བསྡུས་གྲྭའི་རྣམ་བཤད་བློ་གསལ་བྱེ་བའི་འཇུག་ངོགས། ། ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་རྣམ་གཞག ས་བཅད་དང་པོ། འགལ་འབྲེལ།
དུས་ཚོད།:2018-8-27  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:794  |   དཔྱད་པ།:0

ལེའུ་གསུམ་པ།  ཤེས་པ་ཡུལ་ལ་ཇི་ལྟར་འཇུག་ཚུལ་གྱི་རྣམ་གཞག
 
ས་བཅད་དང་པོ།  འགལ་འབྲེལ།
དང་པོ།  གཞན་ལུགས་དགག་པ།
རྩོད་སྐོར་དང་པོ།
ཀ  མི་རྟག་པ་དང་ཐ་དད།  མི་རྟག་པ་མེད་ན་ཁྱོད་མེད་དགོས་ན།  ཁྱོད་མི་རྟག་པ་དང་འབྲེལ་བ་ཡིན་པས་ཁྱབ་ཟེར་ན། 
ཁ  རྟག་པ་ཆོས་ཅན།  མི་རྟག་པ་དང་འབྲེལ་བ་ཡིན་པར་ཐལ།  ཁྱོད་མི་རྟག་པ་དང་ཐ་དད།  མི་རྟག་པ་མེད་ན་ཁྱོད་མེད་དགོས་པའི་ཕྱིར།  ཁྱབ་པ་ཁས།  【མི་རྟག་པ་དང་ཐ་དད།  མི་རྟག་པ་མེད་ན་ཁྱོད་མེད་དགོས་ན།  ཁྱོད་མི་རྟག་པ་དང་འབྲེལ་བ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ  རྟགས་ཟུར་དང་པོ་མ་གྲུབ་ན།  【རྟག་པ་མི་རྟག་པ་དང་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  མི་རྟག་པ་དང་ཐ་དད་ཡིན་པར་ཐལ།  མི་རྟག་པ་དང་རང་ལྡོག་ཐ་དད་ཡིན་པའི་ཕྱིར།
ཀ རྟགས་ཟུར་གཉིས་པ་མ་གྲུབ་ན། 【མི་རྟག་པ་མེད་ན་རྟག་པ་མེད་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  མི་རྟག་པ་མེད་ན་ཁྱོད་མེད་དགོས་པར་ཐལ།  མི་རྟག་པ་མེད་ན་གང་དྲན་དྲན་ཡིན་དགོས་པའི་ཕྱིར། 
ཀ  རྩ་བར་འདོད་ན།  【རྟག་པ་དེ་མི་རྟག་པ་དང་འབྲེལ་བ་ཡིན་པར་འདོད་ཟེར་ན།】
ཁ  རྟག་པ་ཆོས་ཅན།  མི་རྟག་པ་དང་འབྲེལ་བ་མ་ཡིན་པར་ཐལ།  མི་རྟག་པ་དང་བདག་གཅིག་འབྲེལ་མ་ཡིན་པ་གང་ཞིག   རྟེན་བྱུང་འབྲེལ་མ་ཡིན་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན།  【རྟག་པ་དེ་མི་རྟག་པ་དང་བདག་གཅིག་འབྲེལ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  མི་རྟག་པ་དང་བདག་གཅིག་འབྲེལ་མ་ཡིན་པར་ཐལ།  མི་རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་མ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【 རྟག་པ་དེ།  མི་རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན།  མི་རྟག་པ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་མ་ཡིན་པར་ཐལ།  མི་རྟག་པ་དང་བདག་ཉིད་གཅིག་མ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན། 【རྟག་པ་དེ།  མི་རྟག་པ་དང་བདག་ཉིད་གཅིག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན།  མི་རྟག་པ་དང་བདག་ཉིད་གཅིག་མ་ཡིན་པར་ཐལ།  མི་རྟག་པ་དང་ངོ་བོ་གཅིག་མ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།  【རྟག་པ་དེ།  མི་རྟག་པ་དང་ངོ་བོ་གཅིག་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན།  མི་རྟག་པ་དང་ངོ་བོ་གཅིག་མ་ཡིན་པར་ཐལ།  ཁྱོད་མི་རྟག་པའི་འགལ་ཟླ་ཡིན་པའི་ཕྱིར།
ཀ རྟགས་གཉིས་པ་མ་གྲུབ་ན། 【རྟག་པ་དེ།  མི་རྟག་པ་དང་རྟེན་བྱུང་འབྲེལ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་ཆོས་ཅན། ཁྱོད་མི་རྟག་པ་དང་རྟེན་བྱུང་འབྲེལ་མ་ཡིན་པར་ཐལ།  ཁྱོད་འདུས་བྱས་མ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན། 【རྟག་པ་དེ།  འདུས་བྱས་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་ཆོས་ཅན།  འདུས་བྱས་མ་ཡིན་པར་ཐལ།  འདུས་མ་བྱས་ཡིན་པའི་ཕྱིར། 
དབྱེ་ཞིབ།
བསྒྲུབ་བྱ། མི་རྟག་པ་དང་ཐ་དད།  མི་རྟག་པ་མེད་ན་ཁྱོད་མེད་དགོས་ན།  ཁྱོད་མི་རྟག་པ་དང་འབྲེལ་བ་ཡིན་པས་མ་ཁྱབ་པ།
དཀའ་གནད། ཁྱོད་ཆོས་དེ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད།  ཆོས་དེ་མེད་ན་ཁྱོད་མེད་དགོས་པ་དང་།  ཁྱོད་ཆོས་དེ་དང་ཐ་དད།  ཆོས་དེ་མེད་ན་ཁྱོད་མེད་དགོས་པ་གཉིས་ཀྱི་ཁྱད་པར།
གཙོ་གནད། རྟག་པ་དེ།  མི་རྟག་པ་དང་འབྲེལ་བ་མིན་ཡང་།  རྟག་པ་དེ།  མི་རྟག་པ་དང་ཐ་དད།  མི་རྟག་པ་མེད་ན་རྟག་པ་མེད་དགོས་པའི་དོན་ཚང་བ།
སྐབས་འདིར་མི་རྟག་པ་མེད་ན་རྟག་པ་མེད་དགོས་ཞེས་པའི་དོན་ནི།  སྤྱིར་མི་རྟག་པ་ཡོད་པ་ཡིན་ལ།  དེ་མེད་ཅེས་བརྗོད་ན།  སྐད་ཆ་དེ་ནི་གང་དྲན་དྲན་ནམ་རྒྱུ་མཚན་ཅི་ཡང་མེད་པ་ཞིག་ཡིན་པས་ན།  རྒྱུ་མཚན་ཅི་ཡང་མེད་པར་མི་རྟག་པ་མེད་པར་ཁས་ལེན་ན།  རྟག་པ་ཡང་མེད་པར་ཁས་བླངས་ཆོག་པའམ་ཁས་ལེན་དགོས་པའི་གནས་ལུགས་བསྟན་ཡོད།
 
རྩོད་སྐོར་གཉིས་པ།
ཀ  ཆོས་དེ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་ན།  ཆོས་དེ་དང་བདག་གཅིག་འབྲེལ་ཡིན་པས་ཁྱབ་ཟེར་ན།
ཁ  སྒྲ་ཆོས་ཅན།  ཁྱོད་དུང་སྒྲ་དང་བདག་གཅིག་འབྲེལ་ཡིན་པར་ཐལ།  ཁྱོད་དུང་སྒྲ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【སྒྲ་དེ།  དུང་སྒྲ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྒྲ་ཆོས་ཅན།  ཁྱོད་དུང་སྒྲ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་པར་ཐལ།  ཁྱོད་དུང་སྒྲ་དང་བདག་ཉིད་གཅིག་ཡིན་པ་གང་ཞིག  ཐ་དད་ཡིན་པའི་ཕྱིར།
ཀ  རྟགས་དང་པོ་མ་གྲུབ་ན། 【སྒྲ་དེ།  དུང་སྒྲ་དང་བདག་ཉིད་གཅིག་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྒྲ་ཆོས་ཅན།  ཁྱོད་དུང་སྒྲ་དང་བདག་ཉིད་གཅིག་ཡིན་པར་ཐལ།  དུང་སྒྲ་ཁྱོད་ཀྱི་བྱེ་བྲག་ཡིན་པའི་ཕྱིར།
ཀ  རྟགས་གཉིས་པ་མ་གྲུབ་ན། 【སྒྲ་དེ།  དུང་སྒྲ་དང་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྒྲ་ཆོས་ཅན།  དུང་སྒྲ་དང་ཐ་དད་ཡིན་པར་ཐལ།  དུང་སྒྲ་དང་ཕན་ཚུན་ཐ་དད་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【སྒྲ་དེ།  དུང་སྒྲ་དང་ཕན་ཚུན་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སྒྲ་ཆོས་ཅན།  ཁྱོད་དུང་སྒྲ་དང་ཕན་ཚུན་ཐ་དད་ཡིན་པར་ཐལ།  ཁྱོད་དུང་སྒྲའི་སྤྱི་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【སྒྲ་དེ།  དུང་སྒྲ་དང་བདག་གཅིག་འབྲེལ་ཡིན་པར་འདོད་ཟེར་ན།】
ཁ སྒྲ་ཆོས་ཅན།  དུང་སྒྲ་དང་བདག་གཅིག་འབྲེལ་མ་ཡིན་པར་ཐལ།  དུང་སྒྲ་མེད་ན་ཁྱོད་མེད་མི་དགོས་པའི་ཕྱིར།
ཀ མ་གྲུབ་ན།  【དུང་སྒྲ་མེད་ན་སྒྲ་མེད་མི་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ འོ་ན།  རྫ་ཆུ་ལྷང་ལྷུང་དུ་འབབ་པའི་དུང་སྒྲའི་དགག་གཞི་ཆོས་ཅན།  སྒྲ་མེད་པར་ཐལ།  དུང་སྒྲ་མེད་པའི་ཕྱིར།  ཁྱབ་པ་ཁས།  【དུང་སྒྲ་མེད་ན་སྒྲ་མེད་དགོས་པ་ཁྱོད་ཀྱིས་ཁས་བླངས་ཟིན་པའི་ཕྱིར།】
ཀ  འདོད་ན། 【རྫ་ཆུ་ལྷང་ལྷུང་དུ་འབབ་པའི་དུང་སྒྲའི་དགག་གཞི་ན་སྒྲ་མེད་པར་འདོད་ཟེར་ན།】
ཁ རྫ་ཆུ་ལྷང་ལྷུང་དུ་འབབ་པའི་དུང་སྒྲའི་དགག་གཞི་ཆོས་ཅན། སྒྲ་ཡོད་པར་ཐལ།  ཆུ་སྒྲ་ཡོད་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  ཆོས་དེ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་ཡིན་ན།  ཆོས་དེ་དང་བདག་གཅིག་འབྲེལ་ཡིན་པས་མ་ཁྱབ་པ།
དཀའ་གནད། ཤེས་བྱ་གང་ཞིག་ཡིན་ཡང་སྤྱི་དེ་རང་གི་བྱེ་བྲག་དང་བདག་ཉིད་གཅིག་ཡིན་ཡང་བདག་གཅིག་འབྲེལ་མ་ཡིན་པའི་ཁྱད་པར།
གཙོ་གནད། སྒྲ་དེ་དུང་སྒྲ་དང་བདག་ཉིད་གཅིག་ཡིན་ཡང་བདག་གཅིག་འབྲེལ་མ་ཡིན་པའི་ཁྱད་པར།
 
རྩོད་སྐོར་གསུམ་པ།
ཀ དུ་བ་མེ་དང་འབྲེལ་བ་དེ་འབྲེལ་བ་ཡིན་ཟེར་ན།
ཁ དུ་བ་མེ་དང་འབྲེལ་བ་ཆོས་ཅན།  འབྲེལ་བ་མ་ཡིན་པར་ཐལ།  བདག་གཅིག་འབྲེལ་མ་ཡིན་པ་གང་ཞིག  རྟེན་བྱུང་འབྲེལ་མ་ཡིན་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན། 【དུ་བ་མེ་དང་འབྲེལ་བ་བདག་གཅིག་འབྲེལ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ དུ་བ་མེ་དང་འབྲེལ་བ་ཆོས་ཅན།  བདག་གཅིག་འབྲེལ་མ་ཡིན་པར་ཐལ།  ཐ་དད་མ་ཡིན་པའི་ཕྱིར།
ཀ མ་ཁྱབ་ན།  【ཐ་དད་མ་ཡིན་ན་བདག་གཅིག་འབྲེལ་མ་ཡིན་པས་མ་ཁྱབ་ཟེར་ན།】
ཁ  ཁྱབ་པ་ཡོད་པར་ཐལ།  【ཐ་དད་མ་ཡིན་ན་བདག་གཅིག་འབྲེལ་མ་ཡིན་པས་ཁྱབ་དགོས་ཏེ།】བདག་གཅིག་འབྲེལ་ཡིན་ན་ཐ་དད་ཡིན་དགོས་པའི་ཕྱིར།
ཀ མ་གྲུབ་ན། 【བདག་གཅིག་འབྲེལ་ཡིན་ན་ཐ་དད་ཡིན་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ བདག་གཅིག་འབྲེལ་ཡིན་ན་ཐ་དད་ཡིན་དགོས་པར་ཐལ།  བདག་གཅིག་འབྲེལ་ཡིན་ན་ཕན་ཚུན་ཐ་དད་ཡིན་དགོས་པའི་ཕྱིར།
ཀ གོང་གི་རྟགས་གཉིས་པ་མ་གྲུབ་ན། 【དུ་བ་མེ་དང་འབྲེལ་བ་དེ་རྟེན་བྱུང་འབྲེལ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ དུ་བ་མེ་དང་འབྲེལ་བ་ཆོས་ཅན།  རྟེན་བྱུང་འབྲེལ་མ་ཡིན་པར་ཐལ།  དངོས་པོ་མ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན།  【དུ་བ་མེ་དང་འབྲེལ་བ་དེ།  དངོས་པོ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ དུ་བ་མེ་དང་འབྲེལ་བ་ཆོས་ཅན།  དངོས་པོ་མ་ཡིན་པར་ཐལ།  རྟག་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【དུ་བ་མེ་དང་འབྲེལ་བ་དེ། རྟག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ དུ་བ་མེ་དང་འབྲེལ་བ་ཆོས་ཅན།  རྟག་པ་ཡིན་པར་ཐལ།  དུ་བ་མེ་དང་ཐ་དད་རྟག་པ་ཡིན་པ་གང་ཞིག  མཚུངས་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  དུ་བ་མེ་དང་འབྲེལ་བ་དེ་འབྲེལ་བ་མ་ཡིན་པ།
དཀའ་གནད། དུ་བ་མེ་དང་འབྲེལ་བ་ཡིན་ཡང་།  དུ་བ་མེ་དང་འབྲེལ་བ་དེ་འབྲེལ་བ་མ་ཡིན་པའི་ཁྱད་པར།
གཙོ་གནད། དུ་བ་མེ་དང་རྟེན་བྱུང་འབྲེལ་ཡིན་ཡང་།  དུ་བ་མེ་དང་འབྲེལ་བ་དེ།  བདག་ཉིད་གཅིག་པའི་འབྲེལ་བ་དང་། བདག་ཉིད་ཐ་དད་པའི་འབྲེལ་བ་སྟེ་རྟེན་བྱུང་འབྲེལ་གྱི་འབྲེལ་བ་གང་མ་ཡིན་ཞིང་རྟག་པ་ཡིན་པའི་ཁྱད་པར།
 
རྩོད་སྐོར་བཞི་པ།
ཀ དངོས་པོ་དང་འགལ་བ་ཡིན་ན།  དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པས་ཁྱབ་ཟེར་ན།
ཁ  ཤེས་བྱ་དང་གཅིག་གི་ལྡོག་པ་ཆོས་ཅན།   དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པར་ཐལ།  དངོས་པོ་དང་འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས།【དངོས་པོ་དང་འགལ་བ་ཡིན་ན།  དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།  【ཤེས་བྱ་དང་གཅིག་གི་ལྡོག་པ་དངོས་པོ་དང་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤེས་བྱ་དང་གཅིག་གི་ལྡོག་པ་ཆོས་ཅན། དངོས་པོ་དང་འགལ་བ་ཡིན་པར་ཐལ།  ཁྱོད་དངོས་པོ་དང་ཐ་དད།  ཁྱོད་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར།
ཀ རྟགས་ཟུར་དང་པོ་མ་གྲུབ་ན། 【ཤེས་བྱ་དང་གཅིག་གི་ལྡོག་པ་དེ། དངོས་པོ་དང་ཐ་དད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤེས་བྱ་དང་གཅིག་གི་ལྡོག་པ་ཆོས་ཅན། དངོས་པོ་དང་ཐ་དད་ཡིན་པར་ཐལ།  ཡོད་པ་གང་ཞིག   དངོས་པོ་དང་གཅིག་མ་ཡིན་པའི་ཕྱིར།
ཀ རྟགས་ཟུར་གཉིས་པ་མ་གྲུབ་ན། 【ཤེས་བྱ་དང་གཅིག་གི་ལྡོག་པ་ཡང་ཡིན།  དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤེས་བྱ་དང་གཅིག་ཆོས་ཅན།  ཁྱོད་ཀྱི་ལྡོག་པ་ཡང་ཡིན།  དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་མེད་པར་ཐལ།  ཁྱོད་རྟག་པ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【ཤེས་བྱ་དང་གཅིག་གི་ལྡོག་པ་དེ།  དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པར་འདོད་ཟེར་ན།】
ཁ ཤེས་བྱ་དང་གཅིག་གི་ལྡོག་པ་ཆོས་ཅན། དངོས་པོ་དང་འགལ་བ་དང་འགལ་བ་མ་ཡིན་པར་ཐལ།  དངོས་པོ་དང་འགལ་བ་དང་མི་འགལ་བ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【ཤེས་བྱ་དང་གཅིག་གི་ལྡོག་པ་དེ། དངོས་པོ་དང་འགལ་བ་དང་མི་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤེས་བྱ་དང་གཅིག་གི་ལྡོག་པ་ཆོས་ཅན།  དངོས་པོ་དང་འགལ་བ་དང་མི་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན།  དངོས་པོ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།
ཀ  མ་གྲུབ་ན། 【ཤེས་བྱ་དང་གཅིག་གི་ལྡོག་པ་ཡང་ཡིན།  དངོས་པོ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤེས་བྱ་དང་གཅིག་གི་ལྡོག་པ་ཆོས་ཅན། ཁྱོད་ཀྱང་ཡིན།  དངོས་པོ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།  ཤེས་བྱ་དང་གཅིག་དེ་དེ་འདྲའི་གཞི་མཐུན་པ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཤེས་བྱ་དང་གཅིག་དེ། ཤེས་བྱ་དང་གཅིག་གི་ལྡོག་པ་ཡང་ཡིན།  དངོས་པོ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤེས་བྱ་དང་གཅིག་ཆོས་ཅན།  ཁྱོད་ཤེས་བྱ་དང་གཅིག་གི་ལྡོག་པ་ཡང་ཡིན།  དངོས་པོ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ། ཁྱོད་ཤེས་བྱ་དང་གཅིག་གི་ལྡོག་པ་གང་ཞིག  དངོས་པོ་དང་འགལ་བ་ཡིན་པའི་ཕྱིར། 
ཀ རྟགས་དང་པོ་མ་གྲུབ་ན། 【ཤེས་བྱ་དང་གཅིག་ཤེས་བྱ་དང་གཅིག་གི་ལྡོག་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤེས་བྱ་དང་གཅིག་ཆོས་ཅན།  ཁྱོད་ཁྱོད་ཀྱི་ལྡོག་པ་ཡིན་པར་ཐལ།  ཁྱོད་གཞི་གྲུབ་པའི་ཕྱིར།
ཀ  རྟགས་གཉིས་པ་མ་གྲུབ་ན།【ཤེས་བྱ་དང་གཅིག་དངོས་པོ་དང་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཤེས་བྱ་ཆོས་ཅན།  ཁྱོད་དང་གཅིག་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་མེད་པར་ཐལ།  ཁྱོད་རྟག་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། དངོས་པོ་དང་འགལ་བ་ཡིན་ན།  དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པས་མ་ཁྱབ་པ།
དཀའ་གནད། དངོས་པོ་དང་འགལ་བ་དང་འགལ་བ་དེ་དངོས་པོ་དང་མི་འགལ་བ་ཡིན་པ་དང་།  དངོས་པོ་དང་འགལ་བ་དང་མི་འགལ་བ་དེ་དངོས་པོ་དང་འགལ་བ་ཡིན་པའི་ཁྱད་པར།
གཙོ་གནད། ཤེས་བྱ་དང་གཅིག་གི་ལྡོག་པ་དེ་དངོས་པོ་དང་འགལ་བ་དང་མི་འགལ་བ་ཡིན་ཡང་།  དངོས་པོ་དང་འགལ་བ་དང་འགལ་བ་མ་ཡིནཔར་ཁྱད་པར།
 
རྩོད་སྐོར་ལྔ་པ།
ཀ དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་ན།  དངོས་པོ་དང་མི་འགལ་བ་ཡིན་པས་ཁྱབ་ཟེར་ན།
ཁ ཡོད་པ་དང་གཅིག་ཆོས་ཅན།  དངོས་པོ་དང་མི་འགལ་བ་ཡིན་པར་ཐལ།  དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས།【དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་ན།  དངོས་པོ་དང་མི་འགལ་བ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【ཡོད་པ་དང་གཅིག་དེ།  དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་དང་གཅིག་ཆོས་ཅན།  དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན།  དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།
ཀ མ་གྲུབ་ན། 【ཡོད་པ་དང་གཅིག་ཀྱང་ཡིན། དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཡོད་པ་དང་གཅིག་ཆོས་ཅན། ཁྱོད་ཀྱང་ཡིན།  དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།  ཡོད་པ་དེ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【ཡོད་པ་དེ།  ཡོད་པ་དང་གཅིག་ཀྱང་ཡིན།  དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།】
 ཁ ཡོད་པ་ཆོས་ཅན།  ཁྱོད་ཡོད་པ་དང་གཅིག་ཀྱང་ཡིན།  དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།  ཁྱོད་ཡོད་པ་དང་གཅིག་ཡིན་པ་གང་ཞིག   དངོས་པོ་དང་མི་འགལ་བ་ཡིན་པའི་ཕྱིར། རྟགས་དང་པོ་སླ།
ཀ གཉིས་པ་པ་གྲུབ་ན།【ཡོད་པ་དངོས་པོ་དང་མི་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན།  ཁྱོད་དངོས་པོ་དང་མི་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར། 
ཀ མ་གྲུབ་ན། 【ཡོད་པ་ཡང་ཡིན།  དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན།  ཁྱོད་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།  རྒྱ་མཚོ་དེ་ཏང་དེ་ཡིན།  ཉ་མོ་དེ་ཡང་དེ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【ཡོད་པ་དང་གཅིག་དེ།  དངོས་པོ་དང་མི་འགལ་བ་ཡིན་པར་འདོད་ཟེར་ན།】
ཁ ཡོད་པ་དང་གཅིག་ཆོས་ཅན།  དངོས་པོ་དང་འགལ་བ་མ་ཡིན་པར་ཐལ།  དངོས་པོ་དང་འགལ་བ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཡོད་པ་དང་གཅིག་དེ།  དངོས་པོ་དང་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན།  ཁྱོད་དང་གཅིག་དངོས་པོ་དང་འགལ་བ་ཡིན་པར་ཐལ།  ཁྱོད་རྟག་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་ན།  དངོས་པོ་དང་མི་འགལ་བ་ཡིན་པས་མ་ཁྱབ་པ།
དཀའ་གནད། ཡོད་པ་དང་གཅིག་དེ། དངོས་པོ་དང་འགལ་བ་ཡིན་ཡང་། ཡོད་པ་དངོས་པོ་དང་འགལ་བ་མ་ཡིན་པའི་ཁྱད་པར།
གཙོ་གནད། ཡོད་པ་དེ།  ཡོད་པ་དང་གཅིག་ཡང་ཡིན། དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་ཡིན་པ།
རྩོད་སྐོར་དྲུག་པ།
ཀ  ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་ན།  རྟག་པ་དང་འགལ་བ་ཡིན་པས་ཁྱབ་ཟེར་ན།
ཁ མ་བྱས་པ་ཆོས་ཅན།  རྟག་པ་དང་འགལ་བ་ཡིན་པར་ཐལ།  ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་ན།  རྟག་པ་དང་འགལ་བ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【མ་བྱས་པ་དེ།  ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  མ་བྱས་པ་ཆོས་ཅན།  ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན།   ཡོད་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།
ཀ  མ་གྲུབ་ན།【མ་བྱས་པ་ཡང་ཡིན།   ཡོད་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ མ་བྱས་པ་ཆོས།  ཁྱོད་ཀྱང་ཡིན་ཡོད་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།  མཚན་མཚོན་གཉིས་དེ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【མ་བྱས་པ་དེ།  རྟག་པ་དང་འགལ་བ་ཡིན་པར་འདོད་ཟེར་ན།】
ཁ མ་བྱས་པ་ཆོས་ཅན།  རྟག་པ་དང་འགལ་བ་མ་ཡིན་པར་ཐལ།  རྟག་པ་དང་མི་འགལ་བ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【མ་བྱས་པ་དེ།  རྟག་པ་དང་མི་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མ་བྱས་པ་ཆོས་ཅན།  རྟག་པ་དང་མི་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན་རྟག་པ་ཡང་ཡིན་པའི་གཞི་མཐུན་པ་དུ་མ་གྲུབ་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་ན།  རྟག་པ་དང་འགལ་བ་ཡིན་པས་མ་ཁྱབ་པ།
དཀའ་གནད།  མ་བྱས་པ་དེ།  ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་པ། 
གཙོ་གནད། མ་བྱས་པ་དེ།  ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་ཡང་ཡིན་པའི་གཞི་མཐུན་པ་ལ་རི་བོང་རྭ་ལྟ་བུ་མེད་པ་ཐམས་ཅད་རུང་ཡིན་པ།
 
རྩོད་སྐོར་བདུན་པ།
ཀ  དངོས་པོ་དང་འགལ་བ་དང་འགལ་བ་ཡིན་ན།  དངོས་པོ་དང་འགལ་བ་ཡིན་པས་ཁྱབ་ཟེར་ན།
ཁ མེའི་ལྡོག་པ་ཆོས་ཅན།  དངོས་པོ་དང་འགལ་བ་ཡིན་པར་ཐལ།  དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། 【དངོས་པོ་དང་འགལ་བ་དང་འགལ་བ་ཡིན་ན།  དངོས་པོ་དང་འགལ་བ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།  【མེའི་ལྡོག་པ་དེ།  དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མེའི་ལྡོག་པ་ཆོས་ཅན།  དངོས་པོ་དང་འགལ་བ་དང་འགལ་བ་ཡིན་པར་ཐལ།  ཁྱོད་དངོས་པོ་དང་འགལ་བ་དང་ཐ་དད།  ཁྱོད་ཀྱང་ཡིན་དངོས་པོ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར། དང་པོ་སླ།
ཀ  རྟགས་ཕྱི་མ་མ་གྲུབ་ན།  【མེའི་ལྡོག་པ་ཡང་ཡིན། དངོས་པོ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་མེད་པ་རྟགས་མ་གྲུབ་ཟེར་ན། 】
ཁ མེ་ཆོས་ཅན། ཁྱོད་ཀྱི་ལྡོག་པ་ཡང་ཡིན།  དངོས་པོ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་མེད་པར་ཐལ།  ཁྱོད་ཀྱི་ལྡོག་པ་ཡིན་ན་མེ་ཡིན་པས་ཁྱབ་པ་གང་ཞིག  མེ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར།
ཀ  རྩ་བར་འདོད་ན། 【མའི་ལྡོག་པ་དེ།  དངོས་པོ་དང་འགལ་བ་ཡིན་པར་འདོད་ཟེར་ན། 】
ཁ མེའི་ལྡོག་པ་ཆོས་ཅན།  དངོས་པོ་དང་འགལ་བ་མ་ཡིན་པར་ཐལ།  དངོས་པོ་དང་མི་འགལ་བ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན།  【མེའི་ལྡོག་པ་དེ།  དངོས་པོ་དང་མི་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན། 】
ཁ མེའི་ལྡོག་པ་ཆོས་ཅན།  དངོས་པོ་དང་མི་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར་ཏེ།  མེ་དེ་དེ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། དངོས་པོ་དང་འགལ་བ་དང་འགལ་བ་ཡིན་ན།  དངོས་པོ་དང་འགལ་བ་ཡིན་པས་མ་ཁྱབ་པ།
དཀའ་གནད། ཁྱོད་དངོས་པོ་འགལ་བ་དང་ཐ་དད།  ཁྱོད་ཀྱང་ཡིན་དངོས་པོ་དང་འགལ་བའང་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ། དངོས་པོ་དང་འགལ་བ་དང་འགལ་བའི་མཚན་ཉིད།
གཙོ་གནད། མེའི་ལྡོག་པ་དེ་དངོས་པོ་དང་འགལ་བ་དང་འགལ་བ་ཡིན་ཡིན་ལ།  དངོས་པོ་དང་འགལ་བ་མ་ཡིན་པའི་ཁྱད་པར།
 
རྩོད་སྐོར་བརྒྱད་པ།
ཀ དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་ན།  དངོས་པོ་དང་མི་འགལ་བ་ཡིན་པས་ཁྱབ་ཟེར་ན།
ཁ ཡོད་པ་དང་གཅིག་ཆོས་ཅན།  དངོས་དང་མི་འགལ་བ་ཡིན་པར་ཐལ།  དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་ཕྱིར།  ཁྱབ་པ་ཁས།  【དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་ན།  དངོས་པོ་དང་མི་འགལ་བ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【ཡོད་པ་དང་གཅིག་དེ།  དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་པ་རྟགས་གྲུབ་ཟེར་ན།】
ཁ  ཡོད་པ་དང་གཅིག་ཆོས་ཅན།  དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན་དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།
ཀ མ་གྲུབ་ན། 【ཡོད་པ་དང་གཅིག་ཀྱང་ཡིན།  དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཡོད་པ་དང་གཅིག་ཆོས་ཅན།   ཁྱོད་ཀྱང་ཡིན་དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།  ཡོད་པ་དེ་ཡིན་པའི་ཕྱིར།
ཀ མ་གྲུབ་ན།  【ཡོད་པ་དེ་ཡོད་པ་དང་གཅིག་ཀྱང་ཡིན། དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན།  ཁྱོད་ཡོད་པ་དང་གཅིག་ཀྱང་དངོས་པོ་དང་མི་འག་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།  ཁྱོད་ཡོད་པ་དང་གཅིག་ཡིན་པ་གང་ཞིག  དངོས་པོ་དང་མི་འགལ་བ་ཡིན་པའི་ཕྱིར། རྟགས་དང་པོ་སླ།
ཀ  གཉིས་པ་མ་གྲུབ་ན།  【དངོས་པོ་དང་མི་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན།  དངོས་པོ་དང་མི་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།
ཀ  མ་གྲུབ་ན།  【ཡོད་པ་ཡང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན།  ཁྱོད་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ། 
ལག་པ་དེ་དེ་ཡིན།  རྐང་པ་དེ་དེ་ཡང་ཡིན།
ཀ རྩ་བར་འདོད་ན། 【ཡོད་པ་དང་གཅིག་དེ།  དངོས་དང་མི་འགལ་བ་ཡིན་པར་འདོད་ཟེར་ན།】
ཁ  ཡོད་པ་དང་གཅིག་ཆོས་ཅན། དངོས་པོ་དང་མི་འགལ་བ་མ་ཡིན་པར་ཐལ།  དངོས་པོ་དང་འགལ་བ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【ཡོད་པ་དང་གཅིག་དངོས་དང་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་དང་གཅིག་ཆོས་ཅན།  དངོས་པོ་དང་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར།
ཀ མ་གྲུབ་ན།  【ཡོད་པ་དང་གཅིག་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ ཡོད་པ་ཆོས་ཅན།  ཁྱོད་དང་གཅིག་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་མེད་པར་ཐལ།  ཁྱོད་རྟག་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།【དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་ན།  དངོས་པོ་དང་མི་འགལ་བ་ཡིན་པས་མ་ཁྱབ་པ།】
དཀའ་གནད། ཡོད་པ་གཅིག་དེ་དངོས་པོ་དང་མི་འགལ་བ་མིན་ཡང་དངོས་པོ་མི་འགལ་བ་དང་མི་འགལ་བ་ཡིན་པའི་རྒྱུ་མཚན།
ཡོད་པ་དང་གཅིག་ཀྱང་ཡིན་དངོས་པོ་ཡང་ཡིན་པའི་གཞི་མཐུན་པ་ཞིག་མེད་པས་ཡོད་པ་དང་གཅིག་དེ་དངོས་པོ་དང་འགལ་བ་ཡིན།  དེའི་རྒྱུ་མཚན་ནི།  ཡོད་པ་དང་གཅིག་ཡིན་ན་ཡོད་པ་ཉིད་ཡིན་ལ་སྤྱིར་ཡོད་པ་ནི་རྟག་པ་ཡིན་པ་དང་།  ཡོད་པའི་བྱེ་བྲག་རི་བོ་དང་དང་ཁང་པ་སོགས་ནི་ཡོད་པ་ཡིན་ཡང་ཡོད་པ་དང་གཅིག་མ་ཡིན་ནོ། །ཡོད་པ་དང་གཅིག་དེ་དངོས་པོ་མི་འགལ་བ་དང་མི་འགལ་བ་ཡིན་པའི་རྒྱུ་མཚན་ནི།  ཡོད་པ་དང་གཅིག་ཡང་ཡིན་དངོས་པོ་དང་མི་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་ལ་ཐུག་ཡོད།  དེ་འདྲའི་གཞི་མཐུན་ལ་ཡོད་པ་དེ་བཞག་ཆོག་སྟེ། ཡོད་པ་ནི་ཡོད་པ་དང་གཅིག་ཀྱང་ཡིན་ལ་དངོས་པོ་དང་མི་གའལ་བའང་ཡིན་ནོ། །
གཙོ་གནད། ཡོད་པ་དང་གཅིག་དེ་དངོས་པོ་དང་མི་འགལ་བ་དང་མི་འགལ་བ་ཡིན་པའི་རྒྱུ་མཚན།
 
རྩོད་སྐོར་དགུ་པ།
ཀ ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་ན།  རྟག་པ་དང་འགལ་བ་ཡིན་པས་ཁྱབ་ཟེར་ན། 
ཁ མ་བྱས་པ་ཆོས་ཅན།  རྟག་པ་དང་འགལ་བ་ཡིན་པར་ཐལ།  ཡོད་པ་དང་འགལ་བ་མི་འགལ་བ་ཡིན་པའི་ཕྱིར།  ཁྱབ་པ་ཁས། 【ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་ན།  རྟག་པ་དང་འགལ་བ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】 
ཀ མ་གྲུབ་ན། 【མ་བྱས་པ་དེ། ཡོད་པ་དང་འགལ་བ་མི་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མ་བྱས་པ་ཆོས་ཅན།  ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན་ཡོད་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པའི་ཕྱིར།
ཀ  མ་གྲུབ་ན། 【མ་བྱས་པ་ཡང་ཡིན་ཡོད་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་རྟགས་མ་གྲུབ་ཟེར་ན།】
ཁ མ་བྱས་པ་ཆོས་ཅན།  ཁྱོད་ཀྱང་ཡིན་ཡོད་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པར་ཐལ།  མཚན་མཚོན་གཉིས་དེ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【མཚན་མཚོན་གཉིས་དེ།  མ་བྱས་པ་ཡང་ཡིན་ཡོད་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མཚན་མཚོན་གཉིས་ཆོས་ཅན། མ་བྱས་པ་ཡང་ཡིན་ཡོད་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།  མ་བྱས་པ་ཡིན་པ་གང་ཞིག   ཡོད་པ་དང་འགལ་བ་ཡིན་པའི་ཕྱིར།  རྟགས་དང་པོ་སླ།
ཀ གཉིས་པ་མ་གྲུབ་ན།  【མཚན་མཚོན་གཉིས་ཡོད་པ་དང་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ མཚན་མཚོན་གཉིས་ཆོས་ཅན།  ཡོད་པ་དང་འགལ་བ་ཡིན་པར་ཐལ།  ཁྱོད་ཀྱང་ཡིན་ཡོད་པ་ཡང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར་ཏེ།  ཁྱོད་ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【མ་བྱས་པ་རྟག་པ་དང་འགལ་བ་ཡིན་པར་འདོད་ཟེར་ན།】
ཁ མ་བྱས་པ་ཆོས་ཅན།  རྟག་པ་དང་འགལ་བ་མ་ཡིན་པར་ཐལ།  རྟག་པ་དང་མི་འགལ་བ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【མ་བྱས་པ་རྟག་པ་དང་མི་འགལ་བ་ཡིན་པ་རྟག་མ་གྲུབ་ཟེར་ན།】
ཁ  མ་བྱས་པ་ཆོས་ཅན།  རྟག་པ་དང་མི་འགལ་བ་ཡིན་པར་ཐལ།  ཁྱོད་དང་རྟག་པའི་གཞི་མཐུན་ཡོད་པའི་ཕྱིར་ཏེ།  ནམ་མཁའ་དེ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་ན།  རྟག་པ་དང་འགལ་བ་ཡིན་པས་མ་ཁྱབ་པ། 
དཀའ་གནད། མ་བྱས་པ་དེ། ཡོད་པ་དང་འགལ་བ་དང་མི་འགལ་བ་ཡིན་པ།
        དེ་ཡང་ཡིན་ཏེ།  མ་བྱས་པ་ཡང་ཡིན།  ཡོད་པ་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པས་སོ། །  
གཙོ་གནད། མཚན་མཚོན་གཉིས་ཡོད་དང་འགལ་བ་ཡིན་པ།
སྤྱིར་མཚན་མཚོན་གཉིས་ཡོད་པ་ཡིན་ཡང་། ཡོད་པ་དང་འགལ་བ་ཡིན།  མཚན་མཚོན་གཉིས་ཡོད་པ་ཡིན་ཏེ། ཡིན་པ་མི་སྲིད་པའི་ཤེས་བྱ་ཡིན་པའི་ཕྱིར། ཡོད་པ་དང་འགལ་བ་ཡིན་ནི།  མཚན་མཚོན་གཉིས་ཀྱང་ཡིན་ཡོད་པ་ཡང་ཡིན་པའི་གཞི་མཐུན་པ་མེད་པའི་ཕྱིར་ཏེ།  མཚན་མཚོན་གཉིས་ཡིན་པ་ཞིག་མེད་པའི་ཕྱིར་ཏེ།  མཚན་ཉིད་ཡིན་ན་མཚོན་བྱ་མ་ཡིན་པས་ཁྱབ།  མཚོན་བྱ་ཡིན་མཚན་ཉིད་མ་ཡིན་པས་ཁྱབ་པའི་ཕྱིར་རོ། །
 
རྩོད་སྐོར་བཅུ་པ།
ཀ འགལ་བ་ཡིན་ན་དངོས་འགལ་གཉིས་པོ་གང་རུང་ཡིན་པས་ཁྱབ་ཟེར་ན།
ཁ ཁ་དང་སྣ་གཉིས་ཆོས་ཅན།  དངོས་འགལ་བ་གཉིས་པོ་གང་རུང་ཡིན་པར་ཐལ།  འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། 【འགལ་བ་ཡིན་ན་དངོས་འགལ་གཉིས་པོ་གང་རུང་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【ཁ་དང་སྣ་གཉིས་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཁ་དང་སྣ་གཉིས་ཆོས་ཅན།  འགལ་བ་ཡིན་པར་ཐལ།  ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཆོས་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན།【ཁ་དང་སྣ་གཉིས་དངོས་འགལ་བ་གཉིས་པོ་གང་རུང་ཡིན་པར་འདོད་ཟེར་ན།】
ཁ ཁ་དང་སྣ་གཉིས་ཆོས་ཅན།  དངོས་འགལ་བ་གཉིས་པོ་གང་རུང་མ་ཡིན་པར་ཐལ།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་མ་ཡིན་པ་གང་ཞིག  ཕན་ཚུན་སྤངས་འགལ་གྱི་འགལ་གྱི་དངོས་འགལ་མ་ཡིན་པའི་ཕྱིར། 
ཀ   རྟགས་དང་པོ་མ་གྲུབ་ན། 【ཁ་དང་སྣ་གཉིས་ལྷན་ཅིག་མི་གནས་འགལ་དངོས་འགལ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཁ་དང་སྣ་གཉིས་ཆོས་ཅན།  དངོས་སུ་གནོད་བྱ་གནོད་བྱེད་ཡིན་པར་ཐལ། ལྷན་ཅིག་གནས་འགལ་གྱི་དངོས་འགལ་མ་ཡིན་པའི་ཕྱིར།  རྟགས་ཁས། 【ཁ་དང་སྣ་གཉིས་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པ་ཁས་བླངས་ཟིན།】
ཀ འདོད་ན།  【ཁ་དང་སྣ་གཉིས་དངོས་སུ་གནོད་བྱ་གནོད་བྱེད་ཡིན་པར་ཡིན་པར་འདོད་ཟེར་ན།】
ཁ ཁ་དང་སྣ་གཉིས་ཆོས་ཅན།  དངོས་སུ་གནོད་བྱ་གནོད་བྱེད་མ་ཡིན་པར་ཐལ།  ཁས་སྣ་ལ་དངོས་སུ་མི་གནོད་པ་གང་ཞིག  སྣས་ཁ་ལ་དངོས་སུ་མི་གནོད་པའི་ཕྱིར།
ཀ གོང་གི་རྟགས་གཉིས་པ་མ་གྲུབ་ན། 【ཁ་དང་སྣ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཁ་དང་སྣ་གཉིས་ཆོས།  ཕན་ཚུན་གཅིག་ཡིན་པ་རྣམ་པར་བཅད་པས་ཅིག་ཤོས་ཡིན་པ་གོ་ནུས་པར་ཐལ།  ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར།  རྟགས་ཁས། 【ཁ་དང་སྣ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པ་ཁས་བླངས་ཟིན།】
ཀ འདོད་ན།  【ཕན་ཚུན་གཅིག་ཡིན་པ་རྣམ་པར་བཅད་པས་ཅིག་ཤོས་ཡིན་པ་གོ་ནུས་པར་འདོད་ཟེར་ན།】
ཁ འོ་ན།  ལག་པ་ཆོས་ཅན།  སྣ་ཡིན་པར་ཐལ།  ཁ་མ་ཡིན་པའི་ཕྱིར།
ཀ མ་ཁྱབ་ན། 【ཁ་མ་ཡིན་ན་སྣ་ཡིན་པས་མ་ཁྱབ་ཟེར་ན།】
ཁ ཁྱབ་པ་ཡོད་པར་ཐལ། 【ཁ་མ་ཡིན་ན་སྣ་ཡིན་པས་ཁྱབ་པར་ཐལ།】   ཁ་ཡིན་པ་རྣམ་པར་བཅད་པ་སྟེ་བདགག་སྟོབས་ཀྱིས་སྣ་ཡིན་པར་གོ་དགོས་དགོས་ཏེ། དེ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར།  རྟགས་ཁས། 【ཁ་དང་སྣ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པ་ཁས་བླངས་ཟིན།】
དབྱེ་ཞིབ།
བསྒྲུབ་བྱ། འགལ་བ་ཡིན་ན་དངོས་འགལ་གཉིས་པོ་གང་རུང་ཡིན་པས་མ་ཁྱབ་པ།
དཀའ་གནད། ལྷན་ཅིག་མི་གནས་འགལ་དང་ཕན་ཚུན་སྤངས་འགལ་གཉིས་ཀྱི་ཁྱད་པར་དང་ཁྱད་ཆོས་གཙོ་བོ།
གཙོ་གནད། ཁ་དང་སྣ་གཉིས་ཕན་ཚུན་སྤངས་འགལ་ཡིན་ཡང་།  ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དང་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་མ་ཡིན་པའི་ཁྱད་པར།
 
རྩོད་སྐོར་བཅུ་གཅིག་པ།
ཀ ཕན་ཚུན་སྤངས་འགལ་ཡང་ཡིན། གནོད་བྱ་གནོད་བྱེད་ཀྱི་དངོས་འགལ་ཡང་ཡིན་པའི་གཞི་མཐུན་པ་ཡིན་ན།  ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པས་ཁྱབ་ཟེར་ན།
ཁ སྣང་བ་དང་མུན་པ་གཉིས་ཆོས་ཅན།  ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པར་ཐལ། ཕན་ཚུན་སྤངས་འགལ་ཡང་ཡིན། གནོད་བྱ་གནོད་བྱེད་ཀྱི་དངོས་འགལ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པའི་ཕྱིར། ཁྱབ་པ་ཁས། 【ཕན་ཚུན་སྤངས་འགལ་ཡང་ཡིན། གནོད་བྱ་གནོད་བྱེད་ཀྱི་དངོས་འགལ་ཡང་ཡིན་པའི་གཞི་མཐུན་པ་ཡིན་ན།  ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པས་ཁྱབ་པ་ཁས་བླངས་ཟིན་པའི་ཕྱིར།】
ཀ མ་གྲུབ་ན།  【སྣང་བ་དང་མུན་པ་གཉིས་ཕན་ཚུན་སྤངས་འགལ་ཡང་ཡིན། གནོད་བྱ་གནོད་བྱེད་ཀྱི་དངོས་འགལ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྣང་བ་དང་མུན་པ་གཉིས་ཆོས་ཅན།  ཕན་ཚུན་སྤངས་འགལ་ཡང་ཡིན། གནོད་བྱ་གནོད་བྱེད་ཀྱི་དངོས་འགལ་ཡང་ཡིན་པའི་གཞི་མཐུན་པ་ཡིན་པར་ཐལ།   ཕན་ཚུན་སྤངས་འགལ་ཡིན་པ་གང་ཞིག  གནོད་བྱ་གནོད་བྱེད་ཀྱི་དངོས་འགལ་ཡང་ཡིན་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན། 【སྣང་བ་དང་མུན་པ་གཉིས་ཕན་ཚུན་སྤངས་འགལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྣང་བ་དང་མུན་པ་གཉིས་ཆོས་ཅན།  ཕན་ཚུན་སྤངས་འགལ་ཡིན་པར་ཐལ།  འགལ་བ་ཡིན་པའི་ཕྱིར།  ཁྱབ་སྟེ། 【འགལ་བ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ་དགོས་ཏེ།】འགལ་བ་དང་ཕན་ཚུན་སྤངས་འགལ་གཉིས་དོན་གཅིག་ཡིན་པའི་ཕྱིར།
ཀ  གོང་གི་རྟགས་གཉིས་པ་མ་གྲུབ་ན། 【སྣང་བ་དང་མུན་པ་གཉིས་གནོད་བྱ་གནོད་བྱེད་ཀྱི་དངོས་འགལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྣང་བ་དང་མུན་པ་གཉིས་ཆོས་ཅན།  གནོད་བྱ་གནོད་བྱེད་ཀྱི་དངོས་འགལ་ཡིན་པར་ཐལ།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【སྣང་བ་དང་མུན་པ་གཉིས་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  སྣང་བ་དང་མུན་པ་གཉིས་ཆོས་ཅན།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་ཐལ།  དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【སྣང་བ་དང་མུན་པ་གཉིས།  དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ སྣང་བ་དང་མུན་པ་གཉིས་ཆོས་ཅན། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་ཡིན་པར་ཐལ།  སྣང་བ་དང་མུན་པ་གཉིས་དངོས་སུ་གནོད་བྱ་གནོད་བྱེད་ཡིན་པ་གང་ཞིག  སྣང་བ་སྐྱེས་པ་ལ་མངོན་དུ་ཕྱོགས་པ་དང་མུན་པ་འཇིག་པ་ལ་མངོན་དུ་ཕྱོགས་པ་གཉིས་དུས་མཉམ།  སྣང་བ་སྐྱེས་ཟིན་པ་དང་མུན་པ་འཇིག་ཟིན་པ་གཉིས་དུས་མཉམ་པ་མངོན་སུམ་དུ་གྲུབ་པའི་ཕྱིར།
ཀ རྩ་བར་འདོད་ན། 【སྣང་བ་དང་མུན་པ་གཉིས་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པར་འདོད་ཟེར་ན།】
ཁ སྣང་བ་དང་མུན་པ་གཉིས་ཆོས་ཅན། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་འགལ་བ་ཡིན་པར་ཐལ།  ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར།  རྟགས་ཁས། 【སྣང་བ་དང་མུན་པ་གཉིས།  ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པ་ཁས་བླངས་ཟིན་པའི་ཕྱིར།】
ཀ འདོད་ན།  【སྣང་བ་དང་མུན་པ་གཉིས། རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་འགལ་བ་ཡིན་པར་འདོད་ཟེར་ན།】
ཁ འོ་ན།  དེ་གཉིས་གང་རུང་མ་ཡིན་པའི་ཕུང་གསུམ་པ་མི་སྲིད་པར་ཐལ།  དེ་གཉིས་རྣམ་བཅད་ཡོངས་གཅོད་ཀྱི་སྒོ་ནས་དངོས་སུ་འགལ་བ་ཡིན་པའི་ཕྱིར། འདོད་མི་ནུས་ཏེ། 【སྣང་བ་དང་མུན་པ་གཉིས་གང་རུང་མ་ཡིན་པའི་ཕུང་གསུམ་པ་མི་སྲིད་པར་འདོད་མི་ནུས་ཏེ།】 ཞོ་དང་།  འོ་མ།  རྩམ་པ་སོགས་དེ་གཉིས་གང་རུང་མ་ཡིན་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཕན་ཚུན་སྤངས་འགལ་ཡང་ཡིན། གནོད་བྱ་གནོད་བྱེད་ཀྱི་དངོས་འགལ་ཡང་ཡིན་པའི་གཞི་མཐུན་པ་ཡིན་ན།  ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་པས་མ་ཁྱབ་པ།
དཀའ་གནད།  ཕན་ཚུན་སྤངས་འགལ་གྱི་དངོས་འགལ་གྱི་གོ་དོན།
ཕན་ཚུན་སྤངས་འགལ་གྱི་དངོས་འགལ་ཡིན་ན་ཆོས་དེ་གཉིས་འགལ་བ་ཡིན་དགོས་པར་མ་ཟད།  ཆོས་དེ་གཉིས་གང་རུང་མ་ཡིན་པའི་ཕུང་གསུམ་པ་མེད་དགོས་པ་དེ་ཕན་ཚུན་སྤངས་འགལ་གྱི་གོ་དོན་གཙོ་བོ་ཡིན།
གཙོ་གནད། སྣང་བ་དང་མུན་པ་གཉིས་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་དང་ཕན་ཚུན་སྤངས་འགལ་སོགས་ཡིན་ཡང་།  ཕན་ཚུན་སྤངས་འགལ་གྱི་དངོས་འགལ་མ་ཡིན་པའི་ཁྱད་པར།
 
རྩོད་སྐོར་བཅུ་གཉིས་པ།
ཀ ལྷན་ཅིག་མི་གནས་འགལ་ཡིན་ན།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པས་ཁྱབ་ཟེར་ན།
ཁ དུ་བ་སྟོབས་ཆེན་དང་གྲང་རེག་སྟོབས་ཆེན་གཉིས་ཆོས་ཅན།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་ཐལ།  ལྷན་ཅིག་མི་གནས་འགལ་ཡིན་ཡིན་པའི་ཕྱིར། ཁྱབ་པ་ཁས། 【ལྷན་ཅིག་མི་གནས་འགལ་ཡིན་ན།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པས་ཁྱབ་པ་ཁས་བླངས་ཟིན་པའི་ཕྱིར།】
ཀ མ་གྲུབ་ན། 【དུ་བ་སྟོབས་ཆེན་དང་གྲང་རེག་སྟོབས་ཆེན་གཉིས་ལྷན་ཅིག་མི་གནས་འགལ་ཡིན་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ དུ་བ་སྟོབས་ཆེན་དང་གྲང་རེག་སྟོབས་ཆེན་གཉིས་ཆོས་ཅན།  ལྷན་ཅིག་མི་གནས་འགལ་ཡིན་ཡིན་པར་ཐལ།  བྱེད་ལས་འགལ་བའི་སྟོབས་ཀྱིས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་བའི་དངོས་པོ་ཡིན་པའི་ཕྱིར།
ཀ རྩ་བར་འདོད་ན། 【དུ་བ་སྟོབས་ཆེན་དང་གྲང་རེག་སྟོབས་ཆེན་གཉིས་ཆོས་ཅན།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་འདོད་ཟེར་ན།】
ཁ དུ་བ་སྟོབས་ཆེན་དང་གྲང་རེག་སྟོབས་ཆེན་གཉིས་ཆོས་ཅན།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་མ་ཡིན་པར་ཐལ།  ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན་པའི་ཕྱིར། 
ཀ མ་གྲུབ་ན། 【དུ་བ་སྟོབས་ཆེན་དང་གྲང་རེག་སྟོབས་ཆེན་གཉིས་ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ དུ་བ་སྟོབས་ཆེན་དང་གྲང་རེག་སྟོབས་ཆེན་གཉིས་ཆོས་ཅན།  ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན་པར་ཐལ། དུ་བ་སྟོབས་ཆེན་གྱིས་ཚ་རེག་བསྐྱེད་པ་ལ་བརྟེན་ནས།  ཚ་རེག་གིས་གྲང་རེག་ལ་དངོས་སུ་གནོད་པས་ན།  དུ་བ་སྟོབས་ཆེན་གྱིས་གྲང་རེག་སྟོབས་ཆེན་ལ་གནོད་པའི་ཚེ།  བར་དུ་ཚ་རེག་བརྒྱུད་ཡོད་པས་ན་དེ་གཉིས་ཀྱི་འགལ་བ་དེ་ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན་པ་ཤིན་གསལ་བའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ལྷན་ཅིག་མི་གནས་འགལ་ཡིན་ན།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པས་མ་ཁྱབ་པ།
དཀའ་གནད།  ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་གྱི་གོ་དོན།
སྤྱིར་ལྷན་ཅིག་མི་གནས་འགལ་ནི། དངོས་པོ་གཉིས་བར་གྱི་གནོད་བྱ་གནོད་བྱེད་ལ་གོ་དགོས་ཤིང་།  ལྷན་ཅིག་མི་འགལ་གྱི་བརྒྱུད་འགལ་ཡིན་ན།  གཅིག་གིས་ཅིག་ཤོས་ལ་གནོད་ཚེ་ཐད་ཀར་མི་གནོད་པར་བརྒྱུད་ནས་གནོད་པ་ལ་གོ་དགོས།
གཙོ་གནད། དུ་བ་སྟོབས་ཆེན་གྱིས་གྲང་རེག་ལ་བརྒྱུད་ནས་གནོད་པའི་ཚུལ།
དུ་བ་སྟོབས་ཆེན་གྱིས་གྲང་རེག་སྟོབས་ཆེན་ལ་གནོད་པའི་ཚེ།  ཐད་ཀར་མི་གནོད་པར་དུ་བ་སྟོབས་ཆེན་གྱིས་ཚ་རེག་བསྐྱེད་པ་ལ་བརྟེན་ནས་ཚ་རེག་གིས་གྲང་རེག་ལ་དངོས་སུ་གནོད་པའི་དོན་ཁོང་དུ་ཆུད་པར་བྱའོ། །
 
རྩོད་སྐོར་བཅུ་གསུམ་པ།
ཀ ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ན།  ལྷན་ཅིག་ཏུ་གནས་མི་སྲིད་པས་ཁྱབ་ཟེར་ན།
ཁ  ཚ་རེག་དང་གྲང་རེག་གཉིས་ཆོས་ཅན། ལྷན་ཅིག་ཏུ་གནས་མི་སྲིད་པར་པར་ཐལ། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར། ཁྱབ་པ་ཁས། 【ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ན།  ལྷན་ཅིག་ཏུ་གནས་མི་སྲིད་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན།【ཚ་རེག་དང་གྲང་རེག་གཉིས་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཚ་རེག་དང་གྲང་རེག་གཉིས་ཆོས་ཅན། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པར་ཐལ། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་པའི་དངོས་པོ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【ཚ་རེག་དང་གྲང་རེག་གཉིས། དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་པའི་དངོས་པོ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཚ་རེག་དང་གྲང་རེག་གཉིས་ཆོས་ཅན།  དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་པའི་དངོས་པོ་ཡིན་པར་ཐལ། དངོས་སུ་གནོད་བྱ་གནོད་བྱེད་ཡིན་པ་གང་ཞིག རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་པའི་དངོས་པོ་ཡིན་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན། 【ཚ་རེག་དང་གྲང་རེག་གཉིས་དངོས་སུ་གནོད་བྱ་གནོད་བྱེད་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  ཚ་རེག་དང་གྲང་རེག་གཉིས་ཆོས་ཅན། དངོས་སུ་གནོད་བྱ་གནོད་བྱེད་ཡིན་པར་ཐལ།
ཚ་རེག་དེ་གྲང་རེག་གི་དངོས་སུ་གནོད་བྱེད་དང་།  གྲང་རེག་དེ་ཚ་རེག་གི་དངོས་སུ་གནོད་བྱ་ཡིན་པའི་ཕྱིར།
ཀ གོང་གི་རྟགས་གཉིས་པ་མ་གྲུབ་ན། 【རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་པའི་དངོས་པོ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ ཚ་རེག་དང་གྲང་རེག་གཉིས་ཆོས་ཅན། རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་པའི་དངོས་པོ་ཡིན་པར་ཐལ།  དེ་གཉིས་འཕྲད་པའི་ཚེ་ཚ་རེག་གིས་གྲང་རེག་གི་རྒྱུན་གཅོད་པར་བྱེད་པའི་ཕྱིར།
ཀ རྩ་བར་འདོད་ན། 【ཚ་རེག་དང་གྲང་རེག་གཉིས་ལྷན་ཅིག་ཏུ་གནས་མི་སྲིད་པར་འདོད་ཟེར་ན།】
ཁ  ཚ་རེག་དང་གྲང་རེག་གཉིས་ཆོས་ཅན།  ལྷན་ཅིག་ཏུ་གནས་མི་སྲིད་པར་ཐལ། ཚ་རེག་གིས་གྲང་རེག་གི་རྒྱུན་གཅོད་པར་བྱེད་པ་ལ་ཅི་ཙམ་མྱུར་ཡང་སྐད་ཅིག་གསུམ་གྱི་ཡུན་དགོས་པ་གང་ཞིག  དེའི་ཡུན་ལ་དེ་གཉིས་ལྷན་གཅིག་ཏུ་གནས་པ་ཡོད་པའི་ཕྱིར།
ཀ རྟགས་དང་པོ་མ་གྲུབ་ན། 【ཚ་རེག་གིས་གྲང་རེག་གི་རྒྱུན་གཅོད་པར་བྱེད་པ་ལ་ཅི་ཙམ་མྱུར་ཡང་སྐད་ཅིག་གསུམ་གྱི་ཡུན་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ ཚ་རེག་ཆོས་ཅན།  ཁྱོད་ཀྱིས་གྲང་རེག་གི་རྒྱུན་གཅོད་པར་བྱེད་པ་ལ་ཅི་ཙམ་མྱུར་ཡང་སྐད་ཅིག་གསུམ་གྱི་ཡུན་དགོས་པར་ཐལ།  ཚ་རེག་དང་གྲང་རེག་གཉིས་འཕྲད་པའི་ཚེ། ཚ་རེག་སྐད་ཅིག་དང་པོས་གྲང་རེག་སྐད་ཅིག་གཉིས་པ་རང་འབྲས་ཕྱི་མ་བསྐྱེད་པར་ནུས་མེད་དུ་བྱས་པའི་སྒོ་ནས་སྐད་ཅིག་གསུམ་པ་ལ་གྲང་རེག་གི་རྒྱུན་གཅོད་པར་བྱེད་པ་ཡིན་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ན།  ལྷན་ཅིག་ཏུ་གནས་མི་སྲིད་པས་མ་ཁྱབ་པ།
དཀའ་གནད། དངོས་པོ་གང་ཞིག་ཡིན་ཡང་དེའི་བྱེད་ལས་སམ་ནུས་པའི་ཆ་ནས་ཕན་ཚུན་གནོད་བྱ་གནོད་བྱེད་ཡིན་ན། ནུས་པ་མཚུངས་པའི་སྒོ་ནས་རྒྱུན་འགྲོགས་སུ་མི་རུང་པ་ནི། དངོས་པོའི་རང་བཞིན་ནམ་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པ། དཔེར་ན། ཚ་གྲང་གཉིས་དང་སྙིང་རྗེ་དང་ཞེ་སྡང་གཉིས་ལྟ་བུའོ། །
གཙོ་གནད། ཚ་རེག་དང་གྲང་རེག་གཉིས་དུས་དང་པོར་འཕྲད།  འཕྲད་པའི་ཚེ་དུས་མཉམ་དུ་གནས་ཡོད་ཀྱང་ནུས་པ་ལ་ཆེ་ཆུང་ཡོད་པ།
ཚ་རེག་དང་གྲང་རེག་གཉིས་དུས་དང་པོར་འཕྲད་པའི་ཚེ་དུས་མཉམ་དུ་གནས་ཡོད་ཀྱང་སྐབས་དེར་ཚ་གྲང་གཉིས་ཀྱི་ནུས་པ་ལ་ཆེ་ཆུང་ཡོད། དཔེར་ན། ང་ཚོ་སྡོད་པའི་ཁང་པའི་ནང་དུ་ཚ་གྲང་གཉིས་ཀ་ཡོད་ཀྱང་། ཚ་བ་ཆེ་བའི་དུས་སུ་གྲང་བ་ཡོད་ཀྱང་ཤུགས་ཆུང་བ་དང་།  གྲང་བ་ཆེ་བའི་དུས་སུ་ཚ་བ་ཡོད་ཀྱང་ཤུགས་ཆུང་བ་ལྟ་བུའོ། །
 
རྩོད་སྐོར་བཅུ་བཞི་པ།
ཀ  ཕུང་སུམ་མི་སྲིད་པའི་འགལ་བ་ཡིན་ན།  དངོས་འགལ་ཡིན་པས་ཁྱབ་ཟེར་ན།
ཁ རྟག་པ་དང་བྱས་པ་གཉིས་ཆོས་ཅན།  དངོས་འགལ་ཡིན་པར་ཐལ།  ཕུང་གསུམ་མི་སྲིད་པའི་འགལ་བ་ཡིན་པའི་ཕྱིར། ཁྱབ་པ་ཁས། 【ཕུང་སུམ་མི་སྲིད་པའི་འགལ་བ་ཡིན་ན། དངོས་འགལ་ཡིན་པས་ཁྱབ་པ་ཁས་བླངས་ཟིན།】
ཀ མ་གྲུབ་ན། 【རྟག་པ་དང་བྱས་པ་གཉིས་ཕུང་གསུམ་མི་སྲིད་པའི་འགལ་བ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་དང་བྱས་པ་གཉིས་ཆོས་ཅན། ཕུང་གསུམ་མི་སྲིད་པའི་འགལ་བ་ཡིན་པར་ཐལ།  རྟག་པ་དང་བྱས་པ་གཉིས་ཀ་ཡིན་པ་ཞིག་མེད་པ་གང་ཞིག  དེ་གཉིས་གང་ཡང་མ་ཡིན་པ་ཞིག་ཀྱང་མེད་པའི་ཕྱིར། 
ཀ  རྟགས་དང་པོ་མ་གྲུབ་ན། 【རྟག་པ་དང་བྱས་པ་གཉིས་ཀ་ཡིན་པ་ཞིག་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་དང་བྱས་པ་གཉིས་ཆོས་ཅན། ཁྱོད་གཉིས་ཀ་ཡིན་པ་ཞིག་མེད་པར་ཐལ།  ཁྱོད་གཉིས་འགལ་བ་ཡིན་པའི་ཕྱིར།
ཀ གོང་གི་རྟགས་གཉིས་པ་མ་གྲུབ་ན། 【དེ་གཉིས་གང་ཡང་མ་ཡིན་པ་ཞིག་ཀྱང་མེད་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་དང་བྱས་པ་གཉིས་ཆོས་ཅན། ཁྱོད་གཉིས་ཀ་ཡིན་པ་ཞིག་མེད་པར་ཐལ། ཁྱོད་གཉིས་གང་རུང་དུ་མི་འདུ་པའི་ཆོས་མེད་པའི་ཕྱིར།
ཀ རྩ་བར་འདོད་ན། 【རྟག་པ་དང་བྱས་པ་གཉིས་དངོས་འགལ་ཡིན་པར་འདོད་ཟེར་ན།】
ཁ རྟག་པ་དང་བྱས་པ་གཉིས་ཆོས་ཅན།  དངོས་འགལ་མ་ཡིན་པར་ཐལ།  བརྒྱུད་འགལ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། 【རྟག་པ་དང་བྱས་པ་གཉིས་བརྒྱུད་འགལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་དང་བྱས་པ་གཉིས་ཆོས་ཅན། བརྒྱུད་འགལ་ཡིན་པར་ཐལ།  ཕན་ཚུན་སྤངས་ཀྱི་བརྒྱུད་འགལ་ཡིན་པའི་ཕྱིར།
ཀ  མ་གྲུབ་ན། 【རྟག་པ་དང་བྱས་པ་གཉིས་ཕན་ཚུན་སྤངས་ཀྱི་བརྒྱུད་འགལ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ རྟག་པ་དང་བྱས་པ་གཉིས་ཆོས་ཅན། ཕན་ཚུན་སྤངས་ཀྱི་བརྒྱུད་འགལ་ཡིན་པར་ཐལ། ཆོས་དེ་གཉིས་གཉིས་གཞི་མཐུན་མི་སྲིད་པའི་སྒོ་ནས་འགལ་བ་ཞིག  ཆོས་དེའི་རྣམ་པར་བཅད་ལྡོག་མ་མ་ཡིན་པ་དེ་ཡིན་པའི་ཕྱིར།  རྟགས་དང་པོ་སླ།
ཀ རྟགས་གཉིས་པ་མ་གྲུབ་ན། 【ཆོས་དེའི་རྣམ་པར་བཅད་ལྡོག་མ་མ་ཡིན་པ་རྟགས་མ་གྲུབ་ཟེར་ན།】
ཁ  རྟག་པ་དང་བྱས་པ་གཉིས་ཆོས་ཅན། ཆོས་དེའི་རྣམ་པར་བཅད་ལྡོག་མ་མ་ཡིན་པ་དེ་ཡིན་པར་ཐལ།  རྟག་པའི་རྣམ་པར་བཅད་ལྡོག་མ་ལ་རྟག་པའི་དངོས་ཀྱི་འགལ་ཟླ་སྟེ་མི་རྟག་པ་འཇོག་པ་དང་།  བྱས་པའི་རྣམ་པར་བཅད་ལྡོག་མ་ལ་བྱས་པའི་དངོས་ཀྱི་འགལ་ཟླ་སྟེ་མ་བྱས་པ་འཇོག་དགོས་པའི་ཕྱིར།
དབྱེ་ཞིབ།
བསྒྲུབ་བྱ། ཕུང་སུམ་མི་སྲིད་པའི་འགལ་བ་ཡིན་ན།  དངོས་འགལ་ཡིན་པས་མ་ཁྱབ་པ།
དཀའ་གནད། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་གྱི་གོ་དོན།
ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་དང་ཕན་ཚུན་སྤངས་འགལ་གྱི་ཚད་མས་གནོད་འགལ་གཉིས་དོན་གཅིག་ཡིན་པའི་དོན་ཤེས་རྒྱུ་ཤིན་ཏུ་གལ་ཆེ།  ཚད་མས་གནོད་འགལ་ཞེས་པའི་དོན་ནི།  བློས་རྟོགས་ཚུལ་གྱི་དབང་དུ་བྱས་པ་སྟེ། དཔེར་ན། རྟག་པ་དང་བྱས་པ་གཉིས་བློས་རྟོགས་ཚུལ་གྱི་དབང་དུ་བྱས་ན། གཞི་དེ་རྟག་པ་ཡིན་པར་ངེས་ན་མི་རྟག་པ་མིན་པར་ངེས་ཀྱང་བྱས་པ་མིན་པར་ངེས་པས་མ་ཁྱབ་པས། གཞི་དེ་བྱས་པ་མིན་པར་ཕྱིས་སུ་སྒྲུབ་དགོས། དཔེར་ན། སྒྲ་དེ་བྱས་པ་ཡིན་པར་ངེས་ཀྱང་མི་རྟག་པ་ཡིན་པར་མ་                 
ངེས་པའི་གང་ཟག་ཡོད་པས།  བྱས་པའི་རྟགས་རྟགས་ཀྱིས་སྒྲ་མི་རྟག་པར་སྒྲུབ་པའི་རྟགས་ཡང་དག་ཡོད་པ་ལྟ་བུས་ཤེས་ཐུབ། 
གཙོ་གནད། རྟག་པ་དང་བྱས་པ་གཉིས་ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་ཡིན་པའི་རྒྱུ་མཚན།
 
གཉིས་པ། རང་ལུགས་བཞག་པ། 
གཅིག   འགལ་བ།
1.མཚན་ཉིད།
       ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཆོས་འགལ་བའི་མཚན་ཉིད།  གཞི་རླུང་ལ་སྦྱར་ན། ཁྱོད་རླུང་དང་ཐ་དང་ཁྱོད་ཡིན་རླུང་ཡང་ཡིན་པའི་གཞི་མཐུན་པ་མི་སྲིད་པ་རླུང་དང་འགལ་བའི་མཚན་ཉིད། དཔེར་ན། མེ་ལྟ་བུ། འདིས་རིགས་བསྒྲེ་གྱིས་ཤེས་པར་བྱ། མཚན་གཞི་ནི།  རྐང་པ་དང་ལག་པ་གཉིས་དང་།  སྒོ་དང་དྲ་མ་གཉིས་ལྟ་བུ།  སྤྱིར་འགལ་བ་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གཉིས་ཡོད་དེ།   དང་པོ་ངེས་པར་ཐ་དད་ཡིན་དགོས་པ། (ཤེས་བྱ་གཅིག་འགལ་མི་སྲིད་ཅིང་།  འགལ་ན་ངེས་པར་བྱ་ཤེས་བྱ་ཐ་དད་པ་གཉིས་ཡན་ཡིན་པའི་རྨང་གཞིའི་སྟེང་འགལ་དགོས།   ལག་པ་འགལ་བ་མ་ཡིན་ཏེ། ཐ་དད་མ་ཡིན་པའི་ཕྱིར་རོ། །ལག་པ་དང་རི་བོང་རྭ་གཉིས་ཡང་འགལ་བ་མ་ཡིན་ཏེ། ལག་པའི་འགལ་ཟླ་རི་བོང་རྭ་མེད་པས་ལག་པ་དང་རི་བོང་རྭ་གཉིས་གཅིག་དང་ཐ་དད་གང་མ་ཡིན་པའི་མེད་པ་ཡིན་ནོ། །)  གཉིས་པ་གཞི་མཐུན་མི་སྲིད་པ། (གཉིས་ཀ་ཡིན་པ་མི་སྲིད་པ།  དཔེར་ན། རྐང་པ་དང་ལག་པ་གཉིས་ཀ་ཡིན་པ་ཞིག་མི་སྲིད་པས་དེ་གཉིས་འགལ་བ་ཡིན་པ་ལྟ་བུ།) 
འགལ་བ་དང་ཕན་ཚུན་སྤངས་འགལ་གཉིས་དོན་གཅིག་ཡིན་ཏེ།  འགལ་བ་ཡིན་ན་ཅིག་ཤོས་ཡིན་པས་ཅིག་ཤོས་ཡིན་པ་སྤངས་པ་ཞིག་ཡིན་དགོས་ཏེ།  དཔེར་ན། གཞི་དེ་མིག་ཡིན་པས་ཁ་ཡིན་པ་སྤངས་པ་སྟེ་ཁ་མ་ཡིན་པ་ལྟ་བུའོ། །
2. འགལ་བ་བརྩེགས་མ།
       གཞི་ཞ་སྨྱུག་ལ་སྦྱར་ན།  ཁྱོད་ཞ་སྨྱུག་དང་འགལ་བ་དང་ཐ་དད། ཁྱོད་ཀྱང་ཡིན་ཞ་སྨྱུག་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ།  ཞ་སྨྱུག་དང་འགལ་དང་འགལ་བའི་མཚན་ཉིད། གོ་ཐོབ་གྱི་དབང་དུ་བཏང་ན།  ཞ་སྨྱུག་དང་འགལ་བ་དང་འགལ་བ་སྟེ་ཆ་བྱུང་ན་ཞ་སྨྱུག་དང་མི་འགལ་བ་དང་།  ཞ་སྨྱུག་དང་འགལ་བ་དང་འགལ་བ་དང་འགལ་བ་སྟེ་ཡ་བྱུང་ན་ཞ་སྨྱུག་དང་འགལ་བ་ཡིན། 
མཚན་ཉིད་ཀྱི་སྟེང་ནས་གོ་བ་བླངས་ན།  ཞ་སྨྱུག་དང་འགལ་བ་དང་འགལ་བ་ལ་ཆ་མཚོན་ན། ཁྱོད་ཞ་སྨྱུག་དང་འགལ་བ་དང་ཐ་དད། ཁྱོད་ཀྱང་ཡིན་ཞ་སྨྱུག་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ། ཞ་སྨྱུག་དང་འགལ་བ་དང་འགལ་བའི་མཚན་ཉིད་ཡིན་ལ། མཚན་ཉིད་དེས་བསྟན་པའི་སྙིང་བོ་ནི། ཞ་སྨྱུག་དང་མི་འགལ་བ་དེ་ཡིན་པ་ལྟ་བུ། ཡང་ཞ་སྨྱུག་དང་འགལ་བ་དང་འགལ་བ་དང་ཐ་དད།  ཁྱོད་ཀྱང་ཡིན་ཞ་སྨྱུག་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་མི་སྲིད་པ་དེ།  ཞ་སྨྱུག་དང་འགལ་བ་དང་འགལ་བ་དང་འགལ་བའི་མཚན་ཉིད་ཡིན་ལ། མཚན་ཉིད་དེས་བསྟན་པའི་སྙིང་བོ་ནི། ཞ་སྨྱུག་དང་འགལ་བ་དེ་ཡིན་པ་ལྟ་བུ།
ཞ་སྨྱུག་དང་འགལ་བ་དང་ཐ་མི་དད་དང་།  ཁྱོད་ཀྱང་ཞ་སྨྱུག་དང་འགལ་བ་ཡང་ཡིན་པའི་གཞི་མཐུན་པ་ཡོད་པ་གང་རུང་དེ།  ཞ་སྨྱུག་དང་འགལ་བ་དང་མི་འགལ་བའི་མཚན་ཉིད།  གོ་ཐོབ་གྱི་དབང་དུ་བཏང་ན། ཞ་སྨྱུག་དང་འགལ་བ་དང་མི་འགལ་བ་ཡིན་ན་ཞ་སྨྱུག་དང་འགལ་བ་ཡིན་ལ།  ཞ་སྨྱུག་དང་འགལ་བ་དང་མི་འགལ་བ་དང་འགལ་བ་ཡིན་ན།  ཞ་སྨྱུག་དང་མི་འགལ་བ་ཡིན་པའི་དོན་མཚན་ཉིད་ལ་སྦྱར་ཏེ་གོ་བ་ལེན་དགོས་ཚུལ་ཤེས་པར་བྱ། དེ་བཞིན་བརྩེགས་མ་གཞན་རིགས་བསྒྲེ་གྱིས་ཤེས་པར་བྱའོ། །
3. འགལ་བ་ལ་དབྱེ་ན། (ལྡོག་པའི་སྒོ་ནས་དབྱེ་བ།) ཕན་ཚུན་སྤངས་འགལ་དང་།  ལྷན་ཅིག་མི་གནས་འགལ་གཉིས་ཡོད།
འདིར“ལྡོག་པའི་ནས་དབྱེ་བ”ཞེས་པའི་དོན་ནི། ཤེས་བྱ་རང་རང་གི་ལྡོག་ཆ་སྟེ་རང་མ་ཡིན་པ་ལས་ལོག་པ་སྟེ་རང་ཉིད་དང་གཅིག་གི་ངོ་བོ་མི་འདྲ་བའི་ཆ་ནས་དབྱེ་བ་ཞིག་ཡིན་པ་ལས། སྤྱིར་ལྷན་ཅིག་མི་གནས་འགལ་ནི། ཕན་ཚུན་སྤངས་འགལ་གྱི་ནང་ཚན་ཞིག་ཡིན། ལྷན་ཅིག་མི་གནས་འགལ་གྱི་ཁྱད་ཆོས་གཙོ་བོ་ནི། དངོས་པོའི་བྱེད་ལས་སམ་ནུས་བར་གྱི་འགལ་བ་སྟོན་པ་ཡིན་པས། འགལ་བའི་རིགས་རིགས་གཞན་དང་བསྡུར་ན་འདི་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན།  དེ་བས་ལྷན་ཅིག་མི་གནས་འགལ་ཡིན་ན་ཕན་ཚུན་སྤངས་འགལ་ཡིན་པས་ཁྱབ་ཀྱང་། ཕན་ཚུན་སྤངས་ཡིན་ན་ལྷན་ཅིག་མི་གནས་འགལ་ཡིན་ཡིན་པས་མ་ཁྱབ་པའི་རྒྱུ་མཚན་ཡང་།  ཕན་ཚུན་སྤངས་འགལ་ཡིན་ན་དངོས་པོའི་བྱེད་ལས་སམ་ནུས་པའི་བར་གྱི་འགལ་བ་སྟོན་པས་མ་ཁྱབ་པ་ལ་ཐུག་ཡོད།
3.1 ཕན་ཚུན་སྤངས་འགལ།
     ཕན་ཚུན་གཅིག་ཡིན་པས་ཅིག་ཤོས་ཡིན་པ་གཅོད་ནུས་པའི་ཆོས་དེ་ཕན་ཚུན་སྤངས་འགལ་གྱི་མཚན་ཉིད། གཞི་རྟ་དང་ལུག་གཉིས་ལ་སྦྱར་ན།  གཞི་དེ་རྟ་ཡིན་པས་གཞི་དེ་ལུག་ན་ཡིན་པ་གཅོད་པ་སྟེ་ལུག་མ་ཡིན་པར་གོ་བ་དང་།  ཡང་གཞི་དེ་ལུག་ཡིན་པས་གཞི་དེ་རྟ་ཡིན་པ་སྤངས་པ་སྟེ་མ་ཡིན་པར་གོ་བས་རྟ་དང་ལུག་གཉིས་ཕན་ཚུན་སྤངས་འགལ་་ཡིན་པ་ལྟ་བུ།  དཔེར་ན།  རྟག་པ་དང་དངོས་པོ་གཉིས།  ས་དང་ཆུ་གཉིས།  ཤར་གྱི་ནམ་མཁའ་དང་ནུབ་གྱི་ནམ་མཁའ་གཉིས་ལྟ་བུ་སོགས་ཐ་དད་ཅིང་གཞི་མཐུན་མི་སྲིད་པའི་ཤེས་བྱ་ཐམས་ཅད་ཕན་ཚུན་སྤངས་འགལ་ཡིན། དབྱེ་ན། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དང།  ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་གཉིས་ཡོད།
<1> ཕན་ཚུན་སྤངས་འགལ་གྱི་དངོས་འགལ།
ཕན་ཚུན་གཅིག་ཡིན་པས་ཅིག་ཤོས་ཡིན་པ་གཅོད་ནུས་པའི་འགལ་ཟླ་དངོས་དེ་ཕན་ཚུན་སྤངས་འགལ་གྱི་དངོས་འགལ་གྱི་མཚན་ཉིད། ཕན་ཚུན་སྤངས་འགལ་གྱི་དངོས་འགལ་དང་།  དངོས་འགལ་གཉིས་དོན་གཅིག   དཔེར་ན། རྟག་པ་དང་མི་རྟག་པ།  སེར་པོ་ཡིན་པ་དང་སེར་པོ་མ་ཡིན་པ་ལྟ་བུ།  མཚན་ཉིད་ཀྱི་ཟུར་དུ“དངོས་ཀྱི་འགལ་ཟླ”ཞེས་བརྗོད་པའི་རྒྱུ་མཚན་ནི། དཔེར་ན། གཞི་དེ་མི་རྟག་པ་ཡིན་པར་རྟོགས་ན།  གཞི་དེ་རྟག་པ་མིན་པར་སྒྲུབ་མི་དགོས་པར།  གཞི་དེ་མི་རྟག་པ་ཡིན་པར་རྟོགས་པའི་བློ་དེའི་ངོར་ངམ་ངམ་ཤུགས་ཀྱིས་གཞི་དེ་རྟག་པ་མིན་པར་ཤུགས་ནས་རྟོགས་པ་ལྟ་བུ་དང་། མདོར་བསྡུས་ན། དངོས་འགལ་ཞེས་པ་ནི་ཚིག་ངོས་ཀྱི་འགལ་ཟླ་ལ་བྱེད།  སེར་པོ་དང་སེར་པོ་མ་ཡིན་པ་ལྟ་བུ་ལ་མཚོན་ན། གཞི་དེ་སེར་པོ་ཡིན་པ་རྟོགས་སྟོབས་ཀྱིས་གཞི་དེ་སེར་པོ་མ་ཡིན་པར་སྒྲུབ་མི་དགོས་པར་ངམ་ངམ་ཤུགས་ཀྱིས་རྟོགས་ནུས་པས་དེ་གཉིས་དངོས་འགལ་ཡིན་པ་ཧ་ཅང་གསལ་ལོ། །
<2> ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ།
      ཆོས་དེ་དང་གཞི་མཐུན་མི་སྲིད་པའི་སྒོ་ནས་འགལ་བ་གང་ཞིག  ཆོས་དེ་རྣམ་པར་བཅད་ལྡོག་མ་ཡིན་པ་དེ་ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་གྱི་མཚན་ཉིད། ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་དང་།  ཕན་ཚུན་སྤངས་འགལ་གྱི་ཚད་མས་གནོད་འགལ་གཉིས་དོན་གཅིག   སྐབས་འདིར“ཚད་མས་གནོད་འགལ”ཞེས་པའི་དོན་གལ་ཆེ་བས་ཅུང་བརྗོད་ན།  གཙོ་བོ་བློས་རྟོགས་ཚུལ་གྱི་ཆ་ནས་བཞག་པ་ཞིག་སྟེ།  དཔེར་ན།  གཞི་དེ་རྟག་པ་ཡིན་པར་རྟོགས་ན།  མི་རྟག་པ་མིན་ཤུགས་སུ་རྟོགས་ཡོད་ཀྱང་།  གཞི་དེ་བྱས་པ་མིན་པར་རྟོགས་པའི་ངེས་པ་མེད་པས་ན།  རྟག་མི་རྟག་གཉིས་ནི་ཕན་ཚུན་དངོས་འགལ་ཡིན་པ་དང་།  རྟག་པ་དང་བྱས་པ་གཉིས་ལ་མཚོན་ན།  ཅིག་ཤོས་རྟོགས་ན་ཅིག་ཤོས་རྟོགས་པའི་ངེས་པ་མེད་པས་ན། དེ་གཉིས་ནི་ཚད་མས་གནོད་འགལ་སྟེ་བརྒྱུད་འགལ་ཡིན།
       ད་དུང་མཚན་ཉིད་ཀྱི་ཟུར་དུ“རྣམ་པར་བཅད་ལྡོག”ཞེས་པའི་དོན་ནི།
གཞི་དེ་ཆོས་དེ་ཡིན་པ་རྣམ་པར་བཅད་པ་སྟེ་ཡོངས་སུ་དགག་ན་ཅིག་ཤོས་ཡིན་པ་རང་ཤུགས་ཀྱིས་གོ་ཐུབ་པ་ལ་བྱ་ཞིང་།  གཙོ་བོ་ཚིག་ངོས་ཀྱི་དངོས་ཀྱི་འགལ་ཟླ་ལ་གོ་དགོས། དཔེར་ན།  གཞི་དེ་རྟག་པ་ཡིན་པ་རྣམ་པར་བཅད་པ་སྟེ་ཡོངས་སུ་དགག་ན།  མི་རྟག་པ་ཡིན་པ་ཤུགས་ནས་གོ་ཐུབ་པས་ན་མི་རྟག་པ་ནི་རྟག་པའི་རྣམ་པར་བཅད་ལྡོག་ཡིན་པས། རྟག་མི་རྟག་གཉིས་དངོས་འགལ་ཡིན་ལ།  བྱས་པ་ནི་རྟག་པའི་རྣམ་པར་བཅད་ལྡོག་མ་ཡིན་པས་བྱས་པ་དང་རྟག་པ་གཉིས་ནི་བརྒྱུད་འགལ་ཡིན།
3.2  ལྷན་ཅིག་མི་གནས་འགལ།
     ནུས་པ་མཚུངས་པའི་སྒོ་ནས་རྒྱུན་འགྲོགས་སུ་མི་རུང་པའི་དངོས་པོ་དེ་ལྷན་ཅིག་མི་གནས་འགལ་གྱི་མཚན་ཉིད།  གཞི་ཚ་གྲང་གཉིས་ལ་སྦྱར་ནས་བཤད་ན། ཚ་གྲང་གཉིས་ལྷན་གཅིག་ཏུ་གནས་སྲིད་ཀྱང་།  ནུས་པ་མཚུངས་པའི་སྒོ་ནས་གནས་མི་སྲིད་པ་ཡིན་ཏེ།  སྤྱིར་ཚ་བ་ཆེ་བའི་སྐབས་སུ་གྲང་བ་མར་ལྷུང་ཡོད་པ་དང་།  གྲང་བ་ཆེ་བའི་དུས་སུ་ཚ་བ་མར་ལྷུང་ཡོད་པ་མྱོང་བས་གྲུབ་པ་དང་།  གཞི་གཅིག་ཏུ་ཚ་གྲང་གཉིས་མཉམ་པོ་ཡིན་པ་ཞིག་མི་སྲིད་པ་ཡིན། ལྷན་ཅིག་མི་གནས་འགལ་ཡིན་ན་དངོས་པོའི་ནུས་པའམ་བྱེད་ལས་བར་གྱི་འགལ་བ་ཡིན་པས།  ཕན་ཚུན་སྤངས་འགལ་ལ་ལྟོས་ན་ཁྱབ་ཆུང་བ་དང་། འགལ་ཟླའི་དངོས་པོ་གཉིས་ཀྱི་ནུས་བ་གཉིས་གཞི་གཅིག་ཏུ་དུས་གཅིག་ཏུ་འདྲ་མཉམ་དུ་གནས་མི་སྲིད་པ་ནི།  འགལ་བ་འདིའི་ཁྱད་ཆོས་གཙོ་བོ་ཡིན། དབྱེ་ན། ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་དང་།   ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་གཉིས་ཡོད།
<1> ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ།
དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་པའི་དངོས་པོ་དེ།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་གྱི་མཚན་ཉིད།  མཚན་གཞི་ནི། སྣང་བ་དང་མུན་པ་གཉིས་ལྟ་བུ།   དེ་གཉིས་དངོས་སུ་གནོད་བྱ་གནོད་བྱེད་ཡིན་ཏེ།  སྣང་བས་མུན་པ་ལ་གནོད་པའི་ཚེ་བར་དུ་དངོས་པོ་གཞན་བརྒྱུད་མི་དགོས་པར་ཐད་ཀར་གནོད་པ་དང་།  སྣང་བ་ཇེ་ཆེར་སོང་པ་དང་མཉམ་དུ་མུན་པ་ཇེ་ཆུང་དུ་འགྲོ་བ་འདིས། སྣང་བ་དང་མུན་པ་གཉིས་ནུས་པ་མཚུངས་པའི་སྒོ་ནས་དུས་མཉམ་དུ་གནས་མི་སྲིད་པ་གསལ་བོར་མཚོན་ཡོད།
དབྱེ་ན།  གཟུགས་སུ་གྱུར་པའི་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་དང་།  ཤེས་པར་གྱུར་པའི་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་གཉིས་ཡོད།  དང་པོ་ནི།  སྣང་བ་དང་མུན་པ།  ཚ་བ་དང་གྲང་བ་སོགས་གཟུགས་ཡང་ཡིན་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡང་ཡིན་པ་ཐམས་ཅད་ཡིན།  གཉིས་པ་ནི།  བྱམས་པ་དང་ཞེ་སྡང་།  དགའ་བ་དང་མི་དགའ་བ།  རིག་པ་དང་མ་རིག་པ་སོགས་ཤེས་པ་ཡང་ཡིན་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡང་ཡིན་པ་ཐམས་ཅད་ཡིན།
<2> ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ།
དངོས་སུ་གནོད་བྱ་གནོད་བྱེད་དུ་ཞུགས་པའི་སྒོ་ནས་རྒྱུན་ནུས་མཚུངས་སུ་འགྲོགས་སུ་མི་རུང་པའི་དངོས་པོ་དེ། ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་གྱི་མཚན་ཉིད།  དེ་དང་ལྷན་ཅིག་མི་གནས་འགལ་གྱི་ཚད་མས་གནོད་འགལ་གཉིས་དོན་གཅིག མཚན་གཞི་ནི། དུ་བ་སྟོབས་ཆེན་དང་གྲང་རེག་སྟོབས་ཆེན་གཉིས་ལྟ་བུ། དུ་བས་གྲང་རེག་ལ་དངོས་སུ་མི་གནོད་ཀྱང་དུ་བས་མེ་བསྐྱེད་པ་ལ་བརྟེན་ནས་མེས་གྲང་རེག་ལ་དངོས་སུ་གནོད་པས་ན།  དུ་བས་གྲང་རེག་ལ་བརྒྱུད་ནས་གནོད་པ་དང་།  དུ་བས་བསྐྱེད་པའི་མེ་དང་དེའི་གནོད་བྱ་གྲང་རེག་གཉིས་ནུས་པ་མཚུངས་པའི་སྒོ་ནས་དུས་མཉམ་དུ་གནས་མི་སྲིད་པས་ན།  དུ་བ་སྟོབས་ཆེན་དང་གྲང་རེག་སྟོབས་ཆེན་གཉིས་ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན།
      འོ་ན། ལྷན་ཅིག་མི་གནས་འགལ་གྱི“ཚད་མས་གནོད་འགལ”ཞེས་པའི་དོན་ཅི་ཡིན་ཟེར་ན། དུ་བའི་རྟགས་ཀྱིས་གང་དུ་དུ་བ་ཡོད་པའི་གཞི་དེར་མེ་ཡོད་པ་བསྒྲུབས་ནས། སྤྱིར་དུ་བར་ཚ་བ་བསྐྱེད་པའི་ནུས་པ་རང་བཞིན་གྱིས་ཡོད་པར་རྟོགས་པ་ལ་བརྟེན་ནས། དུ་བས་ཀྱང་གྲང་རེག་ལ་གནོད་པ་དང་། དུ་བས་གྲང་རེག་ལ་གནོད་དུས་ཐད་ཀར་གནོད་མི་ནུས་པར་བར་དུ་ཚ་བ་བརྒྱུད་ནས་གྲང་རེག་ལ་གནོད་པའི་ཆོས་ཉིད་ཁོང་དུ་ཆུད་པའི་རྗེས་དཔག་ཚད་མ་ལ་བརྟེན་ནས། དུ་བ་དང་གྲང་རེག་གཉིས་ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན་པར་རྟོགས་པས་ན་ཚད་མས་གནོད་འགལ་ཟེར། དཔེར་ན། བྱམས་པས་ཞེ་སྡང་ལ་དངོས་སུ་གནོད་མོད། འོན་ཀྱང་།  བྱམས་པ་སྐྱེ་བའི་རྒྱུ་སྟེ་རང་ཞེ་སྡང་སྐྱེ་ཡུལ་གྱི་དགྲ་དེའི་ཡོན་ཏན་དང་། ཡང་ན་རང་ལའང་ཕྱོགས་འགའ་རེ་ནས་ནོར་འཁྲུལ་ཡོད་པའི་གནས་ལུགས་སོགས་ཁོང་དུ་ཆུད་པའི་བསམ་བློ་སོགས་ཀྱིས་ཞེ་སྡང་ལ་ཐད་ཀར་མི་གནོད་མི་ཀྱང་།  བློ་དེ་གོམས་པའི་ཤུགས་ཇེ་ཆེར་སོང་བ་ལ་བརྟེན་ནས་བྱམས་པ་བསྐྱེད་སྲིད་པ་དང་། བྱམས་པས་ཞེ་སྡང་ལ་དངོས་སུ་གནོད་པས་ན།  དགྲ་དེའི་ཡོན་ཏན་བསམ་པ་སོགས་དང་ཞེ་སྡང་གཉིས་ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན་པ་ཤེས་ཐུབ་པ་ལྟ་བུ། དབྱེ་ན།  གཟུགས་སུ་གྱུར་པའི་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་དང་།  ཤེས་པར་གྱུར་པའི་ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་གཉིས་ཡོད།
དང་པོ་ནི། དུ་བ་དང་གྲང་རིག་གཉིས་ལྟ་བུ། 
གཉིས་པ་ནི། མར་ཤེས་པ།  དྲིན་དྲན་པ་སོགས་དང་ཞེ་སྡང་ལྟ་བུ། དེ་ཡང་ཡིན་ཏེ། མར་ཤེས་པ་དང་།  དྲིན་དྲན་པ་སོགས་ཀྱིས་ཐད་ཀར་ཞེ་སྡང་ལ་གནོད་མི་སྲིད་ཀྱང་། དེ་དག་གིས་ཡིད་འོང་གི་བྱམས་པ་བསྐྱེད་ཅིང་།  ཡིད་འོང་གི་བྱམས་པས་ཐད་ཀར་ཞེ་སྡང་ལ་གནོད་པས་ན། མར་ཤེས་པ་སོགས་དང་ཞེ་སྡང་གཉིས་ཤེས་པར་གྱུར་པའི་ལྷན་ཅིག་མི་གནས་འགལ་གྱི་བརྒྱུད་འགལ་ཡིན།
 4. ཞར་བྱུང་མི་འགལ་བ།
     ཐ་མི་དད་དང་གཞི་མཐུན་ཡོད་པ་གང་རུང་དེ།  མི་འགལ་བའི་མཚན་ཉིད།  འདི་ལ་ཆ་རྐྱེན་གཉིས་གང་རུང་ཚང་བས་ཆོག་སྟེ།  དང་པོ་ཐ་མི་དད་དེ་གཅིག་ཙམ་ཡིན་ན་མི་འགལ་བ་ཡིན་ལ།  གཞི་མཐུན་ཡོད་པ་སྟེ་གཉིས་ཀ་ཡིན་པ་ཡོད་ནའང་མི་འགལ་བ་ཡིན། དཔེར་ན།  བ་གླང་རང་མི་འགལ་བ་ཡིན་ལ།  བ་གླང་དང་དུད་འགྲོ་གཉིས་ཀྱང་མི་འགལ་བ་ཡིན་ཏེ།  དེ་གཉིས་ཀའི་གཞི་མཐུན་པ་སྟེ་གཉིས་ཀ་ཡིན་པ་ཡོད་པས་སོ། །
གཉིས།  འབྲེལ་བ།
1. མཚན་ཉིད།
     ཐ་དད་གང་ལས་ཐ་དད་པ་དེ་ལྡོག་ན་ལྡོག་པར་ངེས་པ་འབྲེལ་བའི་མཚན་ཉིད། ཡང་ན། ཆོས་དེ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད་དང་།  ཆོས་དེའི་འབྲས་སུ་གང་རུང་གང་ཞིག  ཆོས་དེ་མེད་ན་ཁྱོད་མེད་དགོས་པ་དེ་འབྲེལ་བའི་མཚན་ཉིད། སྤྱིར་འབྲེལ་བ་ཡིན་ན་ཐ་དད་པའི་ཆོས་གཉིས་ཡིན་དགོས་ཤིང་།  ཁྱད་པར་དུ་ཐ་དད་པ་གཙོ་བོ་དེ་ལྡོག་པ་སྟེ་འགག་པའམ་མེད་ན་རང་ཉིད་ཀྱང་མེད་དགོས་པ་ཞིག་ཡིན་དགོས། དཔེར་ན། དུད་འགྲོ་དེ་སེམས་ཅན་དང་འབྲེལ་ཡིན་ལ། དུད་འགྲོ་མེད་ན་སེམས་ཅན་མེད་མི་དགོས་ཀྱང་།  དུད་འགྲོ་དང་ཐ་དད་པ་གཙོ་བོ་སྟེ་སེམས་ཅན་མེད་ན་དུད་འགྲོ་མེད་དགོས་པས་ན། དུད་འགྲོ་དང་སེམས་ཅན་གཉིས་འབྲེལ་བ་ཡིན་པར་བརྗོད་ཆོག
2. དབྱེ་ན།  བདག་གཅིག་འབྲེལ་དང་།  རྟེན་བྱུང་འབྲེལ་གཉིས་ཡོད།
<1> བདག་གཅིག་འབྲེལ།
     ངོ་བོ་ཐ་དད་མ་ཡིན་པའི་ཐ་དད་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ་བདག་གཅིག་འབྲེལ་གྱི་མཚན་ཉིད། ཡང་ན། ཆོས་དེ་དང་བདག་ཉིད་གཅིག་པའི་སྒོ་ནས་ཐ་དད།  ཆོས་དེ་མེད་ན་ཁྱོད་མེད་དགོས་པ་དེ་བདག་གཅིག་འབྲེལ་གྱི་མཚན་ཉིད། ངོ་བོ་གཅིག་པ་དང་།  རང་བཞིན་གཅིག་པ། བདག་ཉིད་གཅིག་པ་རྣམས་དོན་གཅིག་མིང་གི་རྣམ་གྲངས། དཔེར་ན། མིའི་ལག་པ་དང་རྐང་བ་ཁ་དོག་དྲི་མ་སོགས་མི་དང་བདག་འབྲེལ་ཡིན་ཏེ།  དེ་དག་མི་དང་ངོ་བོ་གཅིག་པའི་སྒོ་ནས་ཐ་དད་གང་ཞིག  མི་མེད་ན་དེ་དག་མེད་དགོས་པ་ཡིན་ནོ། །ངོ་བོ་གཅིག་ཅེས་པའི་དོན་ཅི་ཡིན་ཟེར་ན། གཅིག་ཐ་དད་ཀྱི་སྐབས་བཤད་ཟིན་མོད། འདིར་གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་བསྐྱར་ཞུ་ན། ཐ་དད་པའི་གཞི་གཉིས་ཀྱི་རང་བཞིན་ནམ་ངོ་བོ་དེ་རྒྱུ་དང་རྐྱེན་སོགས་ལ་ལྟོས་ནས་བཅོས་པ་མ་ཡིན་པར་རང་ཆས་སུ་གྲུབ་པའི་འབྲེལ་ཞིག་ལ་གོ་དགོས།  དཔེར་ན། ཅོག་ཙེ་དང་ཅོག་ཙེའི་སུག་ཏི་གཉིས་རང་བཞིན་གཅིག་ཡིན་པ་ལྟ་བུ། དེ་ཡང་ཡིན་ཏེ། ཅོག་ཙེ་ཞེས་པའི་བྱ་དངོས་དེ་སུག་ཏི་དང་སྟེང་འོག་གི་ངོས་གཉིས་དབྱིབས་དང་ཁ་དོག་དོག་སོགས་ཆ་ཤས་དུ་མ་ལ་ཚོགས་པ་ལ་བརྟེན་ནས་གྲུབ་པ་ཞིག་ཡིན་ལ།  ཅོག་ཙེ་མེད་ན་ཅོག་ཙེའི་སུག་ཏི་དང་དབྱིབས་སོགས་ཀྱང་འཇོག་མི་སྲིད་པས་ན། ཅོག་ཙེའི་སུག་ཏི་སོགས་ཅོག་ཙེ་དང་བདག་ཉིད་གཅིག་ཡིན་པ་ར་སྤྲོད་བྱེད་ཐུབ། མདོར་ན། ཤེས་བྱ་གང་ཞིག་ཡིན་ཡང་། ཁྱབ་བྱ་དང་ཁྱབ་བྱེད་ཀྱི་འབྲེལ་བ།  སྤྱི་དང་བྱེ་བྲག་གི་འབྲེལ་བ།  ཆ་ཤས་དང་ཆ་ཅན་གྱི་འབྲེལ་བ་སོགས་བདག་གཅིག་འབྲེལ་ཡིན་ནོ། །དབྱེ་ན་གསུམ་ཡོད་དེ།
(1) ཕན་ཚུན་ཡིན་པ་ཅན་གྱི་བདག་གཅིག་འབྲེལ།
     དངོས་པོ་དང་མི་རྟག་པ་ལྟ་བུ། ཕན་ཚུན་ཡིན་པ་ཅན་གྱི་བདག་གཅིག་འབྲེལ་ཡིན་ཏེ།  དེ་གཉིས་ངོ་བོ་གཅིག་པ་གང་ཞིག  དངོས་པོ་ཡིན་ན་མི་རྟག་ཡིན་པས་ཁྱབ།  མི་རྟག་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར་རོ། །
(2) ཕན་ཚུན་ཡིན་པ་མིན་ཡང་ཅིག་ཤོས་ཡིན་པ་ཅན་གྱི་བདག་གཅིག་འབྲེལ།
    དངོས་པོ་དང་ཁང་བ་ལྟ་བུ། ཕན་ཚུན་ཡིན་པ་མིན་ཡང་ཅིག་ཤོས་ཡིན་པ་ཅན་གྱི་བདག་གཅིག་འབྲེལ་ཡིན་ཏེ། དེ་གཉིས་ངོ་བོ་གཅིག་གང་ཞིག དངོས་པོ་ཡིན་ན་ཁང་པ་ཡིན་པས་མ་ཁྱབ་ཀྱང་།  ཁང་པ་ཡིན་ན་དངོས་པོ་ཡིན་པས་ཁྱབ་པའི་ཕྱིར་རོ། །
(3) ཕན་ཚུན་མ་ཡིན་པ་ཅན་གྱི་ཅན་གྱི་བདག་གཅིག་འབྲེལ།
མི་དང་མིའི་ལག་པ་ལྟ་བུ།  ཕན་ཚུན་མ་ཡིན་པ་ཅན་གྱི་ཅན་གྱི་བདག་གཅིག་འབྲེལ་ཡིན་ཏེ།  དེ་གཉིས་ངོ་བོ་གཅིག་གང་ཞིག མི་མིའི་ལག་པ་མ་ཡིན།  མིའི་ལག་པ་མི་མ་ཡིན་པ་ལྟ་བུའོ། །
<2> རྟེན་བྱུང་འབྲེལ (དེ་བྱུང་འབྲེལ)།
     རྫས་ཐ་དད་པ་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ་རྟེན་བྱུང་འབྲེལ་གྱི་མཚན་ཉིད། ཡང་ན། ཁྱོད་ཆོས་དེ་འབྲེལ་བ་གང་ཞིག ཁྱོད་ཆོས་དེ་དང་ངོ་བོ་ཐ་དད་ཡིན་པ་དེ་རྟེན་བྱུང་འབྲེལ་གྱི་མཚན་ཉིད། དཔེར་ན།  ས་བོན་དང་མྱུ་གུ་གཉིས་ལྟ་བུ།  ས་བོན་དང་མྱུ་གུ་གཉིས་རྫས་ཐ་དད་པ་སྟེ་དངོས་པོ་ཐ་དད་པ་ཡིན་པ་གང་ཞིག   སྐྱེ་དུས་སོ་སོར་སྐྱེས་པ་དང་།  ས་བོན་ལོག་པ་སྟེ་མེད་ན་མྱུ་གུ་ཡང་ལྡོག་པ་སྟེ་མེད་དགོས་པས་དེ་གཉིས་ཀྱི་འབྲེལ་བ་ནི།  རྟེན་བྱུང་འབྲེལ་གྱི་འབྲེལ་བ་འམ་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན་ནོ། །དུས་ལ་སྦྱར་ན་ངེས་པ་མེད་དེ། མྱུ་གུ་སྐད་ཅིག་དང་པོའི་དུས་སུ་ས་བོན་ལོག་པ་སྟེ་འཇིག་ཟིན་ཡང་དེ་གཉིས་རྒྱུ་འབྲས་ཀྱི་འབྲེལ་བ་ཡིན།  དངོས་པོ་བྱེ་བྲག་པ་ཞིག་ལ་སྦྱར་ན། རྒྱུ་འབྲས་གཉིས་དུས་མཉམ་དུ་གནས་མི་སྲིད་པ་དང་།  རྒྱུ་འཇིག་པ་དང་འབྲས་བུ་གྲུབ་པ་དུས་མཉམ་པ་ནི།  རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན།
སྤྱིར་འབྲས་བུ་ཞིག་ཡིན་ཕྱིན་དེ་སྐྱེད་བྱེད་ཀྱི་རྒྱུ་ངེས་པར་ཡོད་པ་དང་།  རྒྱུ་མེད་པའི་འབྲས་བུ་ཞིག་མེད་པ་འདིས་ཀྱང་གོང་གི་མཚན་ཉིད་ལ་གོ་བ་ལེན་ཐུབ་པ་ཡིན། དེས་རྟེན་བྱུང་འབྲེལ་མཚོན་ན།  ཁྱོད་ཆོས་དེ་དང་འབྲེལ་བ་ཡིན་པ།  ཁྱོད་ཆོས་དེ་དང་ངོ་བོ་ཐ་དད་ཡིན་པའི་ཆ་རྐྱེན་གཉིས་ཚང་ན་ཆོག་པ་དང་།  བདག་གཅིག་འབྲེལ་ཡིན་ན།  ཁྱོད་ཆོས་དེ་འབྲེལ་བ་གང་ཞིག  ཁྱོད་ཆོས་དེ་དང་ངོ་བོ་གཅིག་ཡིན་པའི་ཆ་རྐྱེན་གཉིས་ཚང་ན་ཆོག་གོ །
 
གསུམ་པ། རྩོད་པ་སྤོང་བ།
རྩོད་སྤོང་དང་པོ།
ཁ  མེ་ཆོས་ཅན།  ཁྱོད་དུ་བའི་ཁྱབ་བྱེད་ཡིན་པར་ཐལ། ཁྱོད་དུ་བ་དང་ཐ་དད་གང་ཞིག  ཁྱོད་ཁེགས་སྟོབས་ཀྱིས་དུ་བ་ཁེགས་དགོས་པའི་ཕྱིར། རྟགས་དང་པོ་སླ།
ཀ གཉིས་པ་མ་གྲུབ་ན། 【མེ་ཁེགས་སྟོབས་ཀྱིས་དུ་བ་ཁེགས་དགོས་པ་རྟགས་མ་གྲུབ་ཟེར་ན།】
ཁ མེ་ཆོས་ཅན།  ཁྱོད་ཁེགས་སྟོབས་ཀྱིས་དུ་བ་ཁེགས་དགོས་པར་ཐལ། ཁྱོད་ཁེགས་ན་དུ་བ་ཁེགས་པའི་ཁྱབ་པའི་ཕྱིར།
ཀ མ་གྲུབ་ན། 【མེ་ཁེགས་ན་དུ་བ་ཁེགས་པའི་ཁྱབ་པ་རྟགས་མ་གྲུབ་ཟེར་ན།】
ཁ མེ་ཆོས་ཅན།  ཁྱོད་ཁེགས་ན་དུ་བ་ཁེགས་པའི་ཁྱབ་པར་ཐལ། ཁྱོད་མེད་ན་དུ་བ་མེད་དགོས་པའི་ཕྱིར།
ཀ གོང་དུ་འདོད་ན། 【མེ་དུ་བའི་ཁྱབ་བྱེད་ཡིན་པར་འདོད་ཟེར་ན།】
ཁ འོ་ན། དུ་བ་ཆོས་ཅན།  མེ་ཡིན་པར་ཐལ།  མེ་ཁྱོད་ཀྱི་ཁྱབ་བྱེད་ཡིན་པའི་ཕྱིར། རྟགས་ཁས། 【མེ་དུ་བའི་ཁྱབ་བྱེད་ཡིན་པ་ཁྱོད་ཀྱིས་ཁས་བླངས་ཟིན་པའི་ཕྱིར།】འདོད་མི་ནུས་ཏེ།    མེ་དང་དུ་བ་གཉིས་འགལ་བ་ཡིན་པའི་ཕྱིར།
དབྱེ་ཞིབ།
རྩོད་སྤོང་འདིས།  རང་ལུགས་སྐབས་སུ“རྫས་ཐ་དད་པ་གང་ལས་ཐ་དད་པ་དེ་ལོག་ན་ལྡོག་པར་ངེས་པ”ཞེས་པའི་དོན་ལ་དོགས་སློང་བྱས་ཡོད། མེ་དུ་གཉིས་ལ་མཚོན་ན། མེ་ཁེགས་ན་དུ་བ་ཁེགས་པས་ཁྱབ་ཕྱིར། བྱ་ཁྱབ་བྱེད་དོན་གཅིག་ཚང་ཀྱང་། དེ་ཙམ་གྱིས་ཁྱབ་བྱ་ཁྱབ་བྱེད་དུ་མི་འགྲོ་སྟེ། ཁྱབ་བྱ་ཁྱབ་བྱེད་ཡིན་ན་ད་དུང་དེ་གཉིས་ངོ་བོ་གཅིག་ཡིན་པའི་དོན་ཡང་ཚང་དགོས་པ་བསྟན་ཡོད།
རྩོད་སྤོང་གཉིས་པ།
ཁ  བརྩོན་འགྲུས་དང་ལེ་ལོ་གཉིས་ཆོས། དངོས་འགལ་ཡིན་པར་ཐལ།  ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་པའི་ཕྱིར་ན་མ་ཁྱབ། (ལྷན་ཅིག་མི་གནས་འགལ་གྱི་དངོས་འགལ་ཡིན་ན་དངོས་འགལ་ཡིན་པས་མ་ཁྱབ།)
ཀ འདོད་ན། (བརྩོན་འགྲུས་དང་ལེ་ལོ་གཉིས། དངོས་འགལ་ཡིན་པར་འདོད་ཟེར་ན།)
ཁ བརྩོན་འགྲུས་དང་ལེ་ལོ་གཉིས་ཆོས། དངོས་འགལ་མ་ཡིན་པར་ཐལ།  བརྒྱུད་འགལ་ཡིན་པའི་ཕྱིར།
ཀ མ་གྲུབ་ན། (བརྩོན་འགྲུས་དང་ལེ་ལོ་གཉིས་བརྒྱུད་འགལ་ཡིན་པ་རྟགས་མ་གྲུབ་ཟེར་ན།)
ཁ བརྩོན་འགྲུས་དང་ལེ་ལོ་གཉིས་ཆོས། བརྒྱུད་འགལ་ཡིན་པར་ཐལ།  ཕན་ཚུན་སྤངས་འགལ་གྱི་བརྒྱུད་འགལ་ཡིན་པའི་ཕྱིར། «རྣམ་ངེས་དར་ཊིཀ»ལས། “ལྷན་ཅིག་མི་གནས་འགལ་ལ་བརྟེན་པའི་རྟགས་དང་དགག་བྱའི་ཆོས་ཀྱི་འགལ་བ་ཡང་བརྒྱུད་འགལ་ཡིན་འབའ་ཞིག་ཡིན་ཏེ”ཞེས་གསུངས་པའི་ཕྱིར།
དབྱེ་ཞིབ།
རྩོད་སྤོང་འདིས།  སྤྱིར་དངོས་འགལ་ཡིན་ན་ཕན་ཚུན་སྤངས་འགལ་གྱི་དངོས་ཡིན་དགོས་པ་བསྟན་ཡོད་དོ། །

རྩོམ་སྒྲིག་པ།