་བཞག་ཏུ་ཡོད་དེ།  དཔེ་ཆ་དང་།  ལྕགས་སྨྱུག་ལྟ་བུ།
<4>རྫས་ཐ་དད།
རྫས་ཀྱི་སྒོ་ནས་སོ་སོར་སྐྱེས་པའི་ཆོས་དེ། རྫས་ཐ་དད་ཀྱི་མཚན་ཉིད།   མཚན་གཞི་ནི།   གཟུགས་དང་ཤེས་པ་གཉིས་དང།   བུམ་པའི་མཆུ་དང་བུམ་པའི་ལྟོ་བ་གཉིས་ལྟ་བུ།  དངོས་པོར་གྱུར་པའི་ངོ་བོ་དང་ཐ་དད་དང་རྫས་ཐ་དད་གཉིས་དོན་གཅིག   ཤིང་དང་རྫས་ཐ་དད་ཀྱི་མཚན་ཉིད་ཡོད་དེ།  ཤིང་དང་རྫས་ཀྱི་སྒོ་ནས་སོ་སོར་བར་སྐྱེས་པའི་ཆོས་དེ་ཡིན་པའི་ཕྱིར།   མཚན་གཞི་ནི་ཡོད་དེ།  ལྕགས་ལྟ་བུ་ཡིན་ནོ། །
 
གསུམ་པ།   རྩོད་པ་སྤོང་བ།
རྩོད་སྤོང་དང་པོ།
ཁ  གསེར་བུམ་དང་ཟངས་བུམ་གཉིས་ཆོས་ཅན།  རིགས་གཅིག་ཡིན་པར་ཐལ།  ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར། 
ཀ  འདོད་ན།   【གསེར་བུམ་དང་ཟངས་བུམ་གཉིས་རིགས་གཅིག་ཡིན་པར་འདོད་ཟེར་ན།】
ཁ  གསེར་བུམ་དང་ཟངས་བུམ་གཉིས་ཆོས་ཅན།   རིགས་གཅིག་མ་ཡིན་པར་ཐལ།   རིགས་ཐ་དད་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།  【གསེར་བུམ་དང་ཟངས་བུམ་གཉིས་རིགས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  གསེར་བུམ་དང་ཟངས་བུམ་གཉིས་ཆོས་ཅན། རིགས་ཐ་དད་ཡིན་པར་ཐལ།  རྫས་རིགས་ཐ་དད་ཡིན་པའི་ཕྱིར་ཟེར་ན། 
ཀ   མ་ཁྱབ།   【རྫས་རིགས་ཐ་དད་ཡིན་ན།  རིགས་ཐ་དད་ཡིན་པའི་མ་ཁྱབ།】
ཀ  མ་གྲུབ་ན།   【གསེར་བུམ་དང་ཟངས་བུམ་གཉིས།  རྫས་རིགས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ   གསེར་བུམ་དང་ཟངས་བུམ་གཉིས་ཆོས་ཅན། རྫས་རིགས་ཐ་དད་ཡིན་པར་ཐལ།  རང་གི་དངོས་ཀྱི་ཉེར་ལེན་སོ་སོ་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར།
ཀ མ་གྲུབ་ན།   【གསེར་བུམ་དང་ཟངས་བུམ་གཉིས།  རང་གི་དངོས་ཀྱི་ཉེར་ལེན་སོ་སོ་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  གསེར་བུམ་དང་ཟངས་བུམ་གཉིས་ཆོས་ཅན།  རང་གི་དངོས་ཀྱི་ཉེར་ལེན་སོ་སོ་ལས་སྐྱེས་པའི་ཐ་དད་པའི་འདུས་བྱས་ཡིན་པར་ཐལ།  རང་གི་དངོས་ཀྱི་ཉེར་ལེན་སོ་སོ་ལས་སྐྱེས་པ་གང་ཞིག   ཐ་དད་པའི་འདུས་བྱས་ཡིན་པའི་ཕྱིར། 
ཀ  རྟགས་དང་པོ་མ་གྲུབ་ན།   【རང་གི་དངོས་ཀྱི་ཉེར་ལེན་སོ་སོ་ལས་སྐྱེས་པ་རྟགས་མ་གྲུབ་ཟེར་ན།】
ཁ  གསེར་བུམ་དང་ཟངས་བུམ་གཉིས་ཆོས་ཅན། རང་གི་དངོས་ཀྱི་ཉེར་ལེན་སོ་སོ་ལས་སྐྱེས་པར་ཐལ།   གསེར་བུམ་དེ་རང་གི་དངོས་ཀྱི་ཉེར་ལེན་གསེར་ལས་སྐྱེས་པ་ཡིན་ཀྱང་།  ཟངས་ལས་མ་སྐྱེས་པ་དང་།  ཟངས་བུམ་དེ་རང་གི་དངོས་ཀྱི་ཉེར་ལེན་ཟངས་ལས་སྐྱེས་པ་ཡིན་ཀྱང་གསེར་ལས་མ་སྐྱེས་པའི་ཕྱིར། རྟགས་ཕྱི་མ་སླ།
དབྱེ་ཞིབ།
       རྩོད་སྤོང་འདི་ལས། རྫས་རིགས་ཐ་དད་ཡིན་ན་རིགས་ཐ་དད་ཡིན་པའི་མ་ངེས་པའི་ཁྱད་པར་ལ་དབྱེ་ཞིབ་བྱས་ཡོད། དཔེར་ན།  རྒྱུ་ཤིང་ལས་བཟོས་པའི་ཅོག་ཙེ་དང་རྒྱུ་ལྕགས་ལས་བཟོས་པའི་ཅོག་ཙེ་གཉིས་རྫས་རིགས་མི་གཅིག་ཀྱང་རིགས་གཅིག་ཡིན་པ་ལྟ་བུ།  དེ་གཉིས་རྫས་རིགས་མི་གཅིག་པ་ཡིན་ཏེ།  སོ་སོའི་ཉེར་ལེན་ནམ་རྒྱུ་ཆ་མི་གཅིག་པའི་ཕྱིར།  རིགས་གཅིག་ཡིན་ཏེ།  ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར་ཏེ།  སྒྲུབ་པར་གྱུར་པའི་ལྡོག་པ་རིགས་གཅིག་ཡིན་པའི་ཕྱིར།  དེར་ཐལ། གང་ཟག་གང་དང་གང་གིས་མཐོང་ཙམ་ཉིད་ནས་འདི་དང་འདི་ཅོག་ཙེའོ་སྙམ་པའི་བློ་ངང་གིས་འདྲེན་ནུས་པའི་ཆོས་ཡིན་པའི་ཕྱིར་རོ། །
 
རྩོད་སྤོང་གཉིས་པ།
 ཁ  ཡོད་པ་དང་མེད་པ་གཉིས་ཆོས་ཅན།  རང་ལྡོག་ཐ་དད་ཡིན་པར་ཐལ།  རང་ལྡོག་སོ་སོ་བའི་ཆོས་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།   【ཡོད་པ་དང་མེད་པ་གཉིས་རང་ལྡོག་སོ་སོ་བའི་ཆོས་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཡོད་པ་དང་མེད་པ་གཉིས་ཆོས་ཅན།  རང་ལྡོག་སོ་སོ་བའི་ཆོས་ཡིན་པར་ཐལ།  རང་ལྡོག་སོ་སོ་བ་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།   【ཡོད་པ་དང་མེད་པ་གཉིས་རང་ལྡོག་སོ་སོ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཡོད་པ་དང་མེད་གཉིས་ཆོས་ཅན།  རང་ལྡོག་སོ་སོ་བ་ཡིན་པར་ཐལ།  རང་ལྡོག་གཅིག་མ་ཡིན་པའི་ཕྱིར་ཟེར་ན་མ་ཁྱབ།  【རང་ལྡོག་གཅིག་མ་ཡིན་ན། རང་ལྡོག་སོ་སོ་བ་ཡིན་པས་མ་ཁྱབ།】
ཀ  མ་གྲུབ་ན།  【ཡོད་པ་དང་མེད་པ་གཉིས།  རང་ལྡོག་རང་ལྡོག་གཅིག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཡོད་པ་དང་མེད་པ་གཉིས་ཆོས་ཅན། རང་ལྡོག་གཅིག་མ་ཡིན་པར་ཐལ།   ཁྱོད་ཀྱི་རང་ལྡོག་མེད་པའི་ཕྱིར། 
ཀ  མ་གྲུབ་ན།   【ཡོད་པ་དང་མེད་པ་གཉིས་ཀྱི་རང་ལྡོག་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་དང་མེད་པ་གཉིས་ཆོས་ཅན།  ཁྱོད་ཀྱི་རང་ལྡོག་མེད་པར་ཐལ།  ཁྱོད་མེད་པའི་ཕྱིར།
དབྱེ་ཞིབ།
   རྩོད་སྤོང་འདིའི་ནང་དུ་ཡོད་པ་དང་མེད་པ་གཉིས་རང་ལྡོག་སོ་སོ་བ་མ་ཡིན་པ་དང་།  རང་ལྡོག་གཅིག་མ་ཡིན་ན་སོ་སོ་བ་ཡིན་པས་མ་ཁྱབ་པའི་ཁྱད་པར་བསྒྲུབས་ཡོད།  དོན་གྱིས་ཡོད་པ་དང་མེད་པ་གཉིས་མེད་པ་ཡིན་པས་དེ་གཉིས་སོ་སོ་བ་མ་ཡིན་ནོ། །

རྩོམ་སྒྲིག་པ།