༄༅།། བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད། ༡
དུས་ཚོད།:2017-6-8  |   རྩོམ་པ་པོ།:སྟག་ཕུ་བློ་བཟང་བསྟན་པའི་རྒྱལ་མཚན།   |   ཁུངས།:  |   ཀློག་ལྟ།:1125  |   དཔྱད་པ།:0

བརྩམས་ཆོས་འདི་ནི་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་དཀྱིལ་སྙིང་དུ་བཞག་སྟེ་དགེ་བ་ལས་བདེ་བ་དང་། སྡིག་པ་ལས་སྡུག་བསྔལ་འབྱུང་བའི་བསམ་བློ་དྲིལ་བསྒྲགས་བྱེད་པའི་སྒྲུང་རྩོམ་ཞིག་རེད།

མཚན་རྒྱས་པ།    བྱང་ཆུབ་ཀྱི་སེམས་མངའ་བའི་བྱ་མགྲིན་སྔོན་ཟླ་བའི་རྟོགས་པ་བརྗོད་པ་འཁོར་བ་མཐའ་དག་ལ་སྙིང་པོ་མེད་པར་མཐོང་བ་རྣམས་ཀྱི་རྣ་རྒྱན།
རྩོམ་པ་པོ།   སྟག་ཕུ་པ་བློ་བཟང་བསྟན་པའི་རྒྱལ་མཚན།
མཚན་གཞན།   ངག་དབང་ཡེ་ཤེས། ངག་དབང་བློ་གྲོས་རྒྱ་མཚོ།
དཔེ་སྐྲུན་ཁང་།    བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
པར་སྐྲུན་གྱི་ལོ།    སྤྱི་ལོ2012ལོའི་ཟླ12པ།

1​རྩོམ་པ་པོ།

སྟག་ཕུ་པ་བློ་བཟང་བསྟན་པའི་རྒྱལ་མཚན(1714-1762)ནི་ཀོང་སྟོད་ཉང་པོ་རྒྱ་ནང་དུ་གནུབས་ཀྱི་རིགས་སུ་ཡབ་དཀོན་མཆོག་སྙན་གྲགས་དང་ཡུམ་འཛོམས་པ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། ཁོང་དགུང་ལོ་ཆུང་ངུའི་དུས་ནས་དོ་བོ་མགོའི་བླ་ཟུར་ཆུ་མཁར་སྤྲུལ་སྐུའི་དྲུང་དུ་དབུ་སྐྲའི་གཙུག་ཕུད་ཕུལ། མཚན་ལ་ངག་དབང་ཡེ་ཤེས་གསོལ། དགུང་ལོ་བཅུ་གསུམ་པར་སྟག་ཕུ་ངག་དབང་ཆོས་གྲགས་ཀྱི་ཡང་སྲིད་དུ་ངོས་འཛིན་བྱས། དགུང་ལོ་བཅུ་དྲུག་པར་སྨད་རྒྱུད་མཁན་པོ་ངག་དབང་མཆོག་ལྡན་ལས་རབ་བྱུང་བསྒྲུབས་ཤིང་མཚན་ལ་ངག་དབང་བློ་གྲོས་རྒྱ་མཚོ་ཞེས་གསོལ། དགུང་ལོ་བཅུ་དགུ་པར་དབུས་སུ་ཕེབས་ཏེ་འབྲས་སྤུངས་བློ་གསལ་གླིང་དུ་ཆོས་སྒོར་ཞུགས། དགེ་བཤེས་འཇམ་དབྱངས་ཕུན་ཚོགས་དང་། ལྷོ་པ་དགེ་འདུན་བདེ་ལེགས་སོགས་བསྟེན་ནས་གཞུང་ཆེན་བཀའ་པོད་ལྔ་ལ་གསན་བཞེས་མཛད། དགུང་ལོ་ཉེར་བདུན་པར་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་སྐོར་མཛད། དགུང་ལོ་སུམ་ཅུ་པར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས།

གསུང་རྩོམ་ལ《བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད》དང《རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ན་རོ་མཁའ་སྤྱོད་ཀྱི་རིམ་གཉིས་ཟབ་མའི་ཉམས་ལེན་བེེཌཱུརྱ་ཞུན་མའི་ཐེམ་སྐས》《ལྷ་མོ་འོད་ཟེར་ཅན་གྱི་བརྒྱུད་འདེབས》《སྟག་གདོང་རི་བོ་དཔལ་འབར་གྱི་བཅའ་ཡིག》《འཇམ་དབྱངས་ཀྱི་བསྟོད་པ་གདུང་ཤུགས་ང་རོ》བཅས་ཆོས་ཚན་དྲུག་ཅུར་ལོངས་པའི་པོ་ཏི་གཉིས་བཞུགས་སོ། །

2ནང་དོན་མདོར་བསྡུས།

བདག་ཅག་གི་སྟོན་པ་མྱ་ངན་ལས་འདས་ཏེ་རིང་པོ་མ་ལོན་པའི་སྐབས་ཤིག་ཏུ། རྒྱ་གར་གྱི་ཡུལ་ཝ་ར་ཎ་སི་བྱ་བ་ན་རྒྱལ་པོ་ལྷ་སྣང་སྟོབས་ལྡན་དང་། དེ་ལ་རྗེ་བཙུན་སྒྲོལ་མའི་སྤྲུལ་བ་མ་ཏི་མ་ཧཱ་ནི་བྱ་བའི་བཙུན་མོ་མཛངས་མའི་ཡོན་ཏན་རྫོགས་པ་ཞིག་ཡོད་དེ། རྒྱལ་པོ་ཡབ་ཡུམ་དེ་གཉིས་ཀྱིས་རྒྱལ་སྲིད་ཆོས་བཞིན་སྐྱོང་ཞིང་ཡར་དཀོན་མཆོག་ལ་མཆོད་པའི་མཐུས་སྤྲུལ་བའི་བུ་ཆོས་ཀྱི་དགའ་བ་བྱ་བ་ཞིག་འཁྲུངས་པས་ཡབ་ཡུམ་སྲས་བཅས་དགའ་བདེའི་དཔལ་ལོངས་སྤྱད་དེ་ཅུང་རིང་མོ་ཞིག་འདས་པ་ན། རྒྱལ་པོ་དེ་ལ་བློན་ཆེན་སྟོང་དཔོན་ཡམ་ཤེ་ཞེས་བྱ་བ་དབང་ཐང་ཆེ་བ་རྒྱལ་པོ་གཉིས་པ་ལྟ་བུ་ཞིག་ཡོད་དེ། དེ་ནི་རྒྱལ་སྲས་ཆོས་ཀྱི་དགའ་བའི་རྩེད་གྲོགས་ཡེ་ཤེས་འཛིན་ཞེས་བྱ་བའི་གཞོན་ནུ་ལོ་བརྒྱད་ལོན་པ་ཞིག་ཡོད་པ་དེ་ལ་སྙིང་ནས་མ་དགའ་ཞིང་། ངེས་པར་རང་གི་བུ་ལ་གཱ་ཨཱ་ན་བ་སྲས་ཀྱི་རྩེད་གྲོགས་ནས་མཐའ་མར་བློན་གྲལ་དུ་ཚུད་པར་བྱ་ཕྱིར་གཡོ་སྒྱུ་དང་ཕྲ་མ་སོགས་ཀྱི་ཐབས་བརྒྱུད་མཐར་ཡེ་ཤེས་འཛིན་དང་དྷརྨ་སོགས་རྒྱལ་པོ་ཡབ་སྲས་ལ་སྙིང་ཉེ་བའི་བློན་པོ་གསུམ་རྒྱང་འབུད་བཏང་། ཆོས་བློན་དེ་གསུམ་དཀའ་བ་དུ་མ་སྤྱད་དེ་ཡུམ་མ་ཏི་མ་ཧཱ་ནིའི་ཕ་ཡུལ་ཛ་ལནྡྷ་རའི་རྒྱལ་ཁབ་ཏུ་འབྱོར་ཞིང་། དེར་བླ་མ་དྲི་མེད་དཔལ་ལྡན་གྱིས་རྗེས་སུ་བཟུང་། དེ་ལྟར་བློན་པོ་ཡམ་ཤེའི་འདོད་དོན་གྲུབ་སྟེ་མཐར་རྒྱལ་སྲས་དང་ལ་གཱ་ཨཱ་ན་གཉིས་ཤིན་ཏུ་མཛའ་བར་བྱས་ཏེ་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་རྣལ་འབྱོར་བ་ཞིག་ལས་འཕོ་བ་གྲོང་འཇུག་གི་གདམས་པའང་གསན་ཏེ་ལང་ཚོ་དང་རིག་པ་གང་ནས་ཁྱད་མེད་དུ་སྐུ་ནར་སོན་ནས་རེ་ཞིག་འདས་པ་ན། ལ་གཱ་ཨཱ་ན་ནི་བཙུན་མོ་སཱ་ར་ཏི་ནིའི་ཁའི་དབང་དུ་གྱུར་ཏེ་ཉིན་ཞིག་གཡོ་སྒྱུའི་ཐབས་ལ་བརྟེན་ནས་རྒྱལ་སྲས་དང་ཁོ་གཉིས་ཁུ་བྱུག་གི་རོ་རྨ་མེད་པ་ཟུང་ལ་གྲོང་འཇུག་གིས་གཙང་པོའི་ཕ་རོལ་གྱི་སྐྱེད་ཚལ་ལ་ལྟད་མོར་གཡེང་དུ་ཕྱིན་པའི་ཚེ། ལ་གཱ་ཨཱ་ན་ནི་ལྐོག་ནས་རིངས་སྟབས་ཀྱིས་ཕྱིར་འཕུར་འོངས་ཏེ་རྒྱལ་སྲས་ཀྱི་སྐུ་ལ་གྲོང་འཇུག་བྱས། རང་གི་བེམ་པོ་ཆུར་བསྐྱུར་ཏེ་ཡུལ་ལ་ལོག དེ་ནས་རྒྱལ་སྲས་ཁུ་བྱུག་གི་རྣམ་པ་ཅན་དུ་ཡོད་པ་དེས་ལ་གཱ་ཨཱ་ན་ནི་བཙལ་བས་མ་རྙེད། སྔོན་གནས་སུ་ལོག་པར་རང་གི་བེམ་པོའང་མ་རྙེད་པར་ལུས་པས་མཐར་བླ་མ་དྲི་མེད་དཔལ་ལྡན་ལས་གདམས་པ་ཐོབ་ཅིང་གདུལ་བྱ་བྱ་དང་རི་དྭགས་ལ་ཡོད་པས་བྱ་མགྲིན་སྔོན་ཟླ་བ་བྱ་བའི་སྐལ་བ་མངོན་དུ་གྱུར་ཏེ་ཚེ་མཐའ་འཁྱོལ་བར་མཛད་ནས་མཇུག་བསྡུས་ཡོད་དོ། །

3སྒྱུ་རྩལ་གྱི་ཁྱད་ཆོས།

བརྩམས་ཆོས་འདིའི་སྒྱུ་རྩལ་རང་བཞིན་གྱི་ཆ་ནས་བལྟས་ན། གཏམ་རྒྱུད་ལ་མགོ་མཇུག་བར་གསུམ་ཚང་ཞིང་བྱུང་རིམ་ལ་འཁྱོག་པའི་ཡོན་ཏན་ལྡན། བརྩམས་ཆོས་ཀྱི་ནང་དུ་བསྡོམས་པས་མི་སྣ་ཉི་ཤུ་ལྷག་བཟོ་སྐྲུན་བྱས་ཡོད་ཅིང་། མི་སྣ་གཙོ་བོ་དག་ནི་རང་གཤིས་འབུར་དུ་ཐོན་ལ་གསོན་ཉམས་ལྡན། རང་བྱུང་གི་བཀོད་པ་ལ་འུད་ཆེན་པོས་སྤྲོས་བརྗོད་བྱས་ཏེ་མི་སྣའི་སེམས་ཁམས་ཀྱི་འགུལ་སྐྱོད་མཚོན་པར་བྱས་ཤིང་བརྩམས་ཆོས་ཀྱི་འགུགས་ཤུགས་ཇེ་དྲག་ཏུ་བཏང་ཡོད། དེ་ལས་རྩོམ་པ་པོ་འདིའི་ཀུན་རྟོག་གི་ནུས་པ་ཕུན་སུམ་ཚོགས་ཤིང་རྩོམ་པའི་ནུས་པ་ཅུང་ཆེ་བའི་ཚུལ་རྟོགས་ཐུབ་ལ། གཞན་ཡང་རྟོགས་བརྗོད་འདི་ལ་ཟློས་གར་གྱི་ཤན་ཞུགས་པ་ཅུང་མང་བ་དང་། སྤྱིའི་ལུས་ཀྱི་རྣམ་པ་ནི་བཅད་ལྷུག་སྤེལ་མ་ཡིན། ཚིག་སྦྱོར་ལེགས་ཤིང་གོ་སླ་བ་སོགས་རྩོམ་རྩལ་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པར་མ་ཟད། སྐྱོ་གར་གྱི་རྣམ་པ་ཅན་གྱི་སྒྲུང་འབྲིང་དུ་གཏོགས་པས་བོད་ཀྱི་རྩོམ་རིག་གི་ལོ་རྒྱུས་སྟེང་གོ་ས་འོས་འཚམ་ཐོབ་ཡོད་པ་དང་། དམངས་ཁྲོད་དུའང་བརྗོད་བྱ་རྗོད་བྱེད་གང་གི་ཆ་ནས་ཀྱང་དར་ཁྱབ་ཆེན་པོ་ཡོད་པ་ཞིག་ཡིན།

4དཀར་ཆག

ཆོས་བརྗོད་དང་རྩོམ་པར་དམ་བཅའ་བའི་ཚིག

དང་པོ། ཡབ་ཡུམ་གྱི་རྟོགས་པ་བརྗོད་ཅིང་ཆོས་ཀྱི་དགའ་བ་དེ་ཉིད་ལྷུམས་སུ་བཞུགས་པའི་སྐབས།

གཉིས་པ། ཆོས་ཀྱི་དགའ་བ་སྐུ་བཙས་པ་དང་རྒྱལ་བོར་ཞེན་ཆེ་བའི་ཆོས་བློན་གསུམ་ཡུལ་གཞན་དུ་བསྐྲད་པའི་སྐབས།

གསུམ་པ། རྒྱལ་བུ་ཆོས་་ཀྱི་དགའ་བས་གྲོང་འཇུག་སྦྱངས་པ་དང་ཡུམ་ཞི་བར་གཤེགས་པའི་སྐབས།

བཞི་བ། གྲོང་འཇུག་གི་རྐྱེན་ལས་རྒྱལ་བུ་དེ་ཉིད་བྱའི་ལུས་སུ་བཅུག་པ་དང་སྤྲུལ་བའི་བྱ་དང་འཇལ་བ་སོགས་ཀྱི་སྐབས།

ལྔ་བ། ནགས་ཁྲོད་དུ་བྱ་རྣམས་ལ་ཆོས་གསུངས་ཤིང་བླ་མ་དྲི་མེད་དཔལ་ལྡན་ལས་གདམ་པ་དང་ལུང་བསྟན་ཐོབ་པའི་སྐབས།

དྲུག་པ། རྒྱལ་བུ་རྫུན་མ་ཕམ་པར་མཛད་ཅིང་གསེར་བཟང་མ་དང་སླར་མཇལ་བ་སོགས་ཀྱི་སྐབས།

བདུན་པ། གདུལ་བྱ་རྣམས་ལ་གདམས་པའི་ཁྲོད་ནས་ཉེ་བར་མཁོ་བ་འགའ་ཞིག་བཀོད་པའི་སྐབས།

བརྒྱད་པ། སླར་ཝ་ར་ཎ་སིར་འཛོམས་ཏེ་བླ་མ་དྲི་མེད་དཔལ་ལྡན་གྱི་ཞལ་མཇལ་ཞིང་ལུང་བསྟན་ཐོབ་པ་སོགས་ཀྱི་སྐབས།


རྩོམ་སྒྲིག་པ།རྡོ་ཆེན།