ནང་དོན་རིག་པའི་སྤྱི་བཤད། བཞི་པ། གྲུབ་མཐའ་སྨྲ་བ་བཞི། ཅ གསང་སྔགས།
དུས་ཚོད།:2018-11-29  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:1284  |   དཔྱད་པ།:0

ཅ གསང་སྔགས།

1.གསང་སྔགས་ཀྱི་བྱུང་བ།
   གསང་སྔགས་ཀྱི་ཆོས་འདི་ནི། སྟོན་པས་མཆོད་རྟེན་དཔལ་ལྡན་འབྲས་སྤུངས་
སོགས་སུ་སྣོད་ན་གྱི་སློབ་མ་འགའ་ཞིག་ལ་གསུངས་བར་དུས་འཁོར་རྩ་རྒྱུད་ལས་
གསུངས། ལྷག་པར་ཀུན་རིག་རྣམ་པར་སྣང་མཛད་ཀྱི་རྒྱུད་ནི་སྟོན་པས་དངོས་སུ་
གསུངས་པར་མཁས་པ་ཀུན་ཞལ་མཐུན། གསང་སྔགས་ཀྱི་རྗེས་ཀྱི་འཕེལ་རྒྱས་ཁྲོད་གསང་སྔགས་ཀྱི་ཆོས་རྣམས་ཀུན་ཏུ་བཟང་བོ་དང་། གསང་བདག་ཕྱག་ན་རྡོ་རྗེ་སོགས་ཀྱིས་ཕྱོགས་བསྡུས་བྱས་པར་ཀུན་ལ་གྲགས་འདུག་མོད། འོན་ཀྱང་། དེ་དག་མིའི་རྣལ་འབྱོར་བ་དངོས་ཡིན་མིན་ཐད་དཔྱད་རྒྱུ་ཡོད་དོ། །
  གང་ལྟར་ཡང་གསང་སྔགས་ཀྱི་ཆོས་འདི་ནི། གཙོ་བོ་ཨོ་རྒྱན་གྱི་ཡུལ་དུ་གསུངས་པས་གནས་དེ་རུ་དར་ཁྱབ་ཆེ་བ་ཡིན་ཏེ། སྟོན་པའི་སློབ་མ་ཉན་ཐོས་ཀྱི་དགེ་འདུན་རྣམས་ཨོ་རྒྱན་ཡུལ་དུ་བསོད་མས་ལ་སླེབས་པ་ན། སྐབས་དེའི་ཨོ་རྒྱན་ཡུལ་གྱི་རྒྱལ་བོ་ཨིནྡྲབྷུ་ཏི་བྱ་བས་ཉན་ཐོས་ཀྱི་དགེ་འདུན་རྣམས་ཀྱི་ཀུན་སྤྱོད་མཐོང་ནས་ཡིད་འཕྲོག་པར་གྱུར་བ་དང་། དེ་དག་གི་རྒྱུ་མཚན་བློན་པོ་རྣམས་ལ་དྲིས་པ་ན། བློན་པོ་རྣམས་ཀྱིས། ཝ་ར་ན་སིའི་གྲོང་ཁྱེར་ན། སེར་སྐྱའི་གྲོང་གི་རྒྱལ་བོ་སྲས་གཙང་གི་སྲས་གཞོན་ནུ་དོན་གྲུབ་བྱ་བ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ། སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་བཞུགས་པ་དེའི་འཁོར་ཡིན་ནོ། །ཞེས་སྨྲས་པ་ན། རྒྱལ་བོས་དོན་རྣམས་ཁོང་དུ་ཆུད་ནས་སྟོན་པ་སངས་རྒྱས་རང་གི་ཕོ་བྲང་དུ་གདན་དྲངས་པ་རེད། 
  དེ་ནས་རྒྱལ་བོས། བདག་ཅག་རྣམས་ཀྱང་སྲིད་པའི་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཐར་བའི་ཐབས་བསྟན་དུ་གསོལ་ཞེས་ཞུས་པའི་ལན་དུ། སྟོན་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་ནུས་ན་ཐབས་ཡོད་དོ་ཅེས་གསུངས་པ་ལ། རྒྱལ་བོས་སླར་ཡང་། བདག་ཅག་གིས་འདོད་ཡོན་ལྔ་སྤོང་མི་ནུས་པས། དེ་མ་སྤངས་པར་ཐར་བ་འཐོབ་ཐུབ་པའི་ཐབས་བསྟན་དུ་གསོལ་ཞེས་ཞུས་པ་ན། སྟོན་པས་ཀྱང་། གདུལ་བྱ་དེའི་ཁམས་དང་བསམ་པ། བག་ལ་ཉལ་དང་མཐུན་པར་འདོད་ཡོན་ལམ་ཁྱེར་གྱི་གདམས་པ་སྟེ། གསང་སྔགས་ཀྱི་རྒྱུད་གསུངས་བར་རྒྱ་བོད་ཀྱི་ནང་རིག་སྨྲ་བ་ཀུན་དགོངས་པ་གཅིག་ཅིང་། དོན་དངོས་ཀྱི་གནས་ཚུལ་དང་ཡང་མཐུན་པར་སྙམ། འོན་ཀྱང་འདི་ནི་གཙོ་བོ་གནས་གང་དུ་གསང་སྔགས་ཀྱི་ཆོས་གསུངས་པའི་རྒྱུ་མཚན་ཙམ་མ་གཏོགས། གསང་སྔགས་ཀྱི་ཆོས་འདི་གདུལ་བྱ་གང་འདྲ་ཞིག་ལ་གསུངས་པ་དང་། རྒྱུད་སྡེ་མི་འདྲ་བ་བཞི་གསུངས་པའི་རྒྱུ་མཚན་རྣམས་གཤམ་དུ་འབྱུང་ངོ་། །
 སྟོན་པ་སྐུ་མྱ་ངན་ལས་འདས་རྗེས། ཨོ་རྒྱན་ཡུལ་གྱི་སློབ་དཔོན་དགའ་རབ་རྡོ་རྗེ(སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་སྐབས་སུ་ཡོད་ལ་ཆོས་རྒྱལ་མྱ་ངན་མེད་དང་དུས་མཉམ)དང་།  ན་ལེནདྲའི་མཁན་པོ་གྲུབ་ཆེན་ས་ར་ཧ(ཕལ་ཆེར་དུས་རབས་དང་པོའི་སྐབས)དང་། ཁོའི་སློབ་མ་ཀླུ་སྒྲུབ་སོགས་དབང་བོ་མཆོག་ཏུ་གྱུར་བའི་སྐྱེས་བུ་འགས། ཐེག་པ་ཆེན་པོ་གསང་སྔགས་ཀྱི་ཆོས་ཉམས་སུ་བླངས་ཤིང་། སྣོད་ལྡན་གྱི་སློབ་མ་རེ་གཉིས་ལ་སྙན་བརྒྱུད་དང་ཆིག་བརྒྱུད་ཀྱི་ཚུལ་དུ་སྤེལ་བའི་དོན་དངོས་ཀྱི་ལོ་རྒྱུས་འདིས། དུས་རབས་བདུན་པའི་ཡན་ལ་སྣོད་ལྡན་གྱི་གང་ཟག་རེ་གཉིས་ཀྱིས་གསང་སྔགས་ཉམས་སུ་བླངས་པ་ཙམ་མ་གཏོགས། ཐུན་མོང་དུ་མ་དར་བས་གསང་སྔགས་ཀྱི་ཆོས་འདི་དར་ཁྱབ་ཏུ་མ་ཕྱིན་ཅིང་། དུས་རབས་བདུན་པ་ནས་བཟུང་སྤྱི་ཚོགས་དང་། ལོ་རྒྱུས། བསམ་བློ་བཅས་ཀྱི་ཤུགས་རྐྱེན་འོག་གསང་སྔགས་ཀྱི་ཆོས་འདི་ཉིད་སྔར་ལས་ཀྱང་དར་ཁྱབ་ཏུ་འགྲོ་བའི་དུས་རིམ་གསར་བ་ཞིག་གི་མགོ་བརྩམས་པ་རེད། །
2.གསང་སྔགས་ཅེས་བའི་གོ་དོན།
 དེ་ལ་གསང་སྔགས་ཅེས་བའི་སྐད་དོད་ནི། གུཧྱ་མནྟྲ་ཞེས་པ་འདི་ཡིན་ལ། གུཧྱ་ཞེས་པའི་དོན་ནི་གསང་དང་། མནྟྲ་ཞེས་པའི་དོན་ནི་ཡིད་སྐྱོབ་ཅེས་པ་ཡིན་པས། སྣོད་ལྡན་མིན་པའི་མི་ལ་གསང་སྟེ་ཉམས་སུ་བླངས་ན་དངོས་གྲུབ་འགྲུབ་སླ་བས་གསང་དང་། ཐ་མལ་བའི་སྣང་ཞེན་ལས་ཡིད་སྐྱོབ་པར་བྱེད་པས་ན་ཡིད་སྐྱོབ་ཅེས་པའི་དོན་ནོ།། རྗེས་སུ་བོད་ཀྱི་བསྟན་བཅོས་ཁྲོད། གསང་བའི་ཡིད་སྐྱོབ་ཅེས་མི་བརྗོད་པར་གསང་སྔགས་ཞེས་བཤད་པ་རེད། གསང་སྔགས་ཅེས་པའི་མིང་འདིའི་སྟེང་ནས་ཀྱང་གསང་སྔགས་ཀྱི་ཆོས་འདིའི་ཁྱད་ཆོས་གཙོ་བོ་འབུར་དུ་བཏོན་འདུག་སྟེ། གསང་སྔགས་ཀྱི་ཆོས་འདི་ནི། སྣོད་ལྡན་གྱི་སློབ་མ་དབང་བོ་མཆོག་ཏུ་གྱུར་བ་རེ་གཉིས་ལ་སྙན་བརྒྱུད་དང་ཆིག་བརྒྱུད་ཀྱི་ཚུལ་དུ་སྤེལ་བ་ལས་མདོ་ཕྱོགས་ཀྱི་ཆོས་ལྟར་ཐུན་མོང་དུ་མི་སྤེལ་བ་ནི། སྟོན་པ་སངས་རྒྱས་ནས་གྲུབ་ཆེན་ས་ར་ཧ་དང་། ཀླུ་སྒྲུབ་ཡབ་སྲས་ཀྱི་བར་བརྒྱུད་པའི་གསང་སྔགས་ཀྱི་ལོ་རྒྱུས་ལ་བལྟས་ན་གསལ་བོར་ཤེས་ཐུབ། །
 གསང་སྔགས་ཀྱི་ལྟ་བའི་ཆ་ནས་ཀྱང་མདོ་ཕྱོགས་ཀྱི་ཆོས་དང་གཏན་ནས་མི་འདྲ་སྟེ།  མདོ་ཕྱོགས་ཀྱི་ལྟ་བའི་དགག་བྱ་ནི། བདག་འཛིན་དང་བདེན་འཛིན་གང་རུང་ཡིན་ལ།  སྔགས་ཕྱོགས་ཀྱི་ལྟ་བའི་དགག་བྱ་ནི། ཐ་མལ་བའི་སྣང་ཞེན་ནམ་མ་དག་པའི་སྣང་ཞེན་འདི་ཡིན། དེ་བས་གསང་སྔགས་ཀྱི་རྣལ་འབྱོར་བ་ཞིག་ཡིན་ཕྱིན། དེས་ཐབས་རྒྱ་ཆེན་པོ་ལ་བརྟེན་ནས་རང་གི་སེམས་ངོ་ན་ཡོད་པའི་ཐ་མལ་བའི་སྣང་ཞེན་བཟློག་པ་སྟེ་དེ་ལས་སྐྱོབ་རྒྱུ་ནི་གསང་སྔགས་པའི་མཐར་ཐུག་གི་དམིགས་ཡུལ་དང་ཉམས་ལེན་གྱི་གནད་གཙོ་བོ་ཡིན་ནོ།།
3.གསང་སྔགས་ཀྱི་དབྱེ་བ།
3.1དབྱེ་ཚུལ་མི་འདྲ་བ་འགའ།
   གསང་སྔགས་རང་གི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད། རྣལ་འབྱོར་པའི་ནང་གི་ཉམས་རྟོགས་ཀྱི་ཡོན་ཏན་མི་འདྲ་བ་མང་དུ་བྱུང་ཞིང་། དེ་དང་མཉམ་དུ་རྒྱུད་སྡེའི་རྣམ་གྲངས་ཐད་ལའང་བཞེད་པ་མི་མཐུན་པ་མང་དུ་བྱུང་ཡོད་ཀྱང་ཐམས་ཅད་ཀྱི་དགོངས་པ་གཅིག་ཏུ་བབས་འདུག་ལ། རེ་རེ་བཞིན་བགྲང་ན།
 ཨབྷ་ཡས་བཞེད་པའི་རྒྱུད་གཉིས་ནི། ཕྱིའི་རྒྱུད(སྤྱོད་རྒྱུད་མན་ཆད་དུ་ཁྲུས་སོགས་ཕྱི་ལུས་ངག་གི་ལས་གཙོ་བོར་བྱེད་པ)དང་། ནང་གི་རྒྱུད(རྣམ་འབྱོར་རྒྱུད་ཡན་དུ་ཏིང་ངེ་འཛིན་སོགས་ནང་སེམས་ཀྱི་ལས་གཙོ་བོར་བྱེད་པ)དང་གཉིས་སོ། །
 སྒེག་པའི་རྡོ་རྗེ། ཀུན་སྙིང་སོགས་ཀྱིས་བཞེད་པའི་རྒྱུད་གསུམ་ནི། བྱ་རྒྱུད་དང་། སྤྱོད་རྒྱུད།  རྣམ་འབྱོར་རྒྱུད་དོ། ། 
 ཡོངས་གྲགས་སུ་བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣམ་འབྱོར་བླ་ན་མེད་པའི་རྒྱུད་དང་བཞི་རུ་དབྱེ་ལ། ཞིབ་ཏུ་གཤམ་དུ་བཤད་རྒྱུ།
 སློབ་དཔོན་ཀླུ་སྒྲུབ་སོགས་ཀྱིས་བཞེད་རྒྱུད་ལྔ་ནི། རྣལ་འབྱོར་རྒྱུད(རྣལ་འབྱོར་བླ་མེད་ལ་རྣལ་འབྱོར་རྒྱུད་ཀྱི་ཐ་སྙད་བཞག་པ)དང་། གཉིས་ཀའི་རྒྱུད(སྤྱིར་སྤྱོད་རྒྱུད་དུ་གྲགས་མོད། འདིར་རྣལ་འབྱོར་རྒྱུད་ལ་ནང་ཏིང་ངེ་འཛིན་གྱི་རྣལ་འབྱོར་དང་། ཕྱིའི་བྱ་བས་ཀྱང་ཏིང་ངེ་འཛིན་གྱི་ཡན་ལག་ཏུ་གྱུར་བས་གཉིས་ཀའི་རྒྱུད་ཟེར) སྤྱོད་པའི་རྒྱུད། བྱ་བའི་རྒྱུད(མཆོག་གི་དངོས་གྲུབ་གཙོ་ཆེར་སྒྲུབ་པའི་རྒྱུད་རྣམས་ལ་གོ)རྟོག་པའི་རྒྱུད(ཐུན་མོང་གི་དངོས་གྲུབ་གཙོ་ཆེར་སྒྲུབ་པའི་བྱ་རྒྱུད་རྣམས་ལ་ཟེར)དང་ལྔའོ། ། 
 རྡོ་རྗེ་གུར་གྱི་རྒྱུད་ལས་གསུངས་པའི་རྒྱུད་དྲུག་ནི། བྱ་རྒྱུད་དང་། སྤྱོད་རྒྱུད། རྣལ་འབྱོར་རྒྱུད་དེ་ཕྱིའི་རྒྱུད་སྡེ་གསུམ། ཕ་རྒྱུད(སྣང་ཕྱོགས་སྒྱུ་ལུས་སམ་ཐབས་བསྐྱེད་པའི་རིམ་པ་གཙོ་བོར་སྟོན་པ) མ་རྒྱུད(སྟོང་ཕྱོགས་ཤེས་རབ་ཀྱི་ཆ་གཙོ་བོར་སྟོན་པའི་རྒྱུད)གཉིས་མེད་ཀྱི་རྒྱུད་དེ་ནང་གི་རྒྱུད་སྡེ་གསུམ་དང་དྲུག་གོ། 
  ཇོ་བོ་རྗེའི་ལམ་སྒྲོན་རང་འགྲེལ་ལས་གསུངས་པའི་རྒྱུད་བདུན་ནི། བྱ་བའི་རྒྱུད་དང་།  སྤྱོད་པའི་རྒྱུད། རྟོག་པའི་རྒྱུད། གཉིས་ཀའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་ཆེན་པོའི་རྒྱུད།  རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་བདུན་ནོ། །
4.རྒྱུད་སྡེ་བཞི།
  གསང་སྔགས་ཀྱི་ནང་དོན་ཐམས་ཅད་རྒྱུད་སྡེ་བཞིར་འདུ་བ་ནི་ཀུན་ལ་གྲགས་ཆེ་སྟེ། གསང་སྔགས་ཀྱི་ནང་དོན་ཐམས་ཅད་རྒྱུད་སྡེ་བཞིར་འདུ་བའི་རྒྱུ་མཚན་ཡོད་དེ། སྟོན་པས་གསང་སྔགས་ཀྱི་ཆོས་གསུངས་དུས། སྐབས་དེའི་སྤྱི་ཚོགས་དང་། རིག་གནས། ལྷག་པར་གནའ་བོའི་རྒྱ་གར་གྱི་རྒྱལ་རིགས་སོགས་མི་རིགས་བཞིའི་ཀུན་སྤྱོད་དང་སྒོ་བསྟུན་ནས་གསང་སྔགས་ཀྱི་ཆོས་འདི་གསུངས་པ་ཡིན་ཏེ།《དུར་ཁྲོད་རྨད་དུ་བྱུང་བ》ལས། "བྲམ་ཟེ་རྗེའུ་རིགས་རྒྱལ་རིགས་དང་། །དམངས་རིགས་གདོལ་བ་གདུལ་དོན་དུ། །རྒྱུད་ཀྱང་རྣམ་པ་བཞིར་གསུངས་ཏེ། །བྱ་སྤྱོད་རྣལ་འབྱོར་བླ་མེད་དོ།།" ཅེས་གསུངས་པ་ལྟར། ཚངས་པའི་ཆོས་ལ་སྤྱོད་པའི་བྲམ་ཟེ་དག གཙང་སྦྲ་དང་། བཟླས་བརྗོད། སྦྱིན་བསྲེག དཀའ་ཐུབ་ལ་དགའ་བ་རྣམས་ཐར་བའི་ལམ་དུ་གཞུག་པའི་ཕྱིར"བྱ་རྒྱུད"གསུངས་པ་དང་། ལྷ་མིན་གྱི་ཆོས་ལ་སྤྱོད་པ་རྗེ་རིགས་རྣམས་ལུས་ངག་ཡིད་གསུམ་གྱི་རིག་གནས་ལ་དགའ་བ་དག་ཐར་བའི་ལམ་ལ་གཞུག་ཕྱིར"སྤྱོད་རྒྱུད"གསུངས། ལྷའི་ཆོས་ལ་སྤྱོད་པ་རྒྱལ་རིགས་དཀའ་སྤྱད་མི་ནུས་ཤིང་གཙོ་འཁོར་སོགས་ཀྱི་རྣམ་པར་རོལ་བ་ཆེན་པོ་ཅན་བཀར་བཏགས་ཀྱི་ཕྱག་རྒྱས་རྒྱལ་སྲིད་ལ་དབང་བསྒྱུར་བར་དགའ་བ་རྣམས་ཐར་བའི་ལམ་ལ་གཞུག་ཕྱིར"རྣལ་འབྱོར་རྒྱུད"གསུངས་པ་དང་། དབང་ཕྱུག་ལ་སོགས་པའི་སྦྱོར་སྒྲོལ(འཁྲིག་ཐབས)གྱི་ཆོས་སྤྱོད་པའི་དམངས་རིགས་གཙང་རྩོག་མེད་པར་བཤང་གཅི་སོགས་ཟ་ཞིང་། རྟེན་གྱིས་སྨད་པའི་ལས་སྣ་ཚོགས་ལ་འཇུག་པར་དགའ་བའི་འདུལ་བྱ་དབང་བོ་ཡང་རབ་ཀྱི་རིགས་ཅན་རྣམས་གཙོ་བོར་རྗེས་སུ་གཟུང་ཕྱིར"རྣལ་འབྱོར་བླ་མེད་ཀྱི་རྒྱུད"གསུངས་ཤིང་། རྒྱུད་སྡེ་བཞི་སོ་སོའི་གོ་དོན་དང་ཁྱད་པར་ལ་ལྟོས་ནའང་། ཞུས་མ་ཐག་པའི་ཕྱི་རོལ་ཡུལ་གྱི་ཆ་རྐྱེན་དེ་འདྲ་ཞིག་ལ་གཞི་བཅོལ་ཏེ། སྟོན་པས་ཐབས་མཁས་བླ་ན་མེད་པའི་སྒོ་ནས་རྒྱུད་སྡེ་བཞི་གསུངས་པ་ཤེས་ཐུབ། 
   4.1བྱ་རྒྱུད།
   4.1.1གོ་དོན།
   དེནི《དཔུང་བཟང་གི་ཞུས་པའི་རྒྱུད》དང《ཁྲོ་བོ་ལེགས་གྲུབ་ཀྱི་རྒྱུད》སོགས་ཀྱི་རྨང་གཞི་ལ་བརྟེན་ནས་བྱུང་ཞིང་། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ལས།  ཕྱིའི་བྱ་བ་ལ་གཙོ་བོ་མོས་པའི་གདུལ་བྱའི་ཆེད་དུ་གསུངས་པའི་རྒྱུད་ནི་བྱ་རྒྱུད་ཀྱི་མཚན་ཉིད་དོ།  །སྒྲ་བཤད་ནི་ཕྱིའི་ཀུན་སྤྱོད་ཁྲུས་དང་གཙང་སྦྲ་སོགས་གཙོ་བོར་སྟོན་པའི་སྔགས་ཀྱི་སྤྱད་པ་སྤྱོད་པའི་ཕྱིར་བྱ་རྒྱུད་ཟེར། གདུལ་བྱ་རྒོད་པའི་ཆགས་པ་ལམ་དུ་བྱེད་པའི་རིགས་ཅན་ལ་གཙོ་བོར་གསུངས་ཤིང་།  སྐྱེ་བོ་བློ་གྲོས་དམན་པ་དག་ཟབ་མོའི་དོན་ལ་སྐྲག་ཅིང་འཇིགས་པར་ལྟ་ཞིང་། ཁྲུས་དཀའ་ཐུབ་སོགས་ཤིན་ཏུ་གཙང་སྦྲ་བྱེད་པ་དང་། བདག་དམ་ཚིག་པའི་ལྷར་བསྐྱེད་པ་མེད་པས་བདག་ཉིད་ལྷའི་སྙེམས་པ་མེད་པ་དང་། དེ་ལ་ཡེ་ཤེས་སེམས་དཔའ་སྤྱན་དྲངས་ཏེ་གཞུག་པ་མེད་པས།  ཡེ་ཤེས་སེམས་དཔའི་བདེ་བ་དམ་པ་མེད་པ་དང་།  ཟབ་
མོའི་དོན་རྣམས་སྟོན་པའི་སྤྱོད་ཡུལ་དུ་མ་གྱུར་བས། རྨད་དུ་བྱུང་བའི་ཡུལ་ལ་འཇུག་མི་ནུས་པ་དང་།  དེའི་དབང་གིས་གཙང་དམེ་ལ་སོགས་པ་རྟོག་པས་བྱས་པའི་ཁྲུས་སོགས་ལ་རབ་ཏུ་སྤྱོད་པས་ལྷ་རྗེས་འབངས་ཀྱི་ཚུལ་དུ་སྒྲུབ་པར་བྱེད་པ་ནི་བྱ་རྒྱུད་ཁོ་ནའི་ཁྱད་ཆོས་ཡིན།  
 4.1.2དབྱེ་བ།
 དེ་དབྱེ་ན་དེ་བཞིན་གཤེགས་པའི་རིགས(དམ་ཚིག་གསུམ་བཀོད་སོགས་སངས་རྒྱས་རྣམས)དང་། པདྨའི་རིགས(གཙོ་བོ་སྤྱན་རས་གཟིགས)རྡོ་རྗེའི་རིགས(གཙོ་བོ་ཕྱག་རྡོར)སྟེ་འཇིག་རྟེན་ལས་འདས་པ་གསུམ་དང་། རིགས་དེ་དག་རེ་རེར། གཙོ་བོ་དང། བདག་པོ། ཡུམ། གཙུག་ཏོར། ཁྲོ་བོ། ཁྲོ་མོ། ཕོ་ཉ། ཕོ་ཉ་མོ། བཀའ་ཉན། བཀའ་ཉན་མ་སོགས་གཙོ་འཁོར་མང་དུ་ཡོད་པ་རྒྱུད་སྡེ་གཞན་རྣམས་ལའང་འདྲ། ནོར་བུའི་རིགས(གནོད་སྦྱིན་ནོར་བུ་བཟང་པོས་བཤད)དང་། ལྔས་རྩེན་གྱི་རིགས(གནོད་སྦྱིན་ལྔས་རྩེན་དང་། འཕྲོག་མ། བུ་དགའ་བྱེད་ལ་སོགས་པས་བཤད)། འཇིག་རྟེན་ཕལ་བའི་རིགས(ཚངས་དབང་ཁྱབ་འཇུག་མཁའ་ལྡིང་ཉི་ཟླ་ལ་སོགས་པ་མཐའ་ཡས)སྟེ་འཇིག་རྟེན་པའི་རིགས་གསུམ་དང་སྡོམ་པའི་དྲུག་ཡོད་དོ། །
  4.1.3འཇུག་སྒོའི་དབང་།
  བྱ་རྒྱུད་ཀྱི་འཇུག་སྒོའི་དབང་ལ། ཆུ་དབང་དང་། ཅོད་པན་གྱི་དབང་གཉིས་ལས་མེད་ཅིང་། ཆུ་དབང་གིས་གཙོ་བོ་ཆོས་སྐུའི་ས་བོན་འཇོག་པ་དང་། ཅོད་པན་གྱི་དབང་གིས་གཙོ་བོ་གཟུགས་སྐུའི་ས་བོན་འཇོག་གོ།
   4.1.4སྒོམ་ཚུལ།
   སྒོམ་ཚུལ་གྱི་དབང་དུ་བཏང་ན། བྱ་རྒྱུད་འདིར་ཕྱི་རོལ་ཁོ་ནའི་ལྷ་སྒོམ་པ་ཡིན་ལ།  དེའང་གཙོ་བོ་ལུས་ཀྱི་ཕྱག་རྒྱ་དང་བཅས་པས་རང་གི་བསྒོམ་བྱའི་ལྷ་དེའི་སྐུ་འགྲུབ་པ་དང་།  ངག་གི་སྔགས་བཟླས་པས་གསུང་འགྲུབ་པ་དང་། སེམས་ཀྱིས་ལྷ་བསྒོམས་པས་ཐུགས་ཀྱི་ཡོན་ཏན་དང་བཅས་པ་འགྲུབ་པར་གསུངས་སོ། །
   4.1.5འབྲས་བུ།
   མཐར་ཐུག་གི་འབྲས་བུ་འཐོབ་ཚུལ་གྱི་ཆ་ནས། སྔགས་དོན་ཚུལ་བཞིན་དུ་ཉམས་སུ་བླངས་ན། དབང་རྣོན་གྱིས་ཚེ་གཅིག་གི་ཡུན་དང་། དབང་འབྲིང་གིས་སྐྱེ་བ་བཅུ་དྲུག་པའི་ནང་དུ་དང་། ཐ་མས་ལོ་དྲུག་སྟོང་གིས་ས་དང་ལམ་གྱི་རིམ་པ་མཐར་ཕྱིན་ཏེ་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་ཐུབ་པར་གསུངས་སོ། །
 4.2སྤྱོད་རྒྱུད།
 4.2.1གོ་དོན།
 དེ་ནི《རྣམ་སྣང་མངོན་བྱང་གི་རྒྱུད》དང་།  《ཕྱག་རྡོར་དབང་བསྐུར་བའི་རྒྱུད》སོགས་ལ་བརྟེན་ནས་བྱུང་ཞིང་། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ཆ་མཉམ་པ་ལ་གཙོ་བོར་མོས་པའི་གདུལ་བྱའི་ཆེད་དུ་གསུངས་པའི་རྒྱུད་ནི། སྤྱོད་རྒྱུད་ཀྱི་མཚན་ཉིད་དོ། །སྒྲ་བཤད་ནི།  ཕྱི་ལུས་ངག་གི་བྱ་བ་དང་། ནང་སེམས་ཀྱི་ཏིང་ངེ་འཛིན་ཆ་མཉམ་པར་སྤྱོད་པའམ་བརྟུལ་ཞུགས་ཀྱི་སྤྱོད་པ་གཙོར་བཏོན་པས་འདི་ལ་གཉིས་ཀའི་རྒྱུད་དམ་སྤྱོད་པའི་རྒྱུད་ཟེར། ཕྱི་ལུས་ངག་གི་བྱ་བ་སྣ་ཚོགས་བྱ་བའི་རྒྱུད་ནས་གསུངས་པ་ལྟར་ཉམས་སུ་ལེན་པ་དང་། ནང་སེམས་ཀྱི་ཏིང་ངེ་འཛིན་རྣལ་འབྱོར་རྒྱུད་དང་མཐུན་པར་སྒྲུབ་པར་བྱེད་པ་ནི། ལྷ་གྲོགས་པོ་ལྟ་བུའི་ཚུལ་དུ་སྒྲུབ་པ་སྟེ། འདི་ནི་སྤྱོད་པའི་རྒྱུད་ཀྱི་ཁྱད་ཆོས་སོ།།
 4.2.2དབྱེ་བ།
 དེ་ལ་དབྱེ་ན་སྐུ་དང་། གསུང་། ཐུགས་གསུམ་དུ་དབྱེར་ཡོད་ཅིང་། དེ་ལ་སྐུའི་རིགས་ནི་རིགས་གསུམ་གྱི་གཙོ་བོ་ཡིན་ལ། དེའི་ལྷའི་རིགས་ནི་རིམ་བཞིན་བྱ་རྒྱུད་ཀྱི་འཇིག་རྟེན་ལས་འདས་པའི་རིགས་གསུམ་དང་མཚུངས་ལ། རིགས་ལྔར་ཕྱེས་ཀྱང་མི་འགལ་བར་གསུངས་སོ།།
 4.2.3འཇུག་སྒོ་དབང་།
 དེ་ལ་ཆུ་དང་། ད་པན། རྡོ་རྗེ། དྲིལ་བུ། མིང་གི་དབང་དང་ལྔ་ཡོད་ཅིང་། ཆུ་དབང་ལ་ནང་གསེས་ཀྱི་ལྔ་ཡོད། ཆུ་དབང་དང་པོས་ངན་སོང་གི་དྲི་མ་སྦྱོང་བ་དང་། གཉིས་པས་འཁོར་བའི་ས་བོན་སྐྲུན། གསུམ་པས་ས་དང་པོ་ནས་བཅུ་པའི་བར་གྱི་ཚོགས་གཉིས་ཀྱི་ས་བོན་སྐྲུན། བཞི་པས་རྒྱལ་ཚབ་ཀྱི་ས་བོན་འཇོག་པར་གསུངས་ལ། ཅོད་པན་གྱི་དབང་གིས་མཚན་དཔེའི་ས་བོན་འཇོག་པ་དང་། དྲིལ་བུས་གསུང་དབྱངས་ཡན་ལག་དྲུག་ཅུ། རྡོ་རྗེས་ཐུགས་ཇི་ལྟ་ཇི་རྙེད་མཁྱེན་པ། མིང་དབང་གིས་སངས་རྒྱས་ཀྱི་མཚན་གྱི་ནུས་པ་འཇོག་པར་རྣམ་སྣང་མངོན་བྱང་གི་རྒྱུད་ལས་གསུངས་སོ། །
   4.2.4སྒོམ་ཚུལ།
  དེ་ནི་ནང་དུའང་རང་བྱུང་གི་ལྷ་སྒོམ་པ་དང་། གཙོ་བོར་རང་གི་ལུས་ལ་སངས་རྒྱས་ཀྱི་སྐུར་བལྟས་ཏེ། སྐུའི་བྱིན་རླབས་མྱུར་དུ་འཇུག་པ་དང་། ངག་ལ་དེའི་སྔགས་སུ་བལྟས་ཏེ།  གསུང་གི་བྱིན་རླབས་མྱུར་དུ་འཇུག་པའི་སྒོ་ནས་བསྒོམ་པ་ཡིན་ནོ། །
 4.2.5འབྲས་བུ།
  འབྲས་བུ་མངོན་དུ་བྱེད་ཚུལ་ལ་དབང་རྟུལ་རིང་མཐའ་ཡང་བསྐལ་ཆེན་བརྒྱད་དང་།  དབང་རྣོན་ཇི་ལྟར་ཐོགས་ཀྱང་བསྐལ་ཆེན་གསུམ་གྱིས་མཐར་ཐུག་གི་འབྲས་བུ་མངོན་དུ་བྱེད་པར་གསུངས་སོ། །
 4.3རྣམ་འབྱོར་རྒྱུད།
 4.3.1གོ་དོན།
 དེ་ནི《རྩ་རྒྱུད་དེ་ཉིད་བསྡུས་བ》དང་།《བཤད་རྒྱུད་རྡོ་རྗེ་རྩེ་མོ》ལ་སོགས་པའི་རྨང་གཞི་ལ་བརྟེན་ནས་བྱུང་ཞིང་། ཕྱིའི་བྱ་བ་དང་ནང་གི་རྣལ་འབྱོར་གཉིས་ལས། ནང་གི་རྣལ་འབྱོར་ལ་གཙོ་བོར་མོས་པའི་གདུལ་བྱའི་ཆེད་དུ་གསུངས་པའི་རྒྱུད་ནི། རྣལ་འབྱོར་རྒྱུད་ཀྱི་མཚན་ཉིད་དོ། །
སྒྲ་བཤད་ནི། ནང་ཐབས་ཤེས་ཀྱི་རྣལ་འབྱོར་སྒོམ་པ་གཙོ་བོར་གྱུར་བས་སམ། ཟབ་པ་དོན་དམ་པའི་བདེན་པ་དང་། རྒྱ་ཆེ་བ་ཀུན་རྫོབ་ཀྱི་བདེན་པ་ཀུན་ཤེས་ཤིང་རིག་ནས། དེ་གཉིས་དབྱེར་མེད་དུ་སྦྱོར་བའི་ཏིང་ངེ་འཛིན་ལ་གཙོ་བོར་བྱེད་པས་ན་རྣལ་འབྱོར་རྒྱུད་ཟེར། 
 རིག་པའི་ལྷ་མོ་སྟེ་གསང་བའི་མཆོད་པ་དང་། གཡོག་མོའི་གཙོ་མོ་བདུག་སྤོས་མ་ལ་སོགས་པ་རྣམས་དང་ལྷན་ཅིག་ཏུ་དཀྱིལ་འཁོར་གྱི་འཁོར་ལོ་ལ་འགོད་པ་དང་། དེ་ལས་བྱུང་བའི་བྱེད་པ་ཏིང་ངེ་འཛིན་དང་། སྔགས་དང་། ཕྱག་རྒྱ་དང་། ལས་ཀྱི་སློབ་དཔོན་གྱི་ལས་དང་སློབ་མ་འཇུག་པ་ལ་སོགས་པ་དང་། སྒྲུབ་པ་ནོར་གྱི་དངོས་གྲུབ་ལ་སོགས་པའམ་ཡང་ན། དེ་ལས་བྱུང་བའི་ལས་ཀྱི་དངོས་གྲུབ་སྒྲུབ་པ་ལ་སོགས་པ་རྣམས་དེ་ཁོ་ན་ཉིད་བཅུས(དཀྱིལ་འཁོར་དང་།   སྔགས། ཕྱག་རྒྱ། བདག་དང་གནས་སོགས་བསྲུང་བ། ལྷ་རྣམས་སྤྱན་དྲངས་བའི་ཆོ་ག བཟླས་བརྗོད། བསྒོམ་པ། ཕྱི་ནང་གི་བདག་ཉིད་ཅན་གྱི་སྦྱིན་སྲེག ཉེ་བར་བསྡུ་བ། གཤེགས་སུ་གསོལ་བའོ)རབ་ཏུ་སྤྱད་དེ་དངོས་གྲུབ་གཉིས་སྒྲུབ་པར་བྱེད་པ་ནི། རྣལ་འབྱོར་རྒྱུད་ཀྱི་ཁྱད་ཆོས་ཡིན་ནོ། །
   4.3.2དབྱེ་བ།
   དེ་བྱང་ཆུབ་ཀྱི་སེམས་གཙོ་བོར་སྟོན་པ་ཐབས་ཀྱི་རྒྱུད་དང་། ཤེར་ཕྱིན་གཙོ་བོར་སྟོན་པ་ཤེས་རབ་ཀྱི་རྒྱུད་དང་གཉིས་ཡོད།
   4.3.2འཇུག་སྒོ་དབང་།
   དེ་ལ་ཆུ་དབང་དང་། ཅོད་པན་གྱི་དབང་། རྡོ་རྗེའི་དབང་། དྲིལ་བུའི་དབང་། སློབ་མའི་དབང་། ཕྱིར་མི་ལྡོག་པའི་དབང(ཕྱིར་མི་ལྡོག་པའི་ས་བོན་སྐྲུན་པར་བྱེད་པས་ན་ཕྱིར་མི་ལྡོག་པའི་དབང་ཟེར)གསང་དབང་། རྗེས་གནང་། ལུང་བསྟན། དབུགས་དབྱུང་། གཟེངས་བསྟོད་དང་བཅུ་གཅིག་ཡོད་པར་གསུངས་སོ། །
    4.3.4སྒོམ་ཚུལ།
   དེ་ནི་རྣལ་འབྱོར་རྒྱུད་དུ་བདག་མདུན་གཉིས་སུ་མེད་པའི་སྙིང་བོའི་ལྷ་སྒོམ་པ་དང་།  གཙོ་བོར་ལུས་ལ་སྐུ་ཕྱག་རྒྱ་ཆེན་པོས་རྒྱས་འདེབས་པ་དང་། ངག་ལ་གསུང་ཆོས་ཀྱི་ཕྱག་རྒྱ་ཆེན་པོས་རྒྱས་འདེབས་པ་དང་། སེམས་ལ་ཐུགས་དམ་ཚིག་གི་ཕྱག་རྒྱས་འདེབས་པ་དང་།  བྱ་བ་ལ་འཕྲིན་ལས་ཀྱི་ཕྱག་རྒྱས་བཏབས་ཏེ་སྒོམ་དགོས་པ་ཡིན་ནོ། ། དེ་ལྟར་སྒོམ་ན་དེ་བཞིན་གཤེགས་པ་ཐམས་ཅད་མྱུར་དུ་འགྲུབ་པར་གསུངས་སོ། །
  4.3.5འབྲས་བུ།
  འབྲས་བུ་མངོན་དུ་བྱེད་ཚུལ་ལ། ལམ་འདིར་ཞུགས་ནས་རྣལ་འབྱོར་ཉམས་སུ་བླངས་ན། དབང་རྣོན་གྱིས་ཚེ་གཅིག་དང་། དབང་རྟུལ་གྱིས་མ་མཐའ་ཡང་སྐྱེ་བ་བཅུ་དྲུག་ཚུན་ལ་མངོན་པར་རྫོགས་པར་འཚང་རྒྱ་ཐུབ་པར་གསུངས་སོ། །
  4.4རྣལ་འབྱོར་བླ་མེད་ཀྱི་རྒྱུད།
  4.4.1གོ་དོན།
དེ་ནི《བདེ་མཆོག》དང《གསང་འདུས》《འཇིགསབྱེད》《དུས་འཁོར》སོགས་ཀྱི་རྩ་བ་དང་བཤད་པའི་རྒྱུད་ལ་སོགས་པ་ལ་བརྟེན་ནས་བྱུང་ཞིང་། དབང་བོ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་པ་ལ་གཙོ་བོར་མོས་པའི་གདུལ་བྱའི་ཆེད་དུ་གསུངས་པའི་རྒྱུད་དེ་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཀྱི་མཚན་ཉིད་དོ། །
སྒྲ་བཤད་ནི། རྒྱུད་ཐམས་ཅད་ཀྱི་མཆོག་ཏུ་གྱུར་ཅིང་དེའི་གོང་ན་རྒྱུད་གཞན་མེད་པས་ན།  རྣལ་འབྱོར་བླ་མེད་ཀྱི་རྒྱུད་ཟེར། 
 ཁྱད་ཆོས་ནི། བཙུན་མོའི་འཁོར་གྱི་དབུས་སུ་མ་རྒྱུད་ལྟར་ཧེ་རུ་ཀ(ཁྲག་འཐུང)འམ།  ཕ་རྒྱུད་ལྟར་ན་རྣམ་སྣང་སོགས་འཁོར་ལོས་བསྒྱུར་བའི་གཟུགས་ཀྱིས་ཡབ་ཡུམ་མས་པར་ཞུགས་པའི་ཏིང་ངེ་འཛིན་གྱིས། ཕོ་བྲང་ན་རྒྱལ་པོ་གནས་ཞེས་པ་ལྟར་བྷ་གའི་གཞལ་ཡས་ཁང་དུ་ཡང་དག་པར་བཞུགས་ཏེ། འཇིག་རྟེན་མི་ཆོས་ལུགས་ཀྱི་སྤྱོད་པ་དང་འགལ་བ། མ་དང་།  སྲིང་མོ། བུ་མོ་ལ་བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། ཞེས་པ་ལྟ་བུ་ཤིན་ཏུ་དམན་པའི་བྱ་བ་བྱེད་པས། རྨད་དུ་བྱུང་བའི་རྡོ་རྗེའི་ཚིག་དོན་གོངས་པ་དང་། དགོངས་པ་མིན་པ། དྲང་དོན་དང་ངེས་དོན། སྒྲ་ཇི་བཞིན་པ་དང་། སྒྲ་ཇི་བཞིན་པ་མ་ཡིན་པ་སྟེ་མཐའ་དྲུག་གི་ངག་གིས་རབ་ཏུ་སྤྱད་དེ་ཐུན་མོང་དང་། མཆོག་གི་དངོས་གྲུབ་སྒྲུབ་པར་བྱེད་པ་ནི། རྣལ་འབྱོར་བླ་ན་མེད་པའི་རྒྱུད་ཁོ་ནའི་ཁྱད་ཆོས་ཡིན་ནོ། །
    4.4.2དབྱེ་བ།
    དེ་ལ་དབྱེ་ན་རིགས་ཀྱི་སྒོ་ནས། རྣམ་སྣང་དང་། མི་བསྐྱོད་པ། རིན་འབྱུང་། 
འོད་དཔག་མེད། དོན་གྲུབ། རྡོ་རྗེ་འཆང་གི་རིགས་དང་དྲུག་ཡོད། བརྗོད་བྱའི་སྒོ་ནས་ཕ་རྒྱུད་དང་། མ་རྒྱུད་གཉིས་ཡོད། སྟོན་ཚུལ་གྱི་སྒོ་ནས་སྦས་རྒྱུད་དང་། གསལ་རྒྱུད་གཉིས་ཡོད།
  4.4.3འཇུག་སྒོ་དབང་།
 བླ་མེད་ཀྱི་འཇུག་སྒོ་དབང་ལ་དབྱེ་ན་བཞི་ཡོད་དེ། 
 ༡ བུམ་པའི་དབང་། དབང་འདི་བསྐུར་གཞི་གཙོ་བོ་ལུས་ཡིན་པའི་ལུས་ཀྱི་དྲི་མ་སྦྱངས་ནས་ལུས་དག་པར་བྱེད་ཅིང་། བསྒྲུབ་བྱ་སངས་རྒྱས་སྤྲུལ་བའི་སྐུ་མཛད་པ་དང་བཅས་པ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་ལ། ལུས་སྐུ་རྡོ་རྗེ་རང་བཞིན་དུ་བྱེད།
  ༢ གསང་དབང་། དེ་ནི་བྱང་སེམས་མྱོང་བ་ལས་བྱུང་བའི་ཏིང་ངེ་འཛིན་བདེ་བ་དང་བཅས་པ་ལ་བྱ་ཞིང་། སྒྲ་བཤད་ནི། བླ་མ་ཡབ་ཡུམ་གྱི་བྱང་སེམས་གསང་བའི་རྫས་ཀྱིས་བསྐུར་བའི་དབང་ཡིན་པས་ན་གསང་དབང་དང་། དབང་འདི་གཙོ་བོ་བླ་མ་ཡབ་ཡུམ་གྱི་ཀུན་རྫོབ་བྱང་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ངག་ལ་བསྐུར་ཞིང་ངག་གི་དྲི་མ་སྦྱངས་ནས་ངག་ཡང་དག་པར་བྱེད་ལ། བསྒྲུབ་བྱ་ལོངས་སྤྱོད་རྫོགས་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་ཅིང་། ངག་གསུང་རྡོ་རྗེའི་རང་བཞིན་དུ་བྱེད།
  ༣ ཤེས་རབ་ཡེ་ཤེས་ཀྱི་དབང་། དེ་ནི་བྱང་སེམས་ནོར་བུའི་ནང་དུ་བབ་པའི་ཚེ་ཉམས་སུ་མྱོང་བའི་ལྷན་སྐྱེས་ཀྱི་ཡེ་ཤེས་ལ་བྱེད། སྒྲ་བཤད་ནི། ལས་ཀྱི་ཕྱག་རྒྱ་ལ་སོགས་པ་ཤེས་རབ་མ་ལ་བརྟེན་ནས་ཕུལ་བྱུང་གི་སེམས་རྣམ་རྟོག་དང་བྲལ་བས་ལྷན་སྐྱེས་ཀྱི་ཡེ་ཤེས་བརྟེན་པ་ལ་དབང་བས་ན་ཤེས་རབ་ཡེ་ཤེས་ཀྱི་དབང་ཟེར། དབང་འདི་གཙོ་བོ་ཕྱག་རྒྱའི་བྷ་གའི་དཀྱིལ་འཁོར་ལ་བརྟེན་ཏེ་ཡིད་ལ་བསྐུར་ཞིང་། ཡིད་ཀྱི་དྲི་མ་སྦྱངས་ནས་ཡིད་དག་པར་བྱེད།  བསྒྲུབ་བྱ་ཆོས་ཀྱི་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་ཅིང་། ཡིད་ཐུགས་རྡོ་རྗེའི་རང་བཞིན་དུ་བྱེད་དོ། །
 ༤ དེ་ཁོ་ན་ཉིད་ཀྱི་དབང་། དེ་ནི་རང་ལུས་ལོངས་སྐུའི་རྣམ་པ་ཅན་བདེ་སྟོང་ཟུང་འཇུག་གི་སྐུའམ་དེའི་བདེ་སྟོང་དབྱེར་མེད་ཀྱི་ལྷན་སྐྱེས་ལ་བྱ་ཞིང་། དབང་འདི་ནི་ཟབ་ཅིང་རྒྱ་ཆེ་ལ་མོས་པ་དག་ཅིང་ཚིག་ཙམ་གྱི་སྒོ་ནས་བསྐུར་བའི་དབང་ཡིན་པས་ན།  ཚིག་དབང་ཡང་ཟེར།  དབང་འདིས་ནི་གཙོ་བོ་དོན་དམ་བྱང་སེམས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས།  ལུས་ངག་ཡིད་ལ་བསྐུར་ཏེ་སྒོ་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་སྦྱངས་ནས། བསྒྲུབ་བྱ་རྡོ་རྗེ་གསུམ་དབྱེར་མེད་པ་ངོ་བོ་ཉིད་སྐུ་འགྲུབ་པའི་ནུས་པ་ཁྱད་པར་ཅན་འཇོག་པ་ཡིན། 
 4.4.4སྒོམ་ཚུལ།
 དེ་ནི་བླ་མེད་དུ་བདག་མདུན་གཉིས་སུ་མེད་པར་ཤེས་ནས་དེའི་ལྷ་སྒོམ་པ་ཡིན་ལ།  གཙོ་བོར་རྫོགས་རིམ་ཟབ་མོའི་དོན་ལ་མ་རྨོངས་པ་དང་། བསྐྱེད་རིམ་ཟབ་མོའི་ཐབས་མཐའ་ཡས་པའི་སྒོ་ནས་སྒོམ་དགོས་ཤིང་། དབང་བོ་ཤིན་ཏུ་རྣོ་བའི་དབང་དུ་བྱས་པ་ཡིན་ནོ། ། 
 4.4.5འབྲས་བུ།
  བླ་མེད་དུ་འབྲས་བུ་མངོན་དུ་བྱེད་ཚུལ། རྒྱུད་སྡེ་འོག་མ་གསུམ་ལས་ཧ་ཅང་མྱུར་ཏེ།  བསྐྱེད་རིམ་སྐྱེ་གནས་བཞིའི་བག་ཆགས་སྦྱོང་ཕྱིར་ཐ་མལ་བའི་སྣང་ཞེན་དེ་ལྷ་སྔགས་ཡེ་ཤེས་ཀྱི་རང་བཞིན་དུ་སྒོམ་པ་དང་། རྫོགས་རིམ་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་ཏེ། རྩ་ཐིག་རླུང་གསུམ་ལས་སུ་རུང་བ་ལ་བརྟེན་ནས་སྟོང་བཞིསདྲངས་པའི་འོད་གསལ་དང་། དགའ་བཞིས་དྲངས་པའི་ལྷན་སྐྱེས་ཀྱི་ཡེ་ཤེས་མངོན་དུ་བྱེད་པའི་ཤེས་རབ་ཁྱད་པར་ཅན་གཉིས་ཚུལ་བཞིན་ཉམས་སུ་ལེན་པར་མཁས་པའི་གདུལ་བྱ་དབང་བོ་མཆོག་ཏུ་གྱུར་བ་རྣམས་ཀྱིས་ཉིན་གཅིག་ཞག་གཅིག་གི་ཡུན་ལའང་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་ནུས་པར་གསུངས་སོ། །
 གསང་སྔགས་ཀྱི་སྐབས་འདིར་ཡང་མཐར་ཐུག་གི་འབྲས་བུ་འམ་སངས་རྒྱས་ཀྱི་སྐུའི་རྣམ་གཞག་ཐད། ཐེག་པ་ཆེན་པོ་སྤྱིའི་བཞེད་ཚུལ་དང་མཐུན་པ་ཡིན་པས། གསང་སྔགས་པས་ཀྱང་སངས་རྒྱས་ཀྱི་སྐུ་ཐམས་ཅད་བསྡུས་ན། ཆོས་སྐུ་དང་། གཟུགས་སྐུ་གཉིས་སུ་འདུ་བར་འདོད་ཅིང་། དེ་གཉིས་ཀྱི་ཁྱད་པར་ནི། ཆོས་སྐུ་སངས་རྒྱས་རང་སྣང་ཁོ་ནས་བསྡུས་པ་དང་།  གཟུགས་སྐུ་གདུལ་བྱ་གཞན་གྱི་སྣང་བས་བསྡུས་བར་ལུགས་འདིས་བཞེད་དོ། །
 
དཔྱད་གཞིའི་ཡིག་ཆ།
རྗེ་བཙུན་ཆོས་ཀྱི་རྒྱལ་མཚན། 1981 《རྒྱན་འགྲེལ་སྤྱི་དོན་རོལ་མཚོ》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐུན་ཁང་།
མང་ཐོས་ཀླུ་སྒྲུབ་རྒྱ་མཚོ། 1981 《བསྟན་རྩིས་གསལ་བའི་ཉིན་བྱེད་ལྷག་བསམ་རབ་དཀར》 བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། 1982 《ཤེས་བྱ་ཀུན་ཁྱབ》(སྟོད་སྨད་བར་ཆ)མི་རིགས་དཔེ་སྐྲུན་ཁང་།
ཐུའུ་བཀྭན་ཆོས་ཀྱི་ཉི་མ། 1984《ཐུའུ་བཀྭན་གྲུབ་མཐའ》ཀན་སུའུ་མི་རིགས་དཔེ་སྐུན་ཁང་།
རྗེ་བཙུན་ཤེས་རབ་རྒྱ་མཚོ། 1984《རྗེ་བཙུན་ཤེས་རབ་རྒྱ་མཚོའི་གསུང་རྩོམ་པོད་གསུམ་པ》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
རྗེ་བདག་ཉིད་ཆེན་པོ། 1984 《བྱང་ཆུབ་ལམ་རིམ་ཆེན་མོ》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།
ཀུན་མཁྱེན་འཇིགས་མེད་དབང་བོ། 1986 《ཅོ་ནེའི་བསྟན་འགྱུར་དཀར་ཆག》 ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།
ཏཱ་ར་ནཱ་ཐ།《རྒྱ་གར་ཆོས་འབྱུང》 1986 སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།
སི་ཏུ་ཆོས་ཀྱི་འབྱུང་གནས། 1989《སྡེ་དགེའི་བཀའ་འགྱུར་དཀར་ཆག》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།     
ལྕང་སྐྱ་རོལ་བའི་རྡོ་རྗེ། 1989 《གྲུབ་མཐའ་ཐུབ་བསྟན་ལྷུན་པོའི་མཛེས་རྒྱན》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
བློ་བཟང་དཔལ་ལྡན། 1990 《བློ་བཟང་དཔལ་ལྡན་གྱི་ལྕགས་རྩོམ་ཕྱོགས་བསྒྲིགས》(སྟོད་ཆ)ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
མཆིམས་འཇམ་པའི་དབྱངས། 1990 《མཛོད་འགྲེལ་མངོན་པའི་རྒྱན》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
ཐུབ་བསྟན་ཆོས་གྲགས། 1990 《སྤྱོད་འཇུག་འགྲེལ་བཤད་རྒྱལ་སྲས་ཡོན་ཏན་བུམ་བཟང》 ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
དགེ་འདུན་ཆོས་འཕེལ། 1990 《མདོ་སྨད་པ་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ》(དེབ་དང་པོ་གཉིས་པ་གསུམ་པ)བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།
ཀློང་ཆེན་རབ་འབྱམས་པ། 1991《ཀློང་ཆེན་ཆོས་འབྱུང》བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་ཁང་།
ཐུབ་བསྟན་འོད་གསལ་བསྟན་པའི་ཉི་མ། 1992 《སྔ་འགྱུར་རྙིང་མའི་ཆོས་འབྱུང》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།
ཀུན་མཁྱེན་མཚོ་སྣ་བ། 1993 《འདུལ་ཊིཀ་ཉི་མའི་འོད་ཟེར》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
ནམ་མཁའ་ནོར་བུ། 1994 《ནམ་མཁའ་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།
རྒྱལ་ཚབ་དར་མ་རིན་ཆེན།《རྩ་བ་ཤེས་རབ་ཀྱི་དཀའ་གནད་ཆེན་པོ་བརྒྱད་ཀྱི་བཤད་པ》ལྷ་སའི་ཤིང་དཔར།
མཁས་གྲུབ་དགེ་ལེགས་དཔལ་བཟང་།《སྟོང་ཐུན་སྐལ་བཟང་མིག་འབྱེད》སྐུ་འབུམ་ཤིང་དཔར།
རྗེ་བདག་ཉིད་ཆེན་པོ།《སྔགས་རིམ་ཆེན་མོ》རོང་བོ་ཤིང་དཔར།
 དེ་ཡང་བསྟན་པའི་འཇུག་སྒོ་སྐྱབས་འགྲོ། ཐེག་ཆེན་གྱི་འཇུག་སྒོ་སེམས་བསྐྱེད། སྔགས་ལམ་གྱི་འཇུག་སྒོ་དབང་ཞེས་གསུངས་པ་ལྟར། སྔགས་ལམ་ལ་འཇུག་ཚེ་ཐོག་མར་དབང་ཐོབ་དགོས་པ་ཡིན་ནོ།། 
འོ་ན། དབང་ཞེས་པའི་དོན་ཅི་ཞེ་ན། དབང་གི་སྐད་དོད་ཨ་བྷ་ཥཉཙཞེས་པ་འདི་ཡིན་ལ།  དེའི་དོན་ནི། གཏོར་བའམ་བླུགས་པའི་དོན་དེ། སྒྲིབ་པ་གཏོར་ནས་རྒྱུད་དག་པར་འཁྲུད་པ་དང་། རྒྱུད་དག་པའི་སྣོད་གཙང་མར་ཡེ་ཤེས་ཀྱི་ནུས་པ་བླུགས་པའི་དོན་ནོ།། 
 དེ་ཡང་སྔགས་ཀྱི་ཆོ་ག་རྣམ་པར་དག་པ་ལ་བརྟེན་ཏེ། ཕུང་ཁམས་སྐྱེ་མཆེད་ལ་འབྲས་བུ་སྐུ་བཞིའི་ས་བོན་ཁྱད་པར་ཅན་གདབ་པའི་སྒོ་ནས་རྒྱུད་ཡོངས་སུ་སྨིན་པར་བྱས་པ་ནི་དབང་གི་དོན་ནོ།། དབང་ཐོབ་པ་ནས་བཟུང་གང་ཟག་དེས་སྔགས་དང་རྒྱུད་ཉན་པ་དང་བཤད་པ་སྒྲུབ་པ་ལའང་དབང་ཐོབ་པ་ཡིན་ནོ། །

རྩོམ་སྒྲིག་པ།