བསྡུས་གྲྭའི་རྣམ་བཤད་བློ་གསལ་བྱེ་བའི་འཇུག་ངོགས། ། ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་རྣམ་གཞག ས་བཅད་གཉིས་པ། སྤྱི་དང་བྱེ་བྲག
དུས་ཚོད།:2018-8-27  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:842  |   དཔྱད་པ།:0

ས་བཅད་གཉིས་པ།  སྤྱི་དང་བྱེ་བྲག
 
དང་པོ། གཞན་ལུགས་དགག་པ།
རྩོད་སྐོར་དང་པོ།
ཀ  བདག་མེད་ཡིན་ན།  སྤྱི་དང་བྱེ་བྲག་གང་རུང་ཡིན་པས་ཁྱབ་ཅེ་ན།
ཁ  རི་བོང་རྭ་ཆོས་ཅན།  སྤྱི་དང་བྱེ་བྲག་གང་རུང་ཡིན་པར་ཐལ།   བདག་མེད་ཡིན་པའི་ཕྱིར།  ཁྱབ་པ་ཁས། 【བདག་མེད་ཡིན་ན།  སྤྱི་དང་བྱེ་བྲག་གང་རུང་ཡིན་པས་ཁྱབ་པ་ཁྱོད་ཀྱིས་ཁས་བླངས་ཟིན།】
ཀ  འདོད་ན། 【རི་བོང་རྭ་སྤྱི་དང་བྱེ་བྲག་གང་རུང་ཡིན་པར་འདོད་ཟེར་ན།】
ཁ  རི་བོང་རྭ་ཆོས་ཅན།  ཡོད་པར་ཐལ།     སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་ཕྱིར།  རྟགས་ཁས།  【སྤྱི་དང་བྱེ་བྲག་གང་རུང་ཡིན་པ་ཁས་བླངས་ཟིན།】
ཀ  མ་ཁྱབ་ན། 【 སྤྱི་དང་བྱེ་བྲག་གང་རུང་ཡིན་ན།  ཡོད་པས་མ་ཁྱབ་ཟེར་ན།】
ཁ  ཁྱབ་པ་ཡོད་པར་ཐལ།  【སྤྱི་དང་བྱེ་བྲག་གང་རུང་ཡིན་ན།  ཡོད་པས་ཁྱབ་པར་ཐལ།】
ཀ  སྤྱི་ཡིན་ན་ཡོད་པས་ཁྱབ་པ་གང་ཞིག།  བྱེ་བྲག་ཡིན་ན་ཡོད་པས་ཁྱབ་པའི་ཕྱིར།  རྟགས་རེ་རེ་ནས་སླ།
དབྱེ་ཞིབ།
བསྒྲུབ་བྱ།  བདག་མེད་ཡིན་ན།  སྤྱི་དང་བྱེ་བྲག་གང་རུང་ཡིན་པས་མ་ཁྱབ་པ།
རྩོད་སྐོར་འདིར།  རི་བོང་རྭ་དེ་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པར་བསྒྲུབས་ཡོད།  དེའི་རྒྱུ་མཚན་ཡང་རི་བོང་རྭ་ཡོད་པ་མ་ཡིན་པ་ལ་ཐུག་ཡོད་པ་དང་།  སྤྱི་དང་བྱེ་བྲག་གང་རུང་ཡིན་ན་ཡོད་པ་ཡིན་པས་ཁྱབ་པ་ཤུགས་སུ་བསྟན་ཡོད་དོ། །
དཀའ་གནད།  བདག་མེད་ཀྱི་ཁོངས་སུ་ཡོད་མེད་གཉིས་ཀ་འདུ་བ།
གཙོ་གནད།  རི་བོང་རྭ་དེ་བདག་མེད་ཡིན་ཡང་སྤྱི་དང་བྱེ་བྲག་གཉིས་ཀྱི་གང་མ་ཡིན་པའི་རྒྱུ་མཚན།
 
རྩོད་སྐོར་གཉིས་པ།
ཀ  སྤྱི་ཡིན་ན་བྱེ་བྲག་མ་ཡིན་པས་ཁྱབ་ཟེར་ན།
ཁ མི་ཆོས་ཅན།  བྱེ་བྲག་མ་ཡིན་པར་ཐལ།  སྤྱི་ཡིན་པའི་ཕྱིར།  ཁྱབ་པ་ཁས། 【སྤྱི་ཡིན་ན་བྱེ་བྲག་མ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ  མ་གྲུབ་ན།  【མི་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  མི་ཆོས་ཅན།  སྤྱི་ཡིན་པར་ཐལ།   ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར།
ཀ  མ་གྲུབ་ན།  【མིའི་བྱེ་བྲག་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ  མི་ཆོས་ཅན།  ཁྱོད་ཀྱི་བྱེ་བྲག་ཡོད་པར་ཐལ།  མཚོ་སྔོན་གྱི་མི་དེ་ཡང་དེ་ཡིན།  ལྷ་སའི་མི་དེ་ཡང་དེ་ཡིན་པའི་ཕྱིར།
ཀ  དང་པོ་མ་གྲུབ་ན།  【མཚོ་སྔོན་གྱི་མི་དེ།  མིའི་བྱེ་བྲག་ཡིན་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  མཚོ་སྔོན་གྱི་མི་ཆོས་ཅན།  མིའི་བྱེ་བྲག་ཡིན་པར་ཐལ།  མིའི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་གྲུབ་པའི་ཕྱིར།
ཀ  མ་གྲུབ་ན།【མཚོ་སྔོན་གྱི་དེ།  མིའི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ མཚོ་སྔོན་གྱི་མི་ཆོས་ཅན། ཁྱོད་མིའི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་གྲུབ་པར་ཐལ།  ཁྱོད་མི་ཡིན།  ཁྱོད་མི་དང་བདག་གཅིག་ཏུ་འབྲེལ།  ཁྱོད་མ་ཡིན་ཞིང་མི་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། 
ཀ  དང་པོ་མ་གྲུབ་ཟེར་ན། 【 མཚོ་སྔོན་གྱི་མི་དེ།  མི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མཚོ་སྔོན་གྱི་མི་ཆོས་ཅན།  མི་ཡིན་པར་ཐལ།  སྨྲ་མཁས་ཤིང་དོན་གོ་བ་ཡིན་པའི་ཕྱིར།
ཀ  རྟགས་གཉིས་པ་མ་གྲུབ་ན། 【མཚོ་སྔོན་གྱི་མི།  མི་དང་བདག་གཅིག་ཏུ་འབྲེལ་བ་རྟགས་མ་གྲུབ་ཟེར་ན།】
ཁ  མཚོ་སྔོན་གྱི་མི་ཆོས་ཅན།  མི་དང་བདག་གཅིག་འབྲེལ་ཡིན་པར་ཐལ།  མི་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད།  མི་མེད་ན་ཁྱོད་མེད་དགོས་པའི་ཕྱིར།
ཀ  དང་པོ་མ་གྲུབ་ན།  【མཚོ་སྔོན་གྱི་མི།   མི་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན། 】  
 ཁ  མཚོ་སྔོན་གྱི་མི་ཆོས་ཅན།  མི་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པར་ཐལ།  མི་དང་བདག་ཉིད་གཅིག་གང་ཞིག   ཐ་དད་ཡིན་པའི་ཕྱིར།
ཀ  དང་པོ་མ་གྲུབ་ན།  【མཚོ་སྔོན་གྱི་མི།  མི་དང་བདག་ཉིད་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  མཚོ་སྔོན་གྱི་མི་ཆོས་ཅན།  མི་དང་བདག་ཉིད་གཅིག་ཡིན་པར་ཐལ།  མི་ཡིན་པའི་ཕྱིར།
ཀ  གོང་གི་རྟགས་གསུམ་པ་མ་གྲུབ་ན།  【མཚོ་སྔོན་གྱི་མི་མ་ཡིན་ཞིང་མི་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】  
ཁ མཚོ་སྔོན་གྱི་མི་ཆོས་ཅན། ཁྱོད་མ་ཡིན་ཞིང་མི་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ། ལྷ་སའི་མི་དེ་ཡང་དེ་ཡིན།  ཁམས་ཀྱི་མི་དེ་ཡད་དེ་ཡིན་པའི་ཕྱིར།  རྟགས་རེ་རེ་ནས་སླ།
ཀ  རྩ་བར་འདོད་ན།  【མི་བྱེ་བྲག་མ་ཡིན་པར་འདོད་ཟེར་ན།】
ཁ  མི་ཆོས་ཅན།   བྱེ་བྲག་ཡིན་པར་ཐལ།  ཁྱོད་ཀྱི་སྤྱི་ཡོད་པའི་ཕྱིར།
ཀ  མ་གྲུབ་ན།   【མིའི་སྤྱི་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ མི་ཆོས་ཅན།  ཁྱོད་ཀྱི་སྤྱི་ཡོད་པར་ཐལ།  སེམས་ཅན་དེ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།【སེམས་ཅན་དེ།  མིའི་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སེམས་ཅན་ཆོས་ཅན།  ཁྱོད་མིའི་སྤྱི་ཡིན་པར་ཐལ།  མི་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།  【མི་སེམས་ཅན་གྱི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མི་ཆོས་ཅན། ཁྱོད་སེམས་ཅན་གྱི་བྱེ་བྲག་ཡིན་པར་ཐལ།  ཁྱོད་སེམས་ཅན་གྱི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་གྲུབ་པའི་ཕྱིར།
ཀ  མ་གྲུབ་ན།  【མི་སེམས་ཅན་གྱི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  མི་ཆོས་ཅན།  ཁྱོད་སེམས་ཅན་གྱི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་གྲུབ་པར་ཐལ།  མི་སེམས་ཅན་ཡིན།  མི་སེམས་ཅན་དང་བདག་གཅིག་ཏུ་འབྲེལ།  མི་མ་ཡིན་ཞིང་སེམས་ཅན་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།  རྟགས་རེ་རེ་ནས་སླ།
དབྱེ་ཞིབ།
བསྒྲུབ་བྱ།  སྤྱི་དང་བྱེ་བྲག་གཉིས་ཀྱི་གཞི་མཐུན་ཡོད་པ།
དཀའ་གནད།  སྤྱི་ཡིན་ན་བྱེ་བྲག་མ་ཡིན་པའི་ངེས་པ་མེད་པའི་རྒྱུ་མཚན།
གཙོ་གནད།  མི་དེ་སྤྱི་དང་བྱེ་བྲག་གཉིས་ཀ་ཡིན་པའི་རྒྱུ་མཚན།
 
རྩོད་སྐོར་གསུམ་པ།
ཀ  བརླན་ཞིང་གཤེར་བའི་སྤྱི་ཡིན་ན།  ཆུའི་སྤྱི་ཡིན་པས་ཁྱབ་ཟེར་ན།
ཁ  མཚན་ཉིད་ཆོས་ཅན།  ཆུའི་སྤྱི་ཡིན་པར་ཐལ།  བརླན་ཞིང་གཤེར་བའི་སྤྱི་ཡིན་པའི་ཕྱིར།  ཁྱབ་པ་ཁས། 【བརླན་ཞིང་གཤེར་བའི་སྤྱི་ཡིན་ན།  ཆུའི་སྤྱི་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།【མཚན་ཉིད།   བརླན་ཞིང་གཤེར་བའི་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མཚན་ཉིད་ཆོས་ཅན།  བརླན་ཞིང་གཤེར་བའི་སྤྱི་ཡིན་པར་ཐལ།   བརླན་ཞིང་གཤེར་བ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【བརླན་ཞིང་གཤེར་བ།  མཚན་ཉིད་ཀྱི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བརླན་ཞིང་གཤེར་བ་ཆོས་ཅན།  ཁྱོད་མཚན་ཉིད་ཀྱི་བྱེ་བྲག་ཡིན་པར་ཐལ།  ཁྱོད་མཚན་ཉིད་ཀྱི་བྱེ་བྲག་ཏུ་སོང་བའི་རྟགས་གསུམ་ཀ་གྲུབ་པའི་ཕྱིར།
ཀ  མ་གྲུབ་ན། 【བརླན་ཞིང་གཤེར་བ།  མཚན་ཉིད་ཀྱི་བྱེ་བྲག་ཏུ་སོང་བའི་རྟགས་གསུམ་ག་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  བརླན་ཞིང་གཤེར་བ་ཆོས་ཅན།  ཁྱོད་མཚན་ཉིད་ཀྱི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་གྲུབ་པར་ཐལ།  ཁྱོད་མཚན་ཉིད་ཡིན།  ཁྱོད་མཚན་ཉིད་དང་བདག་གཅིག་ཏུ་འབྲེལ།  ཁྱོད་མ་ཡིན་ཞིང་མཚན་ཉིད་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།
ཀ  དང་པོ་མ་གྲུབ་ན། 【བརླན་ཞིང་གཤེར་བ་མཚན་ཉིད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ བརླན་ཞིང་གཤེར་བ་ཆོས་ཅན།  མཚན་ཉིད་ཡིན་པར་ཐལ།  ཆུའི་མཚན་ཉིད་ཡིན་པའི་ཕྱིར།
ཀ  གཉིས་པ་མ་གྲུབ་ན།  【བརླན་ཞིང་གཤེར་བ།  ཆུ་དང་བདག་གཅིག་འབྲེལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བརླན་ཞིང་གཤེར་བ་ཆོས་ཅན།  ཁྱོད་ཆུ་དང་བདག་གཅིག་འབྲེལ་ཡིན་པར་ཐལ།  ཁྱོད་ཆུ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད།  ཆུ་མེད་ན་ཁྱོད་མེད་དགོས་པའི་ཕྱིར།
ཀ  དང་པོ་མ་གྲུབ་ན།  【བརླན་ཞིང་གཤེར་བ།  ཆུ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ བརླན་ཞིང་གཤེར་བ་ཆོས་ཅན།  ཁྱོད་ཆུ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པར་ཐལ།  ཁྱོད་ཆུ་དང་བདག་ཉིད་གཅིག་ཡིན་པ་གང་ཞིག  ཐ་དད་ཡིན་པའི་ཕྱིར།
ཀ  གཉིས་པ་སླ།  དང་པོ་མ་གྲུབ་ན། 【བརླན་ཞིང་གཤེར་བ།  ཆུ་དང་བདག་ཉིད་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  བརླན་ཞིང་གཤེར་བ་ཆོས་ཅན། ཆུ་དང་བདག་ཉིད་གཅིག་ཡིན་པར་ཐལ།  ཆུ་ཡིན་པའི་ཕྱིར།
ཀ གོང་གི་རྟགས་གཉིས་པ་མ་གྲུབ་ན།  【ཆུ་མེད་ན་བརླན་ཞིང་གཤེར་བ་མེད་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ བརླན་ཞིང་གཤེར་བ་ཆོས་ཅན།  ཁྱོད་མེད་ན་ཆུ་མེད་དགོས་པར་ཐལ།  ཁྱོད་ཆུའི་མཚན་ཉིད་ཡིན་པའི་ཕྱིར།
ཀ རྩ་རྟགས་གསུམ་པ་མ་གྲུབ་ན།  【བརླན་ཞིང་གཤེར་བ་མ་ཡིན་ཞིང་།  མཚན་ཉིད་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  བརླན་ཞིང་གཤེར་བ་ཆོས་ཅན།  ཁྱོད་མ་ཡིན་ཞིང་མཚན་ཉིད་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  ཚ་ཞིང་བསྲེག་པ་དེ་ཡང་དེ་ཡིན།  ཡང་ཞིང་གཡོ་བ་དེ་ཡང་དེ་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།  【མཚན་ཉིད་ཆུའི་སྤྱི་ཡིན་པར་འདོད་ཟེར་ན།】
ཁ མཚན་ཉིད་ཆོས་ཅན།  ཆུའི་སྤྱི་མ་ཡིན་པར་ཐལ།  ཆུ་ཁྱོད་ཀྱི་བྱེ་བྲག་མ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【ཆུ་མཚན་ཉིད་ཀྱི་བྱེ་བྲག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཆུ་ཆོས་ཅན།  ཁྱོད་མཚན་ཉིད་ཀྱི་བྱེ་བྲག་མ་ཡིན་པར་ཐལ།  ཁྱོད་མཚན་ཉིད་ཀྱི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་མ་གྲུབ་པའི་ཕྱིར།
ཀ  མ་གྲུབ་ན། 【ཆུ་མཚན་ཉིད་ཀྱི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་མ་གྲུབ་པའི་ཕྱིར།】
ཁ  ཆུ་ཆོས་ཅན།  ཁྱོད་མཚན་ཉིད་ཡིན།  ཁྱོད་མཚན་ཉིད་དང་བདག་གཅིག་ཏུ་འབྲེལ།  ཁྱོད་མ་ཡིན་ཞིང་མཚན་ཉིད་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  ཁྱོད་མཚན་ཉིད་ཀྱི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་གྲུབ་པའི་ཕྱིར།  རྟགས་ཁས། 【ཁྱོད་མཚན་ཉིད་ཀྱི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་གྲུབ་པ་ཁས་བླངས་ཟིན།】   
ཀ  འདོད་ན།  【ཆུ་མཚན་ཉིད་ཡིན་པར་འདོད་ཟེར་ན།】
ཁ  ཆུ་ཆོས་ཅན།  མཚན་ཉིད་ཡིན་པར་ཐལ།   ཁྱོད་མཚན་ཉིད་ཀྱི་བྱེ་བྲག་ཏུ་སོང་བའི་རྟགས་གསུམ་ཀ་གྲུབ་པའི་ཕྱིར།  རྟགས་ཁས། 【ཁྱོད་མཚན་ཉིད་ཀྱི་བྱེ་བྲག་ཏུ་སོང་པའི་རྟགས་གསུམ་ཀ་གྲུབ་པ་ཁས་བླངས་ཟིན།】
ཀ འདོད་ན།   【ཆུ་མཚན་ཉིད་ཡིན་པར་འདོད་ཟེར་ན།】
ཁ  ཆུ་ཆོས་ཅན།   མཚན་ཉིད་མ་ཡིན་པར་ཐལ།  མཚོན་བྱ་ཡིན་པའི་ཕྱིར།
ཀ  མ་ཁྱབ་ན།  【མཚོན་བྱ་ཡིན་ན།  མཚན་ཉིད་མ་ཡིན་པས་མ་ཁྱབ་ཟེར་ན།】
ཁ  ཁྱབ་པ་ཡོད་པར་ཐལ། 【མཚོན་བྱ་ཡིན་ན།  མཚན་ཉིད་མ་ཡིན་པས་ཁྱབ་པར་ཐལ།】 མཚན་མཚོན་གཉིས་འགལ་བ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། བརླན་ཞིང་གཤེར་བའི་སྤྱི་ཡིན་ན།  ཆུའི་སྤྱི་ཡིན་པས་མ་ཁྱབ་པ།
དཀའ་གནད།  བརླན་ཞིང་གཤེར་པའི་སྤྱི་ཡིན་ན་ཆུའི་སྤྱི་ཡིན་པས་མ་ཁྱབ་པའི་རྒྱུ་མཚན།
གཙོ་གནད། མཚན་ཉིད་ལ་མཚོན་ན། བརླན་ཞིང་གཤེར་པའི་སྤྱི་ཡིན་ཡང་ཆུའི་སྤྱི་མ་ཡིན་པའི་རྒྱུ་མཚན།
 
རྩོད་སྐོར་བཞི་པ།
ཀ དངོས་པོའི་སྤྱི་ཡིན་ན།  མི་རྟག་པའི་སྤྱི་ཡིན་པས་ཁྱབ་ཟེར་ན།
ཁ  མི་རྟག་པ་དང་ཐ་དད་ཆོས་ཅན།  མི་རྟག་པའི་སྤྱི་ཡིན་པར་ཐལ།  དངོས་པོའི་སྤྱི་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【དངོས་པོའི་སྤྱི་ཡིན་ན།  མི་རྟག་པའི་སྤྱི་ཡིན་པས་ཁྱབ་པ་ཁྱོད་ཀྱིས་ཁས་བླངས་ཟིན།】
ཀ  མ་གྲུབ་ན།  【མི་རྟག་པ་དང་ཐ་དད།  དངོས་པོའི་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  མི་རྟག་པ་དང་ཐ་དད་ཆོས་ཅན།  དངོས་པོའི་སྤྱི་ཡིན་པར་ཐལ།  དངོས་པོ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【དངོས་པོ་མི་རྟག་པ་དང་ཐ་དད་ཀྱི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་ཆོས་ཅན།  ཁྱོད་མི་རྟག་པ་དང་ཐ་དད་ཀྱི་བྱེ་བྲག་ཡིན་པར་ཐལ།  ཁྱོད་མི་རྟག་པ་དང་ཐ་དད་ཡིན།  ཁྱོད་མི་རྟག་པ་དང་ཐ་དད་དང་བདག་གཅིག་ཏུ་འབྲེལ།   ཁྱོད་མ་ཡིན་ཞིང་མི་རྟག་པ་དང་ཐ་དད་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན། 【དངོས་པོ་མི་རྟག་པ་དང་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་ཆོས་ཅན།  མི་རྟག་པ་དང་ཐ་དད་ཡིན་པར་ཐལ།  མི་རྟག་པ་དང་ལྡོག་པ་ཐ་དད་ཡིན་པའི་ཕྱིར། 
ཀ རྟགས་གཉིས་པ་མ་གྲུབ་ན།  【དངོས་པོ་མི་རྟག་པ་དང་ཐ་དད་དང་བདག་གཅིག་འབྲེལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་ཆོས་ཅན།   མི་རྟག་པ་དང་ཐ་དད་དང་བདག་གཅིག་འབྲེལ་ཡིན་པར་ཐལ།  མི་རྟག་པ་དང་ཐ་དད་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད།  མི་རྟག་པ་དང་ཐ་དད་མེད་ན་ཁྱོད་མེད་དགོས་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན།  【དངོས་པོ་མི་རྟག་པ་དང་ཐ་དད་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་ཆོས་ཅན།  མི་རྟག་པ་དང་ཐ་དད་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པར་ཐལ།   མི་རྟག་པ་དང་ཐ་དད་དང་བདག་ཉིད་གཅིག་ཡིན་པ་གང་ཞིག   ཐ་དད་ཡིན་པའི་ཕྱིར།  རྟགས་ཕྱི་མ་སླ།
ཀ རྟགས་དང་པོ་མ་གྲུབ་ན། 【དངོས་པོ་མི་རྟག་པ་དང་ཐ་དད་བདག་ཉིད་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ   དངོས་པོ་ཆོས་ཅན།  མི་རྟག་པ་དང་ཐ་དད་དང་བདག་ཉིད་གཅིག་ཡིན་པར་ཐལ།  མི་རྟག་པ་དང་ཐ་དད་ཡིན་པའི་ཕྱིར།
ཀ  རྟགས་གཉིས་པ་མ་གྲུབ་ན། 【མི་རྟག་པ་དང་ཐ་དད་མེད་ན།  དངོས་པོ་མེད་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ  མི་རྟག་པ་ཆོས་ཅན།  ཁྱོད་དང་ཐ་དད་མེད་ན་དངོས་པོ་མེད་དགོས་པར་ཐལ།  ཁྱོད་དང་ཐ་དད་མེད་ན་གང་དྲན་དྲན་ཡིན་པའི་ཕྱིར།
ཀ  གོང་གི་རྟགས་གསུམ་པ་མ་གྲུབ་ན། 【དངོས་པོ་མ་ཡིན་ཞིང་མི་རྟག་པ་དང་ཐ་དད་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་ཆོས་ཅན།  ཁྱོད་མ་ཡིན་ཞིང་མི་རྟག་པ་དང་ཐ་དད་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  རྟག་པ་དེ་ཡང་དེ་ཡིན།  ནམ་མཁའ་དེ་ཡང་དེ་ཡིན་པའི་ཕྱིར། 
ཀ  རྩ་བར་འདོད་ན། 【མི་རྟག་པ་དང་ཐ་དད་མི་རྟག་པའི་སྤྱི་ཡིན་པར་འདོད་ཟེར་ན།】
ཁ  མི་རྟག་པ་དང་ཐ་དད་ཆོས་ཅན།  མི་རྟག་པའི་སྤྱི་མ་ཡིན་པར་ཐལ།  མི་རྟག་པ་ཁྱོད་ཀྱི་བྱེ་བྲག་མ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【མི་རྟག་པ།  མི་རྟག་པ་དང་ཐ་དད་ཀྱི་བྱེ་བྲག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  འོ་ན།  མི་རྟག་པ་ཆོས་ཅན།  མི་རྟག་པ་དང་ཐ་དད་ཡིན་པར་ཐལ།  ཁྱོད་མི་རྟག་པ་དང་ཐ་དད་ཀྱི་བྱེ་བྲག་ཡིན་པའི་ཕྱིར།  རྟགས་ཁས། 【མི་རྟག་པ།  མི་རྟག་པ་དང་ཐ་དད་ཀྱི་བྱེ་བྲག་ཡིན་པ་ཁས་བླངས་ཟིན།】
ཀ འདོད་ན།【མི་རྟག་པ་མི་རྟག་པ་དང་ཐ་དད་ཡིན་པར་འདོད་ཟེར་ན།】
ཁ  མི་རྟག་པ་ཆོས་ཅན།  ཁྱོད་ཁྱོད་དང་ཐ་དད་མ་ཡིན་པར་ཐལ།  ཁྱོད་གང་ཟག་གི་བདག་མེད་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  དངོས་པོ་དང་མི་རྟག་པ་གཉིས་དོན་གཅིག་ཀྱང་། དངོས་པོའི་སྤྱི་ཡིན་ན་མི་རྟག་པའི་སྤྱི་ཡིན་པས་མ་ཁྱབ་པ།
དཀའ་གནད།  དངོས་པོའི་སྤྱི་ཡིན་ན་མི་རྟག་པའི་སྤྱི་ཡིན་པའི་མ་ཁྱབ་པའི་རྒྱུ་མཚན།
གཙོ་གནད།  མི་རྟག་པ་དང་ཐ་དད་དེ།  དངོས་པོའི་སྤྱི་ཡིན་ལ་མི་རྟག་པའི་སྤྱི་མ་ཡིན་པའི་རྒྱུ་མཚན།
 
རྩོད་སྐོར་ལྔ་པ།
ཀ  སྤྱིའི་སྤྱི་ཡང་ཡིན་བྱེ་བྲག་གི་བྱེ་བྲག་ཡང་ཡིན་པའི་གཞི་མཐུན་པ་མེད་ཟེར་ན།
ཁ  དེ་ཡོད་པར་ཐལ།  རྟག་པ་དེ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【རྟག་པ་དེ།  སྤྱིའི་སྤྱི་ཡང་ཡིན་བྱེ་བྲག་གི་བྱེ་བྲག་ཡང་ཡིན་པའི་གཞི་མཐུན་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  ཁྱོད་སྤྱིའི་སྤྱི་ཡང་ཡིན་བྱེ་བྲག་གི་བྱེ་བྲག་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།   ཁྱོད་སྤྱིའི་སྤྱི་ཡིན་པ་གང་ཞིག  བྱེ་བྲག་གི་བྱེ་བྲག་ཡང་ཡིན་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན།  【རྟག་པ་སྤྱིའི་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  ཁྱོད་སྤྱིའི་སྤྱི་ཡིན་པར་ཐལ།  སྤྱི་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན། 【 སྤྱི་རྟག་པའི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སྤྱི་ཆོས་ཅན།  ཁྱོད་རྟག་པའི་བྱེ་བྲག་ཡིན་པར་ཐལ།  ཁྱོད་རྟག་པ་ཡིན།  ཁྱོད་རྟག་པ་དང་བདག་གཅིག་ཏུ་འབྲེལ།  ཁྱོད་མ་ཡིན་ཞིང་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། རྟགས་དང་པོ་སླ།
ཀ གཉིས་པ་མ་གྲུབ་ཟེར་ན། 【 སྤྱི་རྟག་པ་དང་བདག་གཅིག་འབྲེལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྤྱི་ཆོས་ཅན།  ཁྱོད་རྟག་པ་དང་བདག་ཅིག་འབྲེལ་ཡིན་པར་ཐལ།  ཁྱོད་རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད།  རྟག་པ་མེད་ན་ཁྱོད་མེད་དགོས་པའི་ཕྱིར།
ཀ  རྟགས་ཟུར་དང་པོ་མ་གྲུབ་ན། 【སྤྱི་རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སྤྱི་ཆོས་ཅན།  ཁྱོད་རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་ཡིན་པར་ཐལ།  ཁྱོད་རྟག་པ་དང་བདག་ཉིད་གཅིག་ཡིན་པ་གང་ཞིག   ཐ་དད་ཡིན་པའི་ཕྱིར།  རྟགས་གཉིས་པ་སླ།
ཀ  རྟགས་དང་པོ་མ་གྲུབ་ན། 【སྤྱི་རྟག་པ་དང་བདག་ཉིད་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྤྱི་ཆོས་ཅན།  ཁྱོད་རྟག་པ་དང་བདག་ཉིད་གཅིག་ཡིན་པར་ཐལ།  རྟག་པ་ཡིན་པའི་ཕྱིར།
ཀ  གོང་གི་རྟགས་གསུམ་པ་མ་གྲུབ་ན།  【སྤྱི་མ་ཡིན་ཞིང་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ སྤྱི་ཆོས་ཅན། ཁྱོད་མ་ཡིན་ཞིང་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  མཚོན་བྱ་དེ་ཡང་དེ་ཡིན་།   མཚན་ཉིད་དེ་ཡང་ཡིན།  ནམ་མཁའ་དེ་ཡང་དེ་ཡིན་པའི་ཕྱིར།
ཀ  རྩ་རྟགས་གཉིས་པ་མ་གྲུབ་ན། 【རྟག་པ་བྱེ་བྲག་གི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  བྱེ་བྲག་གི་བྱེ་བྲག་ཡིན་པར་ཐལ།  ཁྱོད་བྱེ་བྲག་ཡིན།  ཁྱོད་བྱེ་བྲག་དང་བདག་གཅིག་ཏུ་འབྲེལ།   ཁྱོད་མ་ཡིན་ཞིང་བྱེ་བྲག་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན། 【རྟག་པ་བྱེ་བྲག་ཡིན་པ་རྟག་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན།  བྱེ་བྲག་ཡིན་པར་ཐལ།  ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར།
ཀ རྟགས་གཉིས་པ་མ་གྲུབ་ན།  【རྟག་པ་བྱེ་བྲག་དང་བདག་གཅིག་ཏུ་འབྲེལ་བ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  ཁྱོད་བྱེ་བྲག་དང་བདག་གཅིག་ཏུ་འབྲེལ་བར་ཐལ།  ཁྱོད་བྱེ་བྲག་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད།  བྱེ་བྲག་མེད་ན་ཁྱོད་མེད་དགོས་པའི་ཕྱིར།
ཀ  རྟགས་ཟུར་དང་པོ་མ་གྲུད་ན།  【རྟག་པ་བྱེ་བྲག་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  ཁྱོད་བྱེ་བྲག་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པར་ཐལ།  ཁྱོད་བྱེ་བྲག་དང་བདག་ཉིད་གཅིག་ཡིན་པ་གང་ཞིག   ཐ་དད་ཡིན་པའི་ཕྱིར།  རྟགས་གཉིས་པ་སླ།
ཀ  རྟགས་དང་པོ་མ་གྲུབ་ན།  【རྟག་པ་བྱེ་བྲག་དང་བདག་ཉིད་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན།  ཁྱོད་བྱེ་བྲག་དང་བདག་ཉིད་གཅིག་ཡིན་པར་ཐལ།  བྱེ་བྲག་ཡིན་པའི་ཕྱིར།
ཀ  གོང་གི་རྟགས་གསུམ་པ་མ་གྲུད་ན།  【རྟག་པ་མ་ཡིན་ཞིང་བྱེ་བྲག་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  ཁྱོད་མ་ཡིན་ཞིང་བྱེ་བྲག་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  རི་བོ་དེ་ཡང་དེ་ཡིན།  ཆུ་བོ་དེ་ཡང་དེ་ཡིན།  ནགས་ཚལ་དེ་ཡང་དེ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  སྤྱིའི་སྤྱི་ཡང་ཡིན་བྱེ་བྲག་གི་བྱེ་བྲག་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ།
དཀའ་གནད།  སྤྱིའི་སྤྱི་ཡིན་ན་སྤྱི་དེ་དེའི་བྱེ་བྲག་ཏུ་སོང་ཡོད་པ་དང་།  བྱེ་བྲག་གི་བྱེ་བྲག་ཡིན་ན་བྱེ་བྲག་དེ་དེའི་སྤྱི་རུ་སོང་ཡོད་པ།
གཙོ་གནད། སྤྱིའི་སྤྱི་ཡང་ཡིན་བྱེ་བྲག་གི་བྱེ་བྲག་ཡང་ཡིན་པའི་གཞི་མཐུན་པ་ལ་རྟག་འཇོག་པ་དང་།  རྟག་པ་མ་གཏོགས་གཞན་འཇོག་རྒྱུ་མེད་པ།
 
རྩོད་སྐོར་དྲུག་པ།
ཀ  རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་མེད་ཟེར་ན།
ཁ དེ་ཡོད་པར་ཐལ།  རྟག་པ་དེ་དེ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།【རྟག་པ་དེ།  རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་མིན་ཟེར་ན】
ཁ  རྟག་པ་ཆོས་ཅན།  རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ཡིན་པར་ཐལ།  རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་ཡིན་པ་གང་ཞིག  བྱེ་བྲག་ཡིན་པའི་ཕྱིར།
ཀ དང་པོ་མ་གྲུབ་ན།【རྟག་པ་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན།  རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་ཡིན་པར་ཐལ།  རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་རྟག་པའི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན།  ཁྱོད་རྟག་པའི་བྱེ་བྲག་ཡིན་པར་ཐལ།  ཁྱོད་རྟག་པ་ཡིན།  ཁྱོད་རྟག་པ་དང་བདག་གཅིག་ཏུ་འབྲེལ།  ཁྱོད་མ་ཡིན་ཞིང་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན།  【རྟག་པའི་སྤྱི་དང་བྱེ་གཉིས་ཀ་མ་ཡིན་པ་རྟག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན།  རྟག་པ་ཡིན་པར་ཐལ།  ཡོད་པ་གང་ཞིག   དངོས་པོ་མ་ཡིན་པའི་ཕྱིར།
ཀ རྟགས་གཉིས་པ་མ་གྲུབ་ན། 【རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་རྟག་པ་དང་བདག་གཅིག་ཏུ་འབྲེལ་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན།  རྟག་པ་དང་བདག་གཅིག་ཏུ་འབྲེལ་བར་ཐལ།  རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད།  རྟག་པ་མེད་ན་ཁྱོད་མེད་དགོས་པའི་ཕྱིར།  རྟགས་གཉིས་པ་སླ།
ཀ  རྟགས་དང་པོ་མ་གྲུབ་ན།  【རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ།  རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན།  རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པར་ཐལ།  རྟག་པ་དང་བདག་ཉིད་གཅིག་ཡིན་པ་གང་ཞིག   ཐ་དད་ཡིན་པའི་ཕྱིར།  རྟགས་གཉིས་པ་སླ།
ཀ  དང་པོ་མ་གྲུབ་ན། 【རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ། རྟག་པ་དང་བདག་ཉིད་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན།  རྟག་པ་དང་བདག་ཉིད་གཅིག་ཡིན་པར་ཐལ།  རྟག་པ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ།  རྟག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པའི་སྤྱི་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན།  རྟག་པ་ཡིན་པར་ཐལ།  ཡོད་པ་གང་ཞིག  དངོས་པོ་མ་ཡིན་པའི་ཕྱིར།
ཀ  གོང་གི་རྟགས་གསུམ་པ་མ་གྲུབ་ན།  【རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་ཞིང་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པའི་སྤྱི་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན།  ཁྱོད་མ་ཡིན་ཞིང་རྟག་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  སྤྱི་དེ་ཡང་དེ་ཡིན།  བྱེ་བྲག་དེ་ཡང་དེ་ཡིན་པའི་ཕྱིར།
ཀ  རྩ་རྟགས་གཉིས་པ་མ་གྲུབ་ན། 【རྟག་པ་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན།  རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་བྱེ་བྲག་ཡིན་པར་ཐལ། ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཡིན།  ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ།   ཁྱོད་མ་ཡིན་ཞིང་རྟག་པའི་སྤྱི་དང་བྱེ་བྲག་གཉིས་མ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན།  【རྟག་པ་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  ཁྱོད་ཁྱོད་ཀྱི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པར་ཐལ།  གཞི་གྲུབ་པའི་ཕྱིར།
ཀ རྟགས་གཉིས་པ་མ་གྲུབ་ན།【རྟག་པ་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ་བ་རྟག་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན།  ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ་བར་ཐལ།   ཁྱོད་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད།   རྟག་པ་མེད་ན་ཁྱོད་མེད་དགོས་པའི་ཕྱིར།
ཀ རྟག་གསུམ་པ་མ་གྲུབ་ན།【རྟག་པ་མ་ཡིན་ཞིང་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་གཞི་མཐུན་པ་དུ་མ་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  ཁྱོད་མ་ཡིན་ཞིང་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།   རྐང་པ་དེ་ཡང་དེ་ཡིན།  ལག་པ་དེ་ཡང་དེ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ཡོད་པ།
དཀའ་གནད།  ཤེས་བྱ་དེ་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་།   བྱེ་བྲག་གང་ཡང་མ་ཡིན་པ།
གཙོ་གནད།  རྟག་པ་དེ་རྟག་པའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀ་ཡིན་པ།
 
རྩོད་སྐོར་བདུན་པ།
ཀ  དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ཡོད་ཟེར་ན།
ཁ དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་མེད་པར་ཐལ།  དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་མེད་པའི་ཕྱིར།
ཀ  མ་གྲུབ་ན།  【དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་མེད་པར་ཐལ།  དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་བྱེ་བྲག་མ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་བྱེ་བྲག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན།   བྱེ་བྲག་མ་ཡིན་པར་ཐལ།   ཤེས་བྱའི་བྱེ་བྲག་མ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཤེས་བྱའི་བྱེ་བྲག་མ་ཡིན་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་ཆོས་ཅན།  ཤེས་བྱའི་བྱེ་བྲག་མ་ཡིན་པར་ཐལ།  ཁྱོད་མ་ཡིན་ཞིང་ཤེས་བྱ་ཡིན་པའི་གཞི་མཐུན་པ་དུ་མ་མ་གྲུབ་པའི་ཕྱིར།
ཀ  མ་གྲུབ་ན།  【དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་མ་ཡིན་ཞིང་ཤེས་བྱ་ཡིན་ཡིན་པའི་གཞི་མཐུན་པ་དུ་མ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
 ཁ  དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པ་མ་ཡིན་ཞིང་ཤེས་བྱ་ཡིན་ཡིན་པའི་གཞི་མཐུན་པ་དུ་མ་མ་གྲུབ་པར་ཐལ།  དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་ཡང་ཡིན།  ཤེས་བྱ་ཡང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་མེད་པ།
དཀའ་གནད། དངོས་པོའི་སྤྱི་ཡིན་ན་དངོས་པོའི་བྱེ་བྲག་མ་ཡིན་པས་ཁྱབ་པ་དང་།  དངོས་པོའི་བྱེ་བྲག་ཡིན་ན་དངོས་པོའི་སྤྱི་མ་ཡིན་པས་ཁྱབ་པ།
གཙོ་གནད།  ཤེས་བྱ་དེ་དངོས་པོའི་སྤྱི་དང་བྱེ་བྲག་གཉིས་ཀ་མ་ཡིནཔའི་སྤྱི་མ་ཡིན་པ།
 
རྩོད་སྐོར་བརྒྱད་པ།
ཀ སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་མེད་ཟེར་ན།
ཁ  དེ་ཡོད་པར་ཐལ།  དངོས་པོ་དེ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【དངོས་པོ་དེ།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ  དངོས་པོ་ཆོས་ཅན།  ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པར་ཐལ།  ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིོན།  ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ།   ཁྱོད་མ་ཡིན་ཞིང་།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིོན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།  
ཀ  རྟགས་དང་པོ་མ་གྲུབ་ན།  【དངོས་པོ་དེ།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིོན་པ་རྟགས་མ་གྲུབ་ཟེར་ན།】 
ཁ  དངོས་པོ་ཆོས་ཅན།  ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིོན་པར་ཐལ།  ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན།  ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིོན་པ་དང་བདག་གཅིག་ཏུ་འབྲེལ།  ཁྱོད་མ་ཡིན་ཞིང་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར། 
ཀ རྟགས་དང་པོ་མ་གྲུབ་ན།  【དངོས་པོ་དེ།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
 ཁ  དངོས་པོ་ཆོས་ཅན། ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པར་ཐལ།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་མ་ཡིན་པ་གང་ཞིག   བྱེ་བྲག་མ་ཡིན་པའི་ཕྱིར།
 ཀ  རྟགས་དང་པོ་མ་གྲུབ་ན། 【 དངོས་པོ་དེ་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ  དངོས་པོ་ཆོས་ཅན།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་མ་ཡིན་པར་ཐལ།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཁྱོད་ཀྱི་བྱེ་བྲག་མ་ཡིན་པའི་ཕྱིར། 
ཀ  མ་གྲུབ་ན།  【 སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ།  དངོས་པོའི་བྱེ་བྲག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན། 】   
ཁ  དངོས་པོའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཆོས་ཅན།  དངོས་པོའི་བྱེ་བྲག་མ་ཡིན་པར་ཐལ།   དངོས་པོའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡོད་པ་གང་ཞིག   དངོས་པོ་མ་ཡིན་པའི་ཕྱིར།
ཀ  རྟགས་གཉིས་པ་མ་གྲུབ་ན།  【དངོས་པོ་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ  དངོས་པོ་ཆོས་ཅན།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་མ་ཡིན་པར་ཐལ།  དངོས་པོ་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མ་ཡིན་པའི་ཕྱིར།
ཀ  གོང་གི་རྩ་རྟགས་གཉིས་པ་མ་གྲུབ་ན།  【དངོས་པོ་དེ།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ་བ་རྟགས་མ་གྲུབ་ཟེར་ན།】 
ཁ  དངོས་པོ་ཆོས་ཅན།  ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་དང་བདག་གཅིག་ཏུ་འབྲེལ་བར་ཐལ།   ཁྱོད་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད།   སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མེད་ན་ཁྱོད་མེད་དགོས་པའི་ཕྱིར།  རྟགས་རེ་རེ་ནས་སླ།
ཀ  གོང་གི་རྩ་རྟགས་གསུམ་པ་མ་གྲུབ་ན། 【དངོས་པོ་མ་ཡིན་ཞིང་།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིོན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ  དངོས་པོ་ཆོས་ཅན།   ཁྱོད་མ་ཡིན་ཞིང་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིོན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  གང་ཟག་གི་བདག་མེད་དེ་དེ་ཡང་དེ་ཡིན།  ཡོད་པ་དེ་ཡང་དེ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ།
དཀའ་གནད། སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཇི་ལྟར་ཡོད་ཚུལ།
གཙོ་གནད། དངོས་པོ་དེ་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པ།
 
རྩོད་སྐོར་དགུ་པ། 
ཀ  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་མེད་ཟེར་ན།
ཁ  དེ་ཡོད་པར་ཐལ།   སྤྱི་དེ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【སྤྱི་དེ།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ སྤྱི་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ཡིན་པར་ཐལ།   ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པ་གང་ཞིག  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན། 【སྤྱི་དེ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ  སྤྱི་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པར་ཐལ།   ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ།  ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ།  སྤྱིའི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཆོས་ཅན།  ཁྱོད་སྤྱིའི་བྱེ་བྲག་ཡིན་པར་ཐལ།  ཁྱོད་སྤྱི་ཡིན།  ཁྱོད་སྤྱི་དང་བདག་གཅིག་ཏུ་འབྲེལ།  ཁྱོད་མ་ཡིན་ཞིང་སྤྱི་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།  རྟགས་དང་པོ་གཉིས་སླ།
ཀ  རྟགས་གསུམ་པ་མ་གྲུབ་ན།  【ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མ་ཞིང་སྤྱི་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】 
ཁ  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མ་ཡིན་ཞིང་།  སྤྱི་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  ཡོད་པ་དེ་ཡང་དེ་ཡིན།  ཚད་མས་དམིགས་པ་དེ་ཡང་ཡིན་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན།  【ཡོད་པ་དེ།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་དེ་མ་ཡིན་སྤྱི་ཡིན་པའི་གཞི་མཐུན་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ ཡོད་པ་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མ་ཡིན་ཞིང་།  སྤྱི་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡང་ཡིན་ཡིན།  སྤྱི་ཡང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར།
ཁ  མ་གྲུབ་ན།  【ཡོད་པ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡང་ཡིན་ཡིན།  སྤྱི་ཡང་ཡིན་པའི་གཞི་མཐུན་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཡོད་པ་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡང་ཡིན།  སྤྱི་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།   ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པ་གང་ཞིག   སྤྱི་ཡིན་པའི་ཕྱིར།  
ཀ  རྟགས་དང་པོ་མ་གྲུབ་ན།  【ཡོད་པ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ  ཡོད་པ་ཆོས་ཅན།    ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པར་ཐལ།    ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པའི་ཕྱིར།  
ཀ  མ་གྲུབ་ན།  【ཡོད་པ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】  
ཁ  ཡོད་པ་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་ཡིན་པར་ཐལ།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ།   ཡོད་པའི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཆོས་ཅན།    ཁྱོད་ཡོད་པའི་བྱེ་བྲག་ཡིན་པར་ཐལ།  ཁྱོད་ཡོད་པ་ཡིན།  ཁྱོད་ཡོད་པ་དང་བདག་གཅིག་ཏུ་འབྲེལ།  ཁྱོད་མ་ཡིན་ཞིང་ཡོད་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།  རྟགས་དང་པོ་གཉིས་རེ་རེ་ནས་སླ།
ཀ  རྟགས་གསུམ་པ་མ་གྲུབ་ན། 【ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མ་ཡིན་ཞིང་ཡོད་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】   
ཁ  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་མ་ཞིང་ཡོད་པ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  ཤིང་དེ་ཡང་དེ་ཡིན།   ལྕགས་དེ་ཡང་དེ་ཡིན་པའི་ཕྱིར།
ཀ  གོང་གི་རྟགས་གཉིས་པ་མ་གྲུབ་ན། 【 སྤྱི་དེ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】 
ཁ  སྤྱི་ཆོས་ཅན།   ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་ཡིན་པར་ཐལ།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་དང་བདག་གཅིག་ཏུ་འབྲེལ།   ཁྱོད་མ་ཡིན་ཞིང་། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན།  【སྤྱི་དེ།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སྤྱི་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཡིན་པར་ཐལ།   ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་མ་ཡིན་པ་གང་ཞིག  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་མ་ཡིན་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན། 【སྤྱི་དེ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སྤྱི་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་མ་ཡིན་པར་ཐལ།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཁྱོད་ཀྱི་བྱེ་བྲག་མ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཤེས་བྱའི་སྤྱི་དང་བྱེ་བྲག་མ་ཡིན་པ་སྤྱིའི་བྱེ་བྲག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཆོས་ཅན།  ཁྱོད་སྤྱིའི་བྱེ་བྲག་མ་ཡིན་པར་ཐལ།  ཁྱོད་སྤྱི་མ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་སྤྱི་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པ་ཆོས་ཅན།  ཁྱོད་སྤྱི་མ་ཡིན་པར་ཐལ།  ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར་ཏེ།   བྱེ་བྲག་ཡིན་ན་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པས་ཁྱབ་པའི་ཕྱིར།
ཀ གོང་གི་རྟགས་གཉིས་པ་མ་གྲུབ་ན།  【སྤྱི་དེ།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྤྱི་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་བྱེ་བྲག་མ་ཡིན་པར་ཐལ།
ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་གི་བྱེ་བྲག་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【སྤྱི།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་གི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སྤྱི་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་གི་བྱེ་བྲག་ཡིན་པར་ཐལ།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་དང་བདག་གཅིག་ཏུ་འབྲེལ།   ཁྱོད་མ་ཡིན་ཞིང་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན།  【སྤྱི།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སྤྱི་ཆོས་ཅན། ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པར་ཐལ།  ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར། 
ཀ  མ་ཁྱབ་ན།  【ཤེས་བྱའི་བྱེ་བྲག་ཡིན་ན།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པས་མ་ཁྱབ་ཟེར་ན།】
ཁ  ཁྱབ་པ་ཡོད་པར་ཐལ།  【ཤེས་བྱའི་བྱེ་བྲག་ཡིན་ན།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པས་ཁྱབ་དགོས་པར་ཐལ།】བྱེ་བྲག་དང་ཤེས་བྱའི་བྱེ་བྲག་གཉིས་དོན་གཅིག་ཡིན་པའི་ཕྱིར།
ཀ  རྟགས་གཉིས་པ་མ་གྲུབ་ན། 【སྤྱི།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་དང་བདག་གཅིག་ཏུ་འབྲེལ་བ་རྟགས་མ་གྲུབ་ཟེར་ན།】
ཁ  སྤྱི་ཆོས་ཅན།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་དང་བདག་གཅིག་ཏུ་འབྲེལ་བར་ཐལ།  ཁྱོད་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་ཕྱིར་ཏེ།  ཁྱོད་ཤེས་བྱའི་བྱེ་བྲག་ཡིན་པའི་ཕྱིར།
ཀ  རྟགས་གསུམ་པ་མ་གྲུབ་ན། 【སྤྱི་མ་ཡིན་ཞིང་།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ སྤྱི་མ་ཡིན་ཞིང་ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  གཡས་ལག་དང་གཡོན་ལག་གཉིས་ཀྱང་དེ་ཡིན།  སྒོ་དང་དྲ་མ་གཉིས་ཀྱང་དེ་ཡིན།
དབྱེ་ཞིབ།
བསྒྲུབ་བྱ། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་པ།
དཀའ་གནད། ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ལ“་སྤྱི”་ འཇོག་པའི་རྒྱུ་མཚན་ཅི་ཡིན་པ་དང་།  དེ་ལས་གཞན་པའི་ཤེས་བྱ་ཡོད་དམ་མེད་པ།
གཙོ་གནད།  སྤྱི་དེ།  ཤེས་བྱའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གང་རུང་མ་ཡིན་པའི་སྤྱི་དང་བྱེ་བྲག་གཉིས་ཀའི་གཞི་མཐུན་ཡིན་པའི་རྒྱུ་མཚན།
 
རྩོད་སྐོར་བཅུ་པ། 
ཀ སྤྱི་གསུམ་པོ་གང་རུང་ཡིན་ན་སྤྱི་ཡིན་པས་ཁྱབ་ཟེར་ན།
ཁ དཔེ་ཆ་དང་དཔེ་ཁུག་གཉིས་ཆོས་ཅན།  སྤྱི་ཡིན་པར་ཐལ།  སྤྱི་གསུམ་པོ་གང་རུང་ཡིན་པའི་ཕྱིར།  ཁྱབ་པ་ཁས།【སྤྱི་གསུམ་པོ་གང་རུང་ཡིན་ན་སྤྱི་ཡིན་པས་ཁྱབ་པ་ཁས་བླངས་ཟིན་པའི་ཕྱིར།】
ཀ  མ་གྲུབ་ན། 【དཔེ་ཆ་དང་དཔེ་ཁུག་གཉིས་སྤྱི་གསུམ་པོ་གང་རུང་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  དཔེ་ཆ་དང་དཔེ་ཁུག་གཉིས་ཆོས་ཅན།  སྤྱི་གསུམ་པོ་གང་རུང་ཡིན་པར་ཐལ།  ཚོགས་སྤྱི་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།【དཔེ་ཆ་དང་དཔེ་ཁུག་གཉིས་ཚོགས་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ   དཔེ་ཆ་དང་དཔེ་ཁུག་གཉིས་ཆོས་ཅན།  ཚོགས་སྤྱི་ཡིན་པར་ཐལ།  གཟུགས་རགས་པ་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན།  【དཔེ་ཆ་དང་དཔེ་ཁུག་གཉིས་སྤྱི་ཡིན་པར་འདོད་ཟེར་ན།】
ཁ  དཔེ་ཆ་དང་དཔེ་ཁུག་གཉིས་ཆོས་ཅན།  སྤྱི་མ་ཡིན་པར་ཐལ།  ཁྱོད་ཀྱི་བྱེ་བྲག་མེད་པའི་ཕྱིར།
ཀ  མ་གྲུབ་ན།  【དཔེ་ཆ་དང་དཔེ་ཁུག་གཉིས་ཀྱི་བྱེ་བྲག་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ  དཔེ་ཆ་དང་དཔེ་ཁུག་གཉིས་ཆོས་ཅན།  ཁྱོད་ཀྱི་བྱེ་བྲག་མེད་པར་ཐལ།  ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  སྤྱི་གསུམ་པོ་གང་རུང་ཡིན་ན་སྤྱི་ཡིན་པས་མ་ཁྱབ་པ།
དཀའ་གནད། ཚོགས་སྤྱི་ཡིན་ན་སྤྱི་གསུམ་པོ་གང་རུང་ཡིན་པས་ཁྱབ་ཀྱང་སྤྱི་མ་ཡིན་པས་མ་རྒྱུ་མཚན།
གཙོ་གནད། དཔེ་ཆ་དང་དཔེ་ཁུག་གཉིས་ཚོགས་སྤྱི་ཡིན་ལ་སྤྱི་མ་ཡིན་པ།
 
རྩོད་སྐོར་བཅུ་གཅིག་པ། 
ཀ དོན་སྤྱི་ཡིན་ན།  སྤྱི་མ་ཡིན་པས་ཁྱབ་ཟེར་ན།
ཁ  རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན།  སྤྱི་མ་ཡིན་པར་ཐལ།  དོན་སྤྱི་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【དོན་སྤྱི་ཡིན་ན།  སྤྱི་མ་ཡིན་པས་ཁྱབ་པ་ཁྱོད་ཀྱིས་ཁས་བླངས་ཟིན།】
ཀ མ་གྲུབ་ན།  【རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ།  དོན་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན།  དོན་སྤྱི་ཡིན་པར་ཐལ།  ཐབ་ཀའི་དོན་སྤྱི་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ།  ཐབ་ཀའི་དོན་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཐབ་ཀ་ཆོས་ཅན།  ཁྱོད་འཛིན་རྟོག་པ་ལ་ཁྱོད་མ་ཡིན་པ་ལས་ལོག་པར་སྣང་བ།   ཁྱོད་ཀྱི་དོན་སྤྱི་ཡིན་པར་ཐལ།  ཁྱོད་བདག་མེད་ཡིན་པའི་ཕྱིར།
ཀ  རྩ་བར་འདོད་ན། 【རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ། སྤྱི་མ་ཡིན་པར་འདོད་ཟེར་ན།】
ཁ  རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན། སྤྱི་ཡིན་པར་ཐལ།  ཁྱོད་ཀྱི་བྱེ་བྲག་ཡོད་པའི་ཕྱིར།
ཀ མ་གྲུབ་ན། 【རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བའི་བྱེ་བྲག་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་ཆོས་ཅན།   ཁྱོད་ཀྱི་བྱེ་བྲག་ཡོད་པར་ཐལ།  འབྲོག་པའི་ཐབ་ཀ་དེ་དེ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【འབྲོག་པའི་ཐབ་ཀ་དེ། རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བའི་བྱེ་བྲག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  འབྲོག་པའི་ཐབ་ཀ་ཆོས་ཅན།  ཁྱོད་རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བའི་བྱེ་བྲག་ཡིན་པར་ཐལ།  ཁྱོད་རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་ཡིན།  ཁྱོད་རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་དང་བདག་གཅིག་ཏུ་འབྲེལ། ཁྱོད་མ་ཡིན་ཞིང་རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན།  【འབྲོག་པའི་ཐབ་ཀ་དེ། རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ འབྲོག་པའི་ཐབ་ཀ་ཆོས་ཅན།  ཁྱོད་རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བར་ཐལ།  ཁྱོད་རྟོག་པ་ལ་འབྲོག་པའི་ཐབ་ཀ་ཡིན་པར་སྣང་བའི་ཕྱིར།
ཀ  མ་གྲུབ་ན། 【འབྲོག་པའི་ཐབ་ཀ་དེ།  རྟོག་པ་ལ་འབྲོག་པའི་ཐབ་ཀ་ཡིན་པར་སྣང་བ་རྟགས་མ་གྲུབ་ཟེར་ན།】
ཁ འབྲོག་པའི་ཐབ་ཀ་ཆོས་ཅན།  ཁྱོད་རྟོག་པ་ལ་འབྲོག་པའི་ཐབ་ཀ་ཡིན་པར་སྣང་བར་ཐལ། ཁྱོད་འབྲོག་པའི་ཐབ་ཀ་ཡིན་པའི་ཕྱིར།
ཀ  རྟགས་གཉིས་པ་མ་གྲུབ་ན། 【འབྲོག་པའི་ཐབ་ཀ་དེ།  རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་དང་བདག་གཅིག་ཏུ་འབྲེལ་བ་རྟགས་མ་གྲུབ་ཟེར་ན།】
ཁ འབྲོག་པའི་ཐབ་ཀ་ཆོས་ཅན།  ཁྱོད་རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་དང་བདག་གཅིག་ཏུ་འབྲེལ་བར་ཐལ།  ཁྱོད་རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་དང་བདག་གཅིག་པའི་སྒོ་ནས་ཐ་དད། རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་མེད་ན་ཁྱོད་མེད་དགོས་པའི་ཕྱིར།
ཀ རྟགས་གསུམ་པ་མ་གྲུབ་ན། 【འབྲོག་པའི་ཐབ་ཀ་མ་ཡིན་ཞིང་རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་རྟགས་མ་གྲུབ་ཟེར་ན།】
ཁ འབྲོག་པའི་ཐབ་ཀ་ཆོས་ཅན། ཁྱོད་མ་ཡིན་ཞིང་རྟོག་པ་ལ་ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པར་ཐལ།  རོང་གི་ཐབ་ཀ་དེ་ཡང་ཡིན།  རོང་མ་འབྲོག་གི་ཐབ་ཀ་དེ་ཡང་དེ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  དོན་སྤྱི་ཡིན་ན་སྤྱི་མ་ཡིན་པས་མ་ཁྱབ་པ།
དཀའ་གནད། རྟོག་པ་ལ་ཆོས་དེ་མ་ཡིན་པ་ལས་ལོག་པར་སྣང་བ་དང་།  སྤྱི་གཉིས་ཀྱི་གཞི་མཐུན་ཡོད་པ།
གཙོ་གནད། ཐབ་ཀ་མ་ཡིན་པ་ལས་ལོག་པར་སྣང་བ་དེ་དོན་སྤྱི་དང་སྤྱི་གཉིས་ཀའི་གཞི་མཐུན་ཡིན་པ།
 
གཉིས་པ།  རང་ལུགས་བཞག་པ།
དང་པོ།     སྤྱི།
1.མཚན་ཉིད།
རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་དེ།  སྤྱིའི་མཚན་ཉིད། མཚན་ཉིད་ཀྱི་ཟུར་དུ“རང་གི་གསལ་བ”ཞེས་བརྗོད་པ་ནི། རང་གི་བྱེ་བྲག་ཞེས་པའི་དོན་དང་།  “རྗེས་སུ་འགྲོ་བ”ཞེས་བརྗོད་པ་ནི། དེ་ཡིན་ཞེས་པའི་དོན་ཡིན།  དཔེར་ན།  ཅོག་ཙེ་ནི་རང་གི་གསལ་བ་སྟེ་རང་གི་བྱེ་བྲག་ཤིང་གི་ཅོག་ཙེ་དང་ལྕགས་ཀྱི་ཅོག་ཙེ་གཉིས་ཀྱི་རྗེས་སུ་འགྲོ་བ་སྟེ།  ཤིང་གི་ཅོག་ཙེ་དང་ལྕགས་ཀྱི་ཅོག་ཙེ་གཉིས་ཅོག་ཙེ་ཡིན་པ་ལྟ་བུའོ། །
2. དབྱེ་བ།  སྒྲས་བརྗོད་རིགས་ཀྱི་སྒོ་ནས་དབྱེ་ན།  རིགས་སྤྱི་དང་།  ཚོགས་སྤྱི།  དོན་སྤྱི་དང་གསུམ་ཡོད།
  <1> རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་དེ། རིགས་སྤྱིའི་མཚན་ཉིད།  འདི་དང་སྤྱི་གཉིས་དོན་གཅིག དཔེར་ན།  མི་ལྟ་བུ་ཡིན་ཏེ།  མི་དེ་བོད་རིགས་དང།  རྒྱ་རིགས།  སོག་རིགས་བཅས་ཀྱི་སྤྱིའམ་རིགས་སྤྱི་ཡིན་པའོ། །
  <2> རང་གི་ཆ་ཤས་དུ་མ་འདུས་པའི་གཟུགས་རགས་པ་དེ་ཚོགས་སྤྱིའི་མཚན་ཉིད། དཔེར་ན།  མིའི་ལུས་ཕུང་ལྟ་བུ།  མིའི་ལུས་ཕུང་ནི་འབྱུང་བ་བཞིའི་ཁམས་འདུས་ཤིང་འཕྲད་པ་ལས་བྱུང་བའི་གཟུགས་རགས་པ་ཡིན། ཚོགས་སྤྱི་ཡིན་ན་སྤྱི་ཡིན་པས་མ་ཁྱབ་སྟེ།  གཡས་ལག་དང་གཡོན་ལག་གཉིས་ཚོགས་སྤྱི་ཡིན་ཡང་སྤྱི་མ་ཡིན་ནོ། །
  <3> རྟོག་པའི་སྣང་ངོ་ཙམ་དུ་གྲུབ་པའི་སྒྲོ་བཏགས་ཀྱི་ཆ་དེ་དོན་སྤྱིའི་མཚན་ཉིད། དཔེར་ན།  ཇ་ཕོར་འཛིན་པའི་རྟོག་པ་ལ་ཇ་ཕོར་དང་གཅིག་མ་ཡིན་བཞིན་དུ་གཅིག་ལྟར་སྣང་བའི་སྒྲོ་བཏགས་ཀྱི་ཆ་ལྟ་བུ།  དོན་སྤྱི་ཡིན་ན་སྤྱི་ཡིན་པས་མ་ཁྱབ་སྟེ།  ད་ལྟའི་དུས་ཀྱི་མདུན་གྱི་ཅོག་ཙེ་འཛིན་པའི་རྟོག་པ་ལ་ད་ལྟའི་དུས་ཀྱི་མདུན་གྱི་ཅོག་ཙེ་དང་གཅིག་མ་ཡིན་བཞིན་དུ་གཅིག་ཏུ་སྣང་བའི་སྒྲོ་བཏགས་ཀྱི་ཆ་ལྟ་བུ།
     ཞར་བྱུང་།  རིགས་སྤྱི་དང་ཚོགས་སྤྱི་གཉིས་ལ་ཡིན་མིན་གྱི་མུ་བཞི་ཡོད་དེ།  རིགས་སྤྱི་ཡིན་ལ་ཚོགས་སྤྱི་མ་ཡིན་པའི་མུ།  ཚོགས་སྤྱི་ཡིན་ལ་རིགས་སྤྱི་མ་ཡིན་པའི་མུ།  རིགས་སྤྱི་དང་ཚོགས་སྤྱི་གཉིས་ཀ་ཡིན་པའི་མུ།  གཉིས་ཀ་མ་ཡིན་པའི་མུ་དང་བཞི་ཡོད།  དང་པོ་བཞག་ཏུ་ཡོད་དེ།  རྟག་པ་ལྟ་བུ།   གཉིས་པ་བཞག་ཏུ་ཡོད་དེ།  རྐང་པ་དང་ལག་པ་ལྟ་བུ།  གསུམ་པ་བཞག་ཏུ་ཡོད་དེ།  མགོ་བོ་ལྟ་བུ།  བཞི་པ་བཞག་ཏུ་ཡོད་དེ།  རྟག་དངོས་གཉིས་ལྟ་བུའོ། །
གཉིས་པ།  བྱེ་བྲག
སྤྱིར་ཁྱོད་ཆོས་དེའི་བྱེ་བྲག་ཡིན་ན། ཁྱོད་ཆོས་དེའི་བྱེ་བྲག་སོང་བའི་རྟགས་གསུམ་གྲུབ་དགོས་ཏེ། ཁྱོད་ཆོས་དེ་ཡིན། ཁྱོད་ཆོས་དེ་དང་བདག་གཅིག་ཏུ་འབྲེལ།  ཁྱོད་མ་ཡིན་ཞིང་ཆོས་དེ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་དེ།  ཁྱོད་ཆོས་དེའི་བྱེ་བྲག་སོང་བའི་རྟགས་གསུམ་ཡིན་པ་གང་ཞིག རྟགས་དེ་གསུམ་ཚང་ན་ཁྱོད་ཆོས་དེའི་བྱེ་བྲག་ཏུ་སོང་པའི་མཚན་ཉིད་ཀྱི་དོན་ཡང་ཚང་ཡོད་པ་ཡིན། དཔེར་ན།  དུད་འགྲོའི་བྱེ་བྲག་རྟ་ཡིན་པ་ལྟ་བུ་ལ་མཚོན་ན།  རྟ་དུད་འགྲོ་ཡིན།  རྟ་དུད་འགྲོ་དང་བདག་གཅིག་ཏུ་འབྲེལ།  རྟ་མ་ཡིན་ཞིང་དུད་འགྲོ་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པ་དེས།  རྟ་དེ་དུད་འགྲོའི་བྱེ་བྲག་ཡིན་པ་མཚོན་ཡོད།
 
གསུམ་པ། རྩོད་སྤོང་བ།
རྩོད་སྤོང་དང་པོ།
ཁ ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཆོས་ཅན།  རིགས་སྤྱི་ཡིན་པར་ཐལ།  རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཆོས་ཅན།  རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པར་ཐལ།  རང་ཉིད་ཡིན་ཡིན་པ་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པའི་ཕྱིར་མ་ཁྱབ།  【རང་ཉིད་ཡིན་ཡིན་པ་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་ན།  རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པས་མ་ཁྱབ།】
ཀ  མ་གྲུབ་ན།  【ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་དེ།  རང་ཉིད་ཡིན་ཡིན་པ་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཆོས་ཅན། རང་ཉིད་ཡིན་ཡིན་པ་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་ཡིན་པར་ཐལ།  ཆོས་ཡིན་པ་གང་ཞིག  རང་ཉིད་ཡིན་པ་དུ་མ་ལ་རྗེས་སུ་འགྲོ་བའི་ཕྱིར། རྟགས་དང་པོ་སླ།  
ཀ  གཉིས་པ་མ་གྲུབ་ན། 【ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་དེ།  རང་ཉིད་ཡིན་པ་དུ་མ་ལ་རྗེས་སུ་འགྲོ་བ་རྟགས་མ་གྲུབ་ཟེར་ན།】
ཁ  ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཆོས་ཅན། རང་ཉིད་ཡིན་པ་དུ་མ་ལ་རྗེས་སུ་འགྲོ་བར་ཐལ།  རང་ཉིད་ཡིན་པ་དུ་མ་ཡོད་པའི་ཕྱིར།
ཀ  མ་གྲུབ་ན།  【ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཡིན་པ་དུ་མ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཆོས་ཅན། ཁྱོད་ཡིན་པ་དུ་མ་ཡོད་པར་ཐལ།  ཤེས་བྱ་དེ་ཡང་དེ་ཡིན།  ཡོད་པ་དེ་ཡང་དེ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན།  【ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་དེ།  རིགས་སྤྱི་ཡིན་པར་འདོད་ཟེར་ན།】
ཁ  ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཆོས་ཅན། རིགས་སྤྱི་མ་ཡིན་པར་ཐལ།  སྤྱི་མ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་དེ།   སྤྱི་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཆོས་ཅན།  སྤྱི་མ་ཡིན་པར་ཐལ།  རང་གི་གསལ་བ་དུ་མ་ལ་རྗེས་སུ་འགྲོ་བའི་ཆོས་མ་ཡིན་པའི་ཕྱིར།
ཀ  ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཆོས་ཅན།  རང་གི་གསལ་བ་དུ་མ་མེད་པར་ཐལ།  རང་གི་བྱེ་བྲག་མེད་པའི་ཕྱིར།
དབྱེ་ཞིབ།
རྩོད་སྤོང་འདི་ལས་གཙོ་བོ།  རང་གི་རིགས་ཅན་དུ་མ་ལ་རྗེས་སུ་འགྲོ་བ་དང་།  རང་ཉིད་ཡིན་པ་དུ་མ་ལ་རྗེས་སུ་འགྲོ་བ་གཉིས་ཀྱི་ཁྱད་པར་གསལ་བོར་ཕྱེས་ཡོད།  དཔེར་ན།  ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་དེ།  རང་གི་གསལ་བ་དུ་མའི་རྗེས་སུ་འགྲོ་བ་མ་ཡིན་ཡང་། རང་ཉིད་ཡིན་པ་དུ་མའི་རྗེས་སུ་འགྲོ་ཡིན་བ་ཡིན་པ་དེ་བསྒྲུབས་ཡོད།  དེ་ཡང་ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་དེ།  རང་གི་གསལ་བ་དུ་མའི་རྗེས་སུ་འགྲོ་བ་མ་ཡིན་པའི་རྒྱུ་མཚན་ནི།  རང་གི་གསལ་བ་སྟེ་བྱེ་བྲག་མེད་པ་ལ་ཐུག་ཡོད་པ་དང་། རང་ཉིད་ཡིན་པ་དུ་མ་ལ་རྗེས་སུ་འགྲོ་བའི་བའི་རྒྱུ་མཚན་ནི།  ཡོད་པ་དང་ཤེས་བྱ་གཉིས་ཀྱི་རྗེས་སུ་འགྲོ་བ་ལ་ཐུག་ཡོད།  དེ་ཡང་ཡིན་ཏེ།  ཡོད་པ་དེ། ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཡིན་པ་གང་ཞིག  ཤེས་བྱ་དེ་ཡང་ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཡིན། དང་པོ་གྲུབ་སྟེ།  ཡོད་པ་དེ། ཤེས་བྱ་དང་གཅིག་དང་ཡོད་པ་དང་གཅིག་གང་རུང་ཡིན་ཏེ།  ཡོད་པ་དང་གཅིག་པ་བཞིན་དུ་ཤེས་བྱ་ལའང་རིགས་བསྒྲེས་ཀྱིས་ཤེས་ནུས་སོ། །
 
རྩོད་སྤོང་གཉིས་པ།
ཀ  རྡུལ་ཕྲག་རབ་གསུམ་ཚོགས་སྤྱི་ཡིན་པར་ཐལ།  རྡུལ་ཕྲ་རབ་གསུམ་ཡན་ཆད་འདུས་པའི་གོང་བུ་ཚོགས་སྤྱི་ཡིན་པའི་ཕྱིར་ན། མ་ཁྱབ། 【རྡུལ་ཕྲ་རབ་གསུམ་ཡན་ཆད་འདུས་པའི་གོང་བུ་ཚོགས་སྤྱི་ཡིན་ན། རྡུལ་ཕྲག་རབ་གསུམ་ཚོགས་སྤྱི་ཡིན་པས་མ་ཁྱབ།】
ཁ   མ་གྲུབ་ན།  【རྡུལ་ཕྲ་རབ་གསུམ་ཡན་ཆད་འདུས་པའི་གོང་བུ་ཚོགས་སྤྱི་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཀ རྡུལ་ཕྲ་རབ་གསུམ་ཡན་ཆད་འདུས་པའི་གོང་བུ་ཚོགས་སྤྱི་ཡིན་པར་ཐལ།  རྡུལ་ཕྲ་རབ་དུ་མ་འདུས་པའི་གོང་བུ་དེ་ཚོགས་སྤྱི་ཡིན་པའི་ཕྱིར། 
ཁ   གོང་དུ་འདོད་ན།【རྡུལ་ཕྲག་རབ་གསུམ་ཚོགས་སྤྱི་ཡིན་པར་འདོད་ཟེར་ན།】
ཀ རྡུལ་ཕྲ་རབ་གསུམ་ཚོགས་སྤྱི་མ་ཡིན་པར་ཐལ།  རྡུལ་ཕྲ་རབ་གསུམ་རྡུལ་ཕྲ་རབ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།  【རྡུལ་ཕྲ་རབ་གསུམ་རྡུལ་ཕྲ་རབ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྡུལ་ཕྲ་རབ་གསུམ་རྡུལ་ཕྲ་རབ་ཡིན་པར་ཐལ།  རྡུལ་ཕྲ་རབ་བརྒྱ་རྡུལ་ཕྲ་རབ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【རྡུལ་ཕྲ་རབ་བརྒྱ་རྡུལ་ཕྲ་རབ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྡུལ་ཕྲ་རབ་བརྒྱ་རྡུལ་ཕྲ་རབ་ཡིན་པར་ཐལ།  རྡུལ་ཕྲ་རབ་གྲངས་མེད་པ་ཡོད་པ་གང་ཞིག  དེ་དག་རྡུལ་ཕྲ་རབ་ཡིན་པའི་ཕྱིར།
དབྱེ་ཞིབ། 
རྩོད་སྤོང་འདིར་རྡུལ་ཕྲ་རབ་གསུམ་དང་རྡུལ་ཕྲ་རབ་གསུམ་འདུས་པ་གཉིས་ཀྱི་ཁྱད་པར་ལ་དབྱེ་ཞིབ་བྱས་ཡོད།  དབྱེ་ཞིབ་བྱེད་པའི་གོ་རིམ་ཁྲོད་དུ།  རྡུལ་ཕྲ་རབ་གསུམ་འདུས་པ་དང་།  ཡང་ན་རྡུལ་ཕྲ་རབ་བརྒྱ་འདུས་པ་སོགས་ནི་ཚོགས་སྤྱི་ཡིན་ཡང་།  རྡུལ་ཕྲ་རབ་གསུམ་དང་བརྒྱ་སོགས་སྔར་ལྟར་རྡུལ་ཕྲ་རབ་ཡིན་པའི་གནས་ལུགས་གསལ་བཤད་བྱས་ཡོད།

རྩོམ་སྒྲིག་པ།