ནང་དོན་རིག་པའི་སྤྱི་བཤད། བཞི་པ། གྲུབ་མཐའ་སྨྲ་བ་བཞི། ང དབུ་མ་པ།
དུས་ཚོད།:2018-11-29  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:1582  |   དཔྱད་པ།:0

 ང དབུ་མ་པ།

 1.དབུ་མ་པའི་བྱུང་བ།
   དབུ་མ་བའི་གྲུབ་མཐའ་འདི་ནི། དུས་རབས་དང་པོའི་ནང་གཙོ་བོ《ཤེར་ཕྱིན་གྱི་མདོ》དང《ལང་ཀར་གཤེགས་པའི་མདོ》《ཡབ་སྲས་མཇལ་བའི་མདོ》སོགས་ཀྱི་རྨང་ང་གཞི་ལ་བརྟེན་ནས་བྱུང་པ་དང་། མདོ་དེ་དག་དུ་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པའི་གནས་ལུགས་རིགས་པའི་རྣམ་གྲངས་མཐའ་ཡས་པའི་སྒོ་ནས་བསྒྲུབས་ཡོད་དོ། ། རིགས་པ་དེ་དག་གཞུང་ལུགས་ཀྱི་སྟེང་ནས་སྡོམ་ཚིག་བཀོད་སྟེ། དབུ་མ་པའི་ལུགས་སྲོལ་འདི་ཉིད་གསར་དུ་བཏོད་མཁན་གྱི་ཤིང་རྟའི་སྲོལ་འབྱེད་ནི། འཕགས་པ་ཀླུ་སྒྲུབ་ཡིན་ནོ། །
 2.དབུ་མ་པའི་དབྱེ་བ།
 དེ་ལ་རང་རྒྱུད་པ་དང་ཐལ་འགྱུར་པ་གཉིས་ཡོད། དེ་ལས་དབུ་མ་རང་རྒྱུད་པ་ནི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་གཉིས་སུ་གྱེས་ཏེ་འཕེལ་རྒྱས་སུ་ཕྱིན།
 དེ་ལས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བའི་གཞི་འཛུགས་ས་གཙོ་བོ་ནི།  སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད་པའི་རྩ་ཤེས་ཀྱི་འགྲེལ་བ《ཤེས་རབ་སྒྲོན་མེ》ཡིན།  གཞུང་དེ་ལས། ཕྱི་དོན་སོགས་གཞིའི་རྣམ་གཞག་ཕལ་ཆེ་བ་མདོ་སྡེ་བ་དང་མཐུན་པར་བསྟན་ཡོད་ཕྱིར་གཞུང་དེའི་རྗེས་འབྲངས་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ལ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་ཟེར། སྤྱིར་སློབ་དཔོན་ལེགས་ལྡན་འབྱེད་ནི། དབུ་མ་རང་རྒྱུད་སྤྱིའི་ཤིང་རྟའི་སྲོལ་འབྱེད་ཡིན་མོད། འོན་ཀྱང་། ཁོང་གིས་བརྩམས་པའི་རྩ་ཤེས་ཀྱི་འགྲེལ་བ《ཤེས་རབ་སྒྲོན་མེ》རུ་གཞིའི་རྣམ་གཞག་ཕལ་ཆེར་མདོ་སྡེ་བ་དང་མཐུན་པར་བསྟན་ཡོད་ཕྱིར། རྗེས་ཀྱི་དབུ་མ་རང་རྒྱུད་པའི་འཕེལ་རྒྱས་ཁྲོད་དུ། སློབ་དཔོན་ལེགས་ལྡན་འབྱེད་ནི། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་འབྱེད་དུའང་གྱུར་བ་རེད། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་རྩ་ཤེས་ཀྱི་འགྲེལ་བ《ཤེས་སྒྲོན་མེ》མཛད་པའི་རྨང་གཞིའི་སྟེང་། སྤྱན་རས་གཟིགས་བརྟུལ་ཞུགས་དང་།  ཡེ་ཤེས་སྙིང་པོ་སོགས་ཁོང་གི་རྗེས་འཇུག་མང་བོས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པའི་གྲུབ་མཐའ་འདི་ཉིད་དར་ཞིང་རྒྱས་པར་བྱས་སོ། །
 རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ལྟ་བའི་གཞི་འཛུགས་ས་གཙོ་བོ་ནི། སློབ་དཔོན་ཞི་བ་འཚོས་མཛད་པའི《དབུ་མ་རྒྱན》བྱ་བ་འདི་ཡིན། ཁོང་གིས《དབུ་མ་རྒྱན》བརྩམས་པ་ལ་བརྟེན་ནས། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པའི་ཤིང་རྟའི་སྲོལ་ཕྱེས་ཤིང་།  གཞུང་དེ་ལས། ཕྱི་དོན་མེད་ཅིང་རང་རིག་འཐད་པ་སོགས་གཞིའི་རྣམ་གཞག་ཕལ་ཆེ་བ་སེམས་ཙམ་པ་དང་མཐུན་པར་བསྟན་ཡོད་ཕྱིར། རྗེས་སུ་གཞུང་དེའི་རྗེས་འབྲངས་ཀྱི་གྲུབ་མཐའ་སྨྲ་བ་རྣམས་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་ཟེར། སློབ་དཔོན་ཀ་མ་ལ་ཤི་ལའམ་པད་མའི་ངང་ཚུལ(ཞི་བ་འཚོའི་རྗེས་བོད་དུ་ཕེབས་ནས་རྒྱ་ནག་ཧྭ་ཤང་དང་རྩོད་པ་བྱས)དང་། སེང་གེ་བཟང་བོ་སོགས་ལུགས་འདིའི་རྗེས་འབྲངས་བ་མང་དུ་བྱུང་ངོ་། །
   དབུ་མ་ཐལ་འགྱུར་བ། དབུ་མ་ཐལ་འགྱུར་བའི་གྲུབ་མཐའ་འདི་ནི། སློབ་དཔོན་སངས་རྒྱས་བསྐྱངས་ཀྱི་རྩ་ཤེས་ཀྱི་འགྲེལ་བ《བུངྡ་པ་ལི་ཏ》ལ་བརྟེན་ནས་བྱུང་བ་ཞིག་ཡིན།  འགྲེལ་བ་དེ་ལས། བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མེད་པའི་གནས་ལུགས་སྒྲུབ་སྐབས།  ཐལ་འགྱུར་ཙམ་གྱི་སྒོ་ནས་བསྒྲུབས་ཡོད་པ་ལས། རང་རྒྱུད་ཀྱི་རྟགས་བཀོད་མེད། དེའི་ཕྱིར།  ཐལ་འགྱུར་ཙམ་གྱི་སྒོ་ནས་ཕྱི་རྒོལ་གྱི་རྒྱུད་ལ་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེ་བར་འདོད་པའི་དཔལ་ལྡན་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལམ་སྲོལ་གསར་དུ་བཏོད་མཁན་ནི་སློབ་དཔོན་སངས་རྒྱས་བསྐྱངས་ཡིན་ཕྱིར། ཡོངས་གྲགས་སུ་དབུ་མ་ཐལ་འགྱུར་བའི་ཤིང་རྟའི་སྲོལ་འབྱེད་སངས་རྒྱས་བསྐྱངས(འགའ་ཤས་ཀྱིས་ཟླ་བ་གྲགས་པ་ཡིན་པར་ཡང་འདོད)ཡིན་པར་བཞེད། སློབ་དཔོན་སངས་རྒྱས་བསྐྱངས་ཀྱིས་ཐལ་འགྱུར་བའི་ཤིང་རྟའི་སྲོལ་ཕྱེས་བའི་རྨང་གཞི་ལ་བརྟེན་ནས། རྗེས་སུ་དཔལ་ལྡན་ཟླ་བ་གྲགས་པ་དང་། རིག་པའི་ཁུ་བྱུག་ཆེ་ཆུང་གཉིས།  ཇོ་བོ་རྗེ་ཨ་ཏི་ཤ་སོགས་མང་དུ་བྱོན་ནོ། །
དབུ་མ་པའི་ལྟ་བ།
 2.1དབུ་མ་རང་རྒྱུད་པའི་ལྟ་བ།
 ལུགས་འདིའི་ལྟ་བའི་གཞི་འཛུགས་ས་གཙོ་བོ《ཤེས་རབ་སྒྲོན་མེ》ལས། མཐའ་བཞི་སྐྱེ་མེད་སོགས་ཀྱི་བསྒྲུབ་བྱ་རྟོགས་པའི་རྗེས་དཔག་སྐྱེད་པ་ཅིས་ཀྱང་སྦྱོར་ངག་ལ་ལྟོས་དགོས་པར་བསྟན་ཡོད་ཕྱིར་ཐ་སྙད་དུ་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་གྲུབ་པར་ཁས་བླངས་ཡོད་པ་རེད། ལུགས་འདིས་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་ཁས་མི་ལེན་མོད། འོན་ཀྱང་། ཆོས་ཐམས་ཅད་རང་ངོས་ནས་གྲུབ་པར་འདོད་པ་ཡིན། དེའི་རྒྱུ་མཚན་ནི་ཆོས་གང་ཡིན་ཡང་དེའི་བཏགས་དོན་བཙལ་ན་རྙེད་པར་འདོད་པ་དེ་ལ་ཐུག་འདུག དེ་ཡང་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པར། ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་དེ་ནི་ལུགས་འདིས་བཞེད་པའི་བརྟག་པ་མཐའ་བཟུང་གི་བདེན་གྲུབ་ཡིན་ལ།  དེ་ལྟར་གྲུབ་པའི་ཆོས་རྡུལ་ཙམ་ཡང་མེད་པར་འདོད་པས། ལུགས་འདིས་བདེན་གྲུབ་ཀྱི་ཆོས་རྡུལ་ཙམ་ཡང་མི་འདོད་དོ། །
 གནས་མ་བུ་མ་གཏོགས་པའི་དབུ་མ་རང་རྒྱུད་པ་མན་ཆད་ཀྱི་ནང་བའི་གྲུབ་མཐའ་སྨྲ་བ་མཐའ་དག་གིས། གང་ཟག་ཕུང་བོ་ལ་བརྟེན་ནས་བཏགས་པ་ཙམ་དུ་བཞེད་པ་འདྲ་ཞིང་། ཕུང་བོ་ལ་བརྟེན་ནས་བཏགས་པ་ཙམ་གྱི་ཙམ་སྒྲས་ནི། ཕུང་བོ་ལས་དོན་གཞན་པའི་བདག་བཀག་ནས། གང་ཟག་བཏགས་ཡོད་དུ་བཞེད་པར་མཐུན་ལ། འདོགས་ཚུལ་ནི། ཡིད་ཀྱི་རྣམ་པར་ཤེས་པ་དང་། ཀུན་གཞིའི་རྣམ་ཤེས། རྣམ་པར་ཤེས་པའི་རྒྱུན་ཅི་རིགས་ལ་བརྟེན་ནས་འདོགས་པར་བྱེད་དོ། །
 མདོར་ན། དབུ་མ་རང་རྒྱུད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཙོ་བོ་ནི། ཆོས་ཐམས་ཅད་བདེན་མེད་དུ་ཁས་ལེན་པར་མ་ཟད། ད་དུང་། རང་ངོས་ནས་གྲུབ་པ་དང་རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་ཁས་ལེན་པ་དེ་ཡིན། ལུགས་འདིས་ཉན་ཐོས་སྡེ་གཉིས་ཀྱིས་བཞེད་པའི་ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་ལྟ་བ་དེ་རིགས་པས་བཀག་ནས། ཐ་སྙད་དུ་ཤེས་བྱ་ཐམས་ཅད་རང་བཞིན་གྱིས་གྲུབ་པ་དང་། རང་ངོས་ནས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ་སོགས་སུ་འདོད་ཅིང་། དོན་དམ་པར་གཞན་སྐྱེ་མེད་ཀྱང་ཐ་སྙད་དུ་གཞན་སྐྱེ་ཡོད་པར་ཁས་ལེན།
   འོ་ན། དབུ་མ་རང་རྒྱུད་པས་བདེན་པར་མེད་ཀྱང་ཐ་སྙད་དུ་རང་བཞིན་གྱིས་གྲུབ་པའི་གནས་ལུགས་དེ་ཇི་ལྟར་ཁས་བླངས་ཞེ་ན། དེ་ལ་བདེན་པར་མེད་ཅེས་པས་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པ་མ་ཡིན་པའི་སྡོད་ལུགས་ཤིག་ཡོད་པ་བཀག་པ་དང་། རང་བཞིན་གྱིས་གྲུབ་ཅེས་པས་ཤེས་བྱ་གང་ཞིག་ཡིན་ཡང་དེའི་བཏགས་དོན་བཙལ་ན་རྙེད་ངེས་ཡིན་ཅེས་པའི་དོན་རེད། དེའི་ཕྱིར། ཤེས་བྱ་གང་ཞིག་ཡིན་ཡང་དེ་བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་པར་མ་ཟད། ད་དུང་། དེའི་བཏགས་དོན་བཙལ་ན་རྙེད་རྒྱུ་ཡོད་པའི་གནས་ལུགས་འདི་ནི། དབུ་མ་རང་རྒྱུད་པའི་ལྟ་བ་མཐར་ཐུག་ཡིན་ལ། ལྟ་བ་དེ་ཡང་དག་པར་རྟོགས་པའི་བློ་ནི། གྲུབ་མཐའ་འདིས་བཞེད་པའི་དབུ་མའི་ལམ་ཡིན་ནོ། །
 ལུགས་འདིས་ཤེས་བྱ་ཐམས་ཅད་བདེན་པར་མ་གྲུབ་ཀྱང་ཐ་སྙད་དུ་རང་བཞིན་གྱིས་གྲུབ་པ་སྟེ་བཏགས་དོན་བཙལ་ན་རྙེད་ཅེས་པའི་དོན། བུམ་པ་ལ་སྦྱར་ནས་བཤད་ན། བུམ་པའི་བརྡ་ལ་བྱང་བའི་གང་ཟག་ཅིག་ཡིན་ཕྱིན། ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་བའི་དངོས་པོ་དེ་མཐོང་མ་ཐག་འདི་བུམ་པའོ་སྙམ་པའི་བློ་ངང་གིས་སྐྱེས་ལ། བློ་དེ་ནི་བློ་གནོད་མེད་དམ་བློ་མ་འཁྲུལ་བ་ཞིག་ཡིན་པར་བཞེད། བློ་གནོད་མེད་ལ་སྣང་བའི་དབང་གིས་བཞག་ཅེས་པ་འདི་ནི་གནད་གཙོ་བོ་ཞིག་ཡིན་ཏེ། དེས་ནི་ཤེས་བྱ་གང་ཞིག་ཡིན་ཡང་བློས་བཏགས་ཙམ་ཡིན་པ་བསྟན་ཡོད་པ་རེད། དེ་བས་རང་རྒྱུད་པའི་ལུགས་འདིར། རྟོག་པས་བཏགས་ཙམ་དང་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་པ་གཉིས་མི་འགལ་བའི་གནད་ཀྱང་འདི་ལ་ཐུག་འདུག་གོ །
 དཔེར་ན། བུམ་པ་ལྟ་བུ་ལ་མཚོན་ནས་བཤད་ན། བུམ་པའི་སྡོད་ལུགས་ལྟོ་ལྡིར་ཞབས་ཞུམ་ཆུ་སྐྱོར་གྱི་དོན་བྱེད་ནུས་པ་ལ་ལྟོས་ནས་འདི་ནི་བུམ་བའོ་སྙམ་པའི་བློ་གནོད་མེད་མ་འཁྲུལ་བ་ཅིག་ངེས་པར་སྐྱེ་ཞིང་། དེ་འདྲའི་བློ་མ་འཁྲུལ་བ་དེ་དང་བུམ་པའི་སྡོད་ལུགས་གཉིས་ལྷན་གཅིག་ཏུ་ཚོགས་པའི་ཚོགས་དོན་དེ་ནི། ལྟོ་ལྡིར་བ་སོགས་ལ་བརྟེན་ནས་འདི་བུམ་པའོ་ཞེས་བཏགས་པའི་བཏགས་དོན་ཡིན་པར་བཞེད། བཏགས་དོན་དེ་ནི། བུམ་པ་འཛིན་པའི་བློ་སྐྱོན་མེད་དང་། བུམ་པའི་སྡོད་ལུགས་གཉིས་ལྷན་གཅིག་ཏུ་འདུས་པ་ལ་བརྟེན་ནས་བཞག་པ་ཡིན་ཕྱིར་ཐ་སྙད་ཏུ་རང་གི་མཚན་ཉིད་ཀྱིས་གྲུབ་པའམ་རང་བཞིན་གྱིས་གྲུབ་པར་བཞག་པ་ཙམ་མ་གཏོགས་བུམ་པ་འཛིན་པའི་བློ་སྐྱོན་མེད་ལ་མ་ལྟོས་པར་བུམ་པའི་སྡོད་ལུགས་ལྟོ་ལྡིར་བ་སོགས་ཀྱི་ངོས་ཁོ་ནས་གྲུབ་པ་ཡིན་ན། བུམ་པ་ཉིད་ལྟོ་ལྡིར་བ་སོགས་ལ་མ་ལྟོས་པར་རང་དབང་ཏུ་འཛིན་རྒྱུ་དང་རང་རྐྱ་བར་སྣང་རྒྱུ་ཡོད་པ་ཞིག་ཡིན་དགོས་ཤིང་། དེ་ལྟར་ཡིན་ཚེ་བུམ་པ་རང་དོན་དམ་པར་རང་བཞིན་གྱིས་སམ་རང་གི་མཚན་ཉིད་ཀྱིས་གྲུབ་ཡོད་པར་འདོད་པ་རེད། 
 དེས་ན། བུམ་པ་འཛིན་པའི་བློ་གནོད་མེད་ལ་མ་ལྟོས་བར་ལྟོ་ལྡིར་བ་སོགས་བུམ་པའི་སྡོད་ལུགས་ཀྱི་ངོས་ཁོ་ནས་རང་དབང་ཚུགས་ཐུབ་ཏུ་མེད་པས། བུམ་པ་བདེན་པར་མེད་པར་འཇོག་ལ། བུམ་པ་འཛིན་པའི་བློ་སྐྱོན་མེད་དང་། བུམ་པའི་སྡོད་ལུགས་གཉིས་ལྷན་ཅིག་ཏུ་ཚོགས་པ་ལ་བརྟེན་ནས། བུམ་པ་སྣང་རྒྱུ་དང་འཛིན་རྒྱུ་གཉིས་ཀ་ཡོད་པ་འདི་ལ་ཐ་སྙད་དུ་བུམ་པ་རང་གི་མཚན་ཉིད་ཀྱིས་གྲུབ་པར་འཇོག་གོ །
 འོ་ན། བློ་གནོད་མེད་ཅེས་པའི་ལྡོག་ཕྱོགས་ཀྱི་བློ་གནོད་པ་ཅན་དེ་གང་འདྲ་ཞིག་ལ་ངོས་འཛིན་ཞེ་ན། དེ་ནི་འཕྲལ་གྱི་འཁྲུལ་རྒྱུ(འཁྲུལ་རྒྱུ་དབང་བོ་ལ་ཡོད་པ། ཡུལ་ལ་ཡོད་པ།  གནས་ལ་ཡོད་པ་དང)། ཕུགས་ཀྱི་འཁྲུལ་རྒྱུ(མ་རིག་བག་ཆགས་ཀྱི་དབང་གིས་བྱུང་བའི་ནང་སེམས་སྟེང་གི་འཁྲུལ་རྒྱུ)གང་རུང་གིས་བསླད་པ་ལས་བྱུང་བའི་ཤེས་པ་ལ་གོ་དགོས། དཔེར་ན།  ཆོས་དུང་དཀར་པོའི་ཁ་དོག་སེར་པོར་སྣང་བའི་དབང་ཤེས་ལྟ་བུ་ཡིན། དབང་ཤེས་དེས་ཆོས་དུང་དཀར་པོའི་ཁ་དོག་འཇོག་མི་ནུས་ཏེ། དེ་ནི་མིག་དབང་བསླད་པ་ལ་བརྟེན་ནས་བྱུང་བའི་བློ་སྐྱོན་ཅན་ཡིན་པའི་རྒྱུ་མཚན་གྱིས་སོ། །དེས་ན། ཆོས་དུང་དཀར་བོའི་ཁ་དོག་ནི། ངེས་པར་ཆོས་དུང་དཀར་པོའི་ཁ་དོག་དཀར་པོར་སྣང་བའི་བློ་མ་འཁྲུལ་བ་དང་། ཆོས་དུང་དཀར་པོའི་ཁ་དོག་གི་གྲུབ་ཆའི་རྡུལ་རྣམས་ལྷན་ཅིག་ཏུ་ཚོགས་པ་ལ་བརྟེན་ནས་འཇོག་དགོས་པ་ཡིན་ནོ། །
 ལུགས་འདིས་གང་ཟག་གི་བཏགས་དོན་འཚོལ་ཚུལ་གྱི་སྟེང་ནས་ཐ་སྙད་དུ་གང་ཟག་རང་བཞིན་གྱིས་གྲུབ་པའི་དོན་དེ་གསལ་བཤད་བྱས་ན། སྤྱིར་དབུ་མ་རང་རྒྱུད་པའི་ལུགས་ལ་ཐ་སྙད་དུ་རང་གི་མཚན་ཉིད་ཀྱིས་གྲུབ་ཅེས་པའི་དོན་ལ་ངེས་ཤེས་ཇེ་ཟབ་ཏུ་འགྲོ་བས་དེའི་དོན་ཅུང་ཙམ་བཤད་ན། ང་ཚོའི་ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ། དངོས་པོ་དེ་ངའི་ཡིན། ང་ལྷ་སར་འགྲོ་རྒྱུ། གནད་དོན་དེ་ངས་ཤེས་སོང་། དགྲ་བོས་ངའི་རྐང་ལག་ཐམས་ཅད་བརྡུང་ཞེས་སོགས་ཀྱི་སྐབས་སུ། ང་སྒྲ་འཇུག་པའི་གཞི་དེ། ཕུང་བོ་ལྔ་རེ་རེ་དང་། ཚོགས་པ། དེ་ལས་དོན་གཞན་གང་དུ་གྲུབ་ཅེས་བཙལ་བ་ན། མཐར་ཡིད་ཀྱི་རྣམ་པར་ཤེས་པ་ཉིད་གང་ཟག་གི་བཏགས་དོན་དུ་རྙེད་པར་འདོད་པ་རེད། རྒྱུ་མཚན་ནི། ཚེ་སྔ་མ་ནས་འདིར་འོང་བ་པོ། ཚེ་འདིའི་དགེ་སྡིག་གི་ལས་བྱེད་པ་པོ་དང་རྣམ་སྨིན་མྱོང་བ་པོ་ཞིག་ངེས་པར་ཡོད་སྲིད་ཅིང་། དེ་ནི་མཐར་གཏུགས་ན་ཡིད་ཀྱི་རྣམ་པར་ཤེས་པ་འདི་ལས་མ་འདས་སོ་སྙམ་ནས། ལུགས་འདིས་ཡིད་ཀྱི་རྣམ་པར་ཤེས་པ་གང་ཟག་གི་མཚན་གཞི་དང་དེའི་བཏགས་དོན་ཡིན་པར་ཁས་བླངས་པ་རེད།
 གོང་དུ་བཤད་པའི་འཚོལ་ལུགས་དེས་བཙལ་ཀྱང་བཙལ་བྱའི་གང་ཟག་དེ་མ་རྙེད་ན།  གང་ཟག་མེད་པར་འདོད་ཅིང་། ཁོའི་ལུགས་ལ་ཆད་མཐར་ལྷུང་བས་དབུ་མ་བའང་མིན་པར་བཞེད་དོ། །
  ད་དུང་། ངས་ལས་འདི་བྱས་སོ་ཞེས་པ་ལྟ་བུའི་ཐ་སྙད་བཏགས་པ་ལ། གདགས་གཞི་ཕུང་པོ་ལྔའི་གསེབ་ནས་ཕུང་བོའི་ཆ་ཤས་སམ། ཚོགས་པ། ཡང་ན་ཕུང་བོའི་རྒྱུན་གང་རུང་ཞིག་རྙེད་ནས་གང་ཟག་དེ་འཇོག་པ་བྱུང་ན། ལས་གསོག་པ་པོ་དང་། རྣམ་སྨིན་མྱོང་བ་པོ། ཚེ་སྔ་མ་ནས་འདིར་འོངས་པ་པོ། འདི་ནས་ཕྱི་མར་འགྲོ་བ་པོ་སོགས་འཇོག་ནུས་ལ། དེ་ལྟར་བཙལ་ཀྱང་བཏགས་དོན་དེ་མ་རྙེད་ན་གང་ཟག་འཇོག་མི་ནུས་པར་ལུགས་འདིས་བཞེད། འོན་ཀྱང་། གང་ཟག་གི་བཏགས་དོན་ཡིད་ཀྱི་རྣམ་ཤེས་དེ་གདགས་གཞི་ཕུང་བོ་ལྔ་སོགས་ལ་མ་ལྟོས་པར་རང་ཚུགས་ཐུབ་པའི་ཚུལ་གྱིས་གྲུབ་པ་ནི་ལུགས་འདིས་ཀྱང་མི་བཞེད་དེ། དེ་ལྟར་གྲུབ་ན་གང་ཟག་དོན་དམ་པར་རང་བཞིན་གྱིས་གྲུབ་པར་འདོད་པ་རེད་དོ། །
  2.2དབུ་མ་ཐལ་འགྱུར་བའི་ལྟ་བ།
 ཤེས་བྱ་གང་ཡིན་ཡང་དེའི་ཐ་སྙད་བཏགས་དོན་བཙལ་ན་མི་རྙེད་པར་མ་ཟད། འདུས་བྱས་དང་འདུས་མ་བྱས་ཀྱིས་བསྡུས་པའི་ཤེས་བྱའི་གནས་ལུགས་ཀུན་མིང་བརྡས་བཞག་ཙམ་གྱི་ངོར་གྲུབ་པར་འདོད་པའི་དཔལ་ལྡན་ཐལ་འགྱུར་བའི་ཐུན་མོང་མ་ཡིན་པའི་ལྟ་བ་འདི་ནི།  ཟླ་བ་གྲགས་པས《དབུ་མ་འཇུག་པ》རུ་རིགས་པའི་རྣམ་གྲངས་མང་པོའི་སྒོ་ནས་གསལ་བར་བསྟན་འདུག་པ་འདིར་གནད་བསྡུས་ཀྱི་ཚུལ་དུ་ཞུ་ན། ཆོས་ཀྱི་བདག་མེད་གཏན་ལ་འབེབས་ཚུལ་དང་གང་ཟག་གི་བདག་མེད་གཏན་ལ་འབེབས་ཚུལ་གཉིས་སུ་འདུ།
 2.2.1བདག་མེད་གཉིས་གཏན་ལ་འབེབས་ཚུལ།
 ཐལ་འགྱུར་བའི་ལུགས་འདིར། བདག་མེད་གཉིས་ཀྱི་ཁྱད་པར་ནི། དགག་བྱའི་སྒོ་ནས་མི་འཇོག་པར་སྟོང་གཞིའི་སྒོ་ནས་འཇོག་པ་ཡིན་ཏེ། གཞི་གང་ཟག་གི་སྟེང་དུ་དགག་བྱ་བདེན་གྲུབ་བམ་རང་བཞིན་གྱིས་གྲུབ་པ་བཀག་པ་གང་ཟག་གི་བདག་མེད་དང་། གཞི་གཟུགས་སོགས་ཕྱིའི་ཆོས་ཀྱི་སྟེང་དུ་དགག་བྱ་རང་བཞིན་གྱིས་གྲུབ་པ་བཀག་པ་ཆོས་ཀྱི་བདག་མེད་ཡིན་ནོ། །
 འོ་ན། གཞི་གང་ཟག་དང་ཆོས་ཀྱི་སྟེང་དུ་འགོག་རྒྱུའི་བདག་དེ་ཅི་འདྲ་ཞིག་ཡིན་སྙམ་ན།  ཆོས་དང་གང་ཟག་གང་ཡིན་ཡང་རུང་། རྟོག་པའི་དབང་གིས་བཞག་པ་མ་ཡིན་པར་རང་གི་ངོ་བོའི་སྒོ་ནས་ཡུལ་སྟེང་དུ་གྲུབ་པར་འཛིན་པ་ནི་བདེན་འཛིན་ལྷན་སྐྱེས(གཞན་གྱི་ཤུགས་རྐྱེན་ལ་མ་ལྟོས་པར་རང་གྲུབ་ཙམ་ནས་ཡུལ་དེ་རང་དབང་བར་འཛིན་པའི་བློ)ཀྱི་འཛིན་ཚུལ་ཡིན་ལ། བློ་དེའི་ཞེན་ཡུལ་གྱི་གཞན་ལ་རག་མ་ལས་བའི་རང་དབང་བ་དེ་ནི། སྐབས་འདིའི་འགོག་རྒྱུའི་བདག་དང་། བརྟག་པ་མཐའ་བཟུང་གི་བདེན་ཚད་ཡིན། དབུ་མ་རང་རྒྱུད་པ་ལ་མཚོན་ན།  བདེན་པ་དང་། དོན་དམ་པ་དང་། ཡང་དག་པར་གྲུབ་པ་སོགས་འགོག་ཀྱང་། རང་བཞིན་ནམ།  རང་གི་མཚན་ཉིད་དམ། རང་ངོས་ནས་གྲུབ་པ་མི་འགོག་པའི་ཁྱད་པར་འབྱེད་ཀྱང་། ཐལ་འགྱུར་པའི་ལུགས་འདིར། རང་གི་མཚན་ཉིད་ཀྱིས་གྲུབ་པ་དང་། བདེན་པར་གྲུབ་པ་སོགས་དོན་གཅིག་ཏུ་བཞེད་པས་ཐམས་ཅད་ཁས་མི་ལེན་ནོ། །
   སྤྱིར་དབུ་མ་ཐལ་འགྱུར་བའི་ལུགས་འདིར། རང་རྒྱུད་དང་། རང་དབང་དོན་གཅིག་ཏུ་བཞེད་པས། དབུ་མ་རང་རྒྱུད་པས་ཚུལ་གསུམ་རང་ངོས་ནས་གྲུབ་པར་བཞེད་པ་ལ། ཐལ་འགྱུར་བས་བལྟས་ན་བདེན་གྲུབ་ཀྱི་དོན་ཚང་ངོ་། །
   དེས་ན། ཐལ་འགྱུར་བའི་ལུགས་འདིར། རང་ངོས་ནས་གྲུབ་པ་དང་། རང་བཞིན་གྱིས་གྲུབ་པ། རང་གི་མཚན་ཉིད་ཀྱིས་གྲུབ་པ། རང་དབང་དུ་གྲུབ་པ། བདེན་པར་གྲུབ་པ་སོགས་དོན་གཅིག་ཡིན། དེ་ལ་རྟོག་པའི་དབང་གིས་བཞག་པ་མ་ཡིན་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་སྐབས་འདིའི་དགག་བྱའི་བདེན་གྲུབ་ཡིན་ཕྱིར། རྟོག་པའི་དབང་གིས་བཞག་ཅེས་པའི"རྟོག་པ"དེ་གང་ལ་བྱེད་པ་དང་། དེའི་དབང་གིས་ཇི་ལྟར་བཞག་ཚུལ། རང་རྒྱུད་པས་བློས་དབང་གིས་བཞག་པ་མ་ཡིན་པའི་སྡོད་ལུགས་མེད་པར་འདོད་པ་དང་ཁྱད་པར་ཅི་ཡོད་སོགས་ཤེས་རྒྱུ་ནི་ཧ་ཅང་གལ་ཆེ་བས། གཤམ་དུ་དེ་དག་གི་དོན་རིམ་བཞིན་ཞུ་ན།
  "རྟོག་པའི་དབང་གིས་བཞག"ཅེས་པའི་རྟོག་པ་ནི། ཕྱི་རོལ་ཡུལ་གྱི་བྱ་དངོས་ལ་དམིགས་ནས། བདེན་འཛིན་གྱི་དབང་གིས་འདི་ནི་རླངས་འཁོར་རོ། འདི་ནི་ལྕགས་རྟའོ། འདི་ནི་ག་ཙེའོ་སྙམ་དུ་འཛིན་པའི་རྟོག་པ་ཞིག་སྐྱེ་ངེས་ཤིང་། རྟོག་པ་དེ་ནི་རྟོག་པས་དབང་གིས་བཞག་ཅེས་པའི་སྐབས་ཀྱི"རྟོག་པ"ཡིན་ནོ། །
   རྟོག་པ་དེའི་དབང་གིས་བཞག་ཚུལ་ནི། དཔེར་ན། སྐབས་འགར་ཅུང་ཙམ་གསལ་བའི་ཟླ་འོག་གི་ཐག་ཁྲ་མཐོང་མ་ཐག་སྦྲུལ་ལོ་སྙམ་དུ་འཛིན་པའི་རྟོག་པ་ནི་ངེས་པར་འབྱུང་སྲིད་ལ།  དེའི་ཚེ་ཐག་ཁྲའི་མདོག་དང་། དབྱིབས། ཆ་ཤས། ཚོགས་པ་སོགས་གང་ཡང་སྦྲུལ་གྱི་མཚན་གཞིར་འཇོག་རྒྱུ་མེད་ཀྱང་། སྐབས་དེའི་སྦྲུལ་ནི། ཐག་ཁྲ་ལ་བརྟེན་ནས་རྟོག་པས་བཏགས་པ་ཙམ་ཡིན་པ་སུས་ཀྱང་ཤེས་ཐུབ།དཔེ་དེ་བཞིན་དུ། གདགས་གཞི་ཕུང་བོ་ལྔ་ལ་བརྟེན་ནས་ངའོ་སྙམ་དུ་འཛིན་པའི་བློ་སྐྱེས་པ་ན། ཕུང་བོ་ལྔ་པོ་དེའི་ཡ་ཀྱལ་དང་། ཚོགས་པ། རྒྱུན། ཆ་ཤས།  དེ་ལས་གཞན་པའི་ཆོས་གང་ཡང་གང་ཟག་གི་མཚན་གཞིར་འཇོག་རྒྱུ་མེད་པས། བདག་གམ་ངའོ་སྙམ་དུ་འཛིན་པའི་བློའི་ཞེན་ཡུལ་གྱི་བདག་ནི་རྟོག་པས་བཏགས་ཙམ་ཡིན་པར་བཤད་དོ། །
  དེ་ལྟར་ཆོས་ཐམས་ཅད་རྟོག་པས་བཏགས་ཚུལ་ཐག་ཁྲ་སྦྲུལ་དུ་བཏགས་པ་དང་འདྲ་མོད། འོན་ཀྱང་། ཐག་ཁྲའི་སྦྲུལ་དང་། རླངས་འཁོར་གཉིས་ཐ་སྙད་དུ་ཡོད་མེད་མི་མཚུངས་ཏེ། རྟོག་པས་བཏགས་པ་ལྟར་ཐ་སྙད་པའི་ཚད་མས་(འཇིག་རྟེན་གྲགས་པའི་ཐ་སྙད)གནོད་མི་གནོད་མི་གཅིག་གོ །
 མིང་དུ་བཏགས་ཙམ་ཡིན་པའི་ཚུལ་ཡང་། རླངས་འཁོར་ལ་སོགས་པའི་བྱ་དངོས་འདི་དག་ལ། འདི་ནི་རླངས་འཁོར་རོ། འདི་ནི་ལྕགས་རྟའོ་ཞེས་སོགས་ཀྱི་ཐ་སྙད་བཏགས་པའི་མིང་ཙམ་ལ་བརྟེན་ནས་བླང་དོར་ལ་ཞུགས་པས། འདོད་དོན་འགྲུབ་ཅིང་མིང་ཙམ་དེ་ལ་འཐད་མི་འཐད་སོགས་ཀྱི་དགག་སྒྲུབ་དང་། བྱ་བྱེད་ཐམས་ཅད་རུང་བ་ཡིན་གྱི། མིང་ཙམ་དེས་མ་ཚིམས་པར། རླངས་འཁོར་ཞེས་པ་འདི། ལྷུ་ལག་ཞིག་ཡིན་ནམ། ཡང་ན་དེའི་ཚོགས་པ་ཞིག་ཡིན་ནམ།  དབྱིབས་ཙམ་ཡིན་ཞེས་སོགས་རླངས་འཁོར་གྱི་བཏགས་དོན་བཙལ་ན་མི་རྙེད་པ་འདིས་ནི། 
རླངས་འཁོར་ཞེས་པ་མིང་བརྡས་བཞག་ཙམ་ལས་རང་བཞིན་གྱིས་གྲུབ་མེད་པ་ལྷང་ལ་བུད་ཡོད་པ་རེད། 
 འགའ་ཤས་ཀྱིས། མིང་བརྡས་བཞག་ཙམ་ཞེས་པ་དོན་གྱིས་གཏན་ནས་མེད་པ་དང་ཁྱད་པར་མེད་དམ་ཞེ་ན། མ་ཡིན་ཏེ། རླངས་འཁོར་ལྟ་བུ་ལ་མཚོན་ན། བཏགས་དོན་བཙལ་ན་མི་རྙེད་ཀྱང་། ལྷུ་ལག་ལ་བརྟེན་ནས་རླངས་འཁོར་སྣང་རྒྱུ་ཡོད་པ་དང་། བཀོད་སྤྱོད་ཐུབ་པ་འདིས་ནི། རླངས་འཁོར་བདེན་པར་མེད་ཀྱང་ཐ་སྙད་དུ་གྲུབ་པ་བདེན་དབང་བྱས་ཡོད་པ་རེད། 
 མིང་ཙམ་གྱིས་རྗེས་སུ་འབྲངས་ནས་འཐད་མི་འཐད་ཀྱི་རྣམ་གཞག་བྱེད་པ་ཤིན་ཏུ་རུང་སྟེ།  དཔེར་ན། མི་གཉིས་ལྷ་སར་མཇལ་བར་སོང་བ་ན། ལྷ་སར་ཐོན་མ་ཐག་པའི་ཉིན་དེར། ཐོག་མར་གཙུག་ལག་ཁང་ལ་མཇལ་ངེས་ཤིང་། གཙུག་ལག་ཁང་གི་ལྡེབས་རིས་རེ་རེར་མཇལ་དུས་མི་ཀ་བས་ཕྱག་ན་རལ་གྲི་ཐོགས་པ་འདི་ནི་གསང་བདག་དང་། རྡོ་རྗེ་ཐོགས་པ་འདི་ནི་འཇམ་དབྱངས་རེད་ཅེས་སྨྲས་པ་དང་། མི་ཁ་པས་བཤད་རྒྱུར། ཁྱོད་ཀྱིས་བཤད་པ་དེ་ནོར་འདུག   ཕྱག་ན་རལ་གྲི་ཐོགས་པ་དེ་འཇམ་དབྱངས་དང་། རྡོ་རྗེ་ཐོགས་པ་དེ་གསང་བདག་རེད་ཅེས་སྨྲས་ཏེ་མཇལ་བ་གཉིས་རྩོད་པར་འགྱུར་ཞིང་། དེའི་ཚེ་ཁོ་གཉིས་གཙུག་ལག་ཁང་གི་དཀོར་གཉེར་གྱི་མདུན་དུ་སོང་སྟེ་རང་རང་གི་བལྟ་ཚུལ་སྨྲས་པ་ན། དཀོར་གཉེར་ཀྱིས་ལྡེབས་རིས་ནི་འཇམ་དབྱངས་དང་། གསང་བདག་མ་ཡིན་པར་རྩིགས་པ་ལ་བརྟེན་པའི་ལྷ་དེ་དག་གི་གཟུགས་བརྙན་ཙམ་ཡིན་པ་ཤེས་མོད། འོན་ཀྱང་། ལྷ་དེ་གཉིས་མ་རེད། འདི་དག་རི་མོ་རེད་ཅེས་མི་ཟེར་བར་འཇིག་རྟེན་གྱི་ཐ་སྙད་དང་བསྟུན་ནས། ཕྱག་ན་རལ་གྲི་ཐོག་པ་འདི་འཇམ་དབྱངས་དང་།  རྡོ་རྗེ་ཐོགས་པ་འདི་གསང་བདག་རེད་ཅེས་སྨྲ་ངེས་ཤིང་། དེ་ལྟར་སྨྲས་པས་མཇལ་བ་གཉིས་ཀྱི་འདོད་པ་ཡང་འགྲུབ་པར་འགྱུར་ལ། དཀོར་གཉེར་དེས་རྫུན་སྨྲས་པའི་སྐྱོན་དུའང་མི་འགྱུར་བ་ལྟ་བུའོ། །
   དེ་བཞིན་དུ་ཤེས་བྱ་གང་ཡིན་ཡང་རང་གི་ཡུལ་སྟེང་ནས་གྲུབ་པ་མེད་ཀྱང་། མིང་ཙམ་ལ་བརྟེན་ནས་འདི་འཐད་འདི་མི་འཐད་ཅེས་པའི་རྣམ་གཞག་བྱ་རུང་བས། སྟོན་པ་སངས་རྒྱས་ཀྱིས་ཀྱང་ཆོས་ཐམས་ཅད་བདེན་མེད་དུ་གཟིགས་ཀྱང་། འཇིག་རྟེན་གྲགས་ཚོད་དང་བསྟུན་ནས་བརྡ་མཛད་དེ། འགྲོ་བའི་དོན་བྱས་པ་ཡིན་ནོ། །
 ཐལ་འགྱུར་བའི་སྐབས་འདིར། བདག་མེད་གཉིས(གང་ཟག་གི་བདག་མེད། ཆོས་ཀྱི་བདག་མེད)ཀྱི་ཁྱད་པར་སྟོང་གཞིའི་སྒོ་ནས་འཇོག་པ་ལས་དགག་བྱའི་སྒོ་ནས་མི་འཇོག་ཅེས་པའི་རྒྱུ་མཚན་གཙོ་བོ་ནི། བདག་འཛིན་གཉིས(གང་ཟག་གི་བདག་འཛིན་དང་། ཆོས་ཀྱི་བདག་འཛིན)ཀྱི་དམིགས་གཞི་ཐ་དད་ཙམ་མ་གཏོགས། གཉིས་ཀ་གང་ཡིན་ཡང་རང་གི་ཡུལ་དེ་རང་བཞིན་གྱིས་གྲུབ་པར་བཟུང་བ་འདྲ་བས། སྟོང་གཞི་སྟེ་དམིགས་གཞིའི་སྒོ་ནས་ཁྱད་འབྱེད་པ་ལས་དགག་བྱའི་སྒོ་ནས་མི་འབྱེད་དོ། །
 དཔེར་ན། ཅོག་ཙེ་རང་བཞིན་གྱིས་མ་གྲུབ་པ་ཆོས་ཀྱི་བདག་མེད་ཡིན་ཏེ། གང་ཟག་ལས་གཞན་པའི་ཤེས་བྱ་གང་ཡིན་ཡང་དེ་རང་བཞིན་གྱིས་མ་གྲུབ་པ་ཆོས་ཀྱི་བདག་མེད་དང་།  གང་ཟག་རང་བཞིན་གྱིས་མ་གྲུབ་པ་གང་ཟག་གི་བདག་མེད་ཡིན་པའི་ལྟ་བ་འདི་ཐལ་འགྱུར་བ་ཁོ་ནའི་ཁྱད་ཆོས་ཤིག་ཡིན་ནོ། །
 གཞི་ཅོག་ཙེའི་སྟེང་ནས་རང་བཞིན་མེད་པའི་དོན་ངོ་སྤྲོད་རགས་ཙམ་ཞུ་ན། གལ་ཏེ།  ག་ཙེ་རང་བཞིན་གྱིས་གྲུབ་པའམ་རང་གི་སྡོད་ལུགས་ཀྱི་ངོས་ནས་གྲུབ་པ་ཡིན་ན། ཆ་ཅན་ཅོག་ཙེ་ཉིད་རང་གི་ཆ་ཤས་ངོས་བཞི་དང་། སྟེང་འོག་གཉིས། སུག་ཏི་བཞི་སོགས་དང་ངོ་བོ་གཅིག་གམ། ཡང་ན་ཐ་དད་གང་རུང་དུ་གྲུབ་དགོས་པ་ཡིན། རྒྱུན་མཚན་ནི། ཡོད་ན་ངོ་བོ་གཅིག་དང་ཐ་དད་གང་རུང་དུ་གྲུབ་དགོས་ཤིང་། དེ་གང་རུང་མ་ཡིན་པ་ཞིག་ཤེས་བྱ་ལ་མི་སྲིད་དོ། །
 གལ་ཏེ། ཆ་ཅན་ཅོག་ཙེ་ཉིད་རང་གི་ཆ་ཤས་རྣམས་དང་ངོ་བོ་གཅིག་ཏུ་ཡོད་ཅེ་ན། ཆ་ཤས་དུ་མ་ཡོད་པ་བཞིན་དུ་ཆ་ཅན་ཅོག་ཙེ་ཡང་དུ་མར་འགྱུར་བ་དང་། ཆ་ཅན་ཅོག་ཙེ་གཅིག་ཡིན་པ་བཞིན་དུ་རང་གི་ཆ་ཤས་རྣམས་ཀྱང་གཅིག་ཏུ་འགྱུར་བ་སོགས་ཀྱི་སྐྱོན་འབྱུང་ངོ་། །
 གལ་ཏེ། ཆ་ཅན་ཅོག་ཙེ་ཉིད་རང་གི་ཆ་ཤས་རྣམས་དང་ངོ་བོ་ཐ་དད་དུ་ཡོད་ཅེ་ན།  དེ་ལྟ་ན། ཆ་ཅན་ཅོག་ཙེ་ཉིད་རང་ཆ་ཤས་རྣམས་ཀྱི་ལོགས་སུ་རང་དབང་དུ་ཡོད་དགོས་ལ་དེ་ལྟར་དུ་ཇི་ལྟར་བཙལ་ཀྱང་མི་རྙེད་པའི་ཕྱིར་རོ། །
 ཤིང་བཟོས་ཅོག་ཙེའི་ཆ་ཤས་རྣམས་རང་རང་གི་གོ་སར་མ་སྤྲད་པའི་སྔ་རོལ་ཏུ། ཅོག་ཙེའི་ཆ་ཤས་ཚང་མ་ལྷན་ཅིག་ཏུ་ཆ་ཚང་བར་ཚོགས་ཡོད་ནའང་། དེར་ཅོག་ཙེ་ཞེས་མིང་མི་འབོད་པར་མ་ཟད། འདི་ཅོག་ཙེ་རེད་སྙམ་པའི་བསམ་པའང་བློ་ལ་མི་སྐྱེས་པའི་ཕྱིར་རོ། །
 རྗེས་སུ་ཅོག་ཙེའི་ཆ་ཤས་རྣམས་རང་རང་གི་གོ་སར་སྤྲད་རྗེས། དེ་ལ་ཅོག་ཙེ་ཞེས་འབོད་པར་མ་ཟད། བློ་ལའང་འདི་ཅོག་ཙེ་རེད་སྙམ་པ་སྐྱེ་ངེས་ཤིང་། དེ་དུས་ཅོག་ཙེ་ཞེས་པ་རང་གི་ཆ་ཤས་ངོས་བཞི་དང་། སྟེང་འོག་གཉིས། སུག་ཏི་བཞི་སོགས་ལ་བརྟེན་ནས་རྟོག་པས་ཕར་བཏགས་ཙམ་མམ་མིང་བརྡས་བཞག་ཙམ་ཡིན་པ་ཤེས་ཐུབ་བོ། །
 དེ་བཞིན་དུ། གསེར་གྱི་བུམ་པ་ལྟ་བུར་མཚོན་ནའང་། གསེར་གྱི་བུམ་པ་དེ་རང་གི་ཆ་ཤས་སུ་གྱུར་བའི་གསེར་དུ་མ་ལ་བརྟེན་ནས་རྟོག་པས་ཕར་བཏགས་ཙམ་ལས། གསེར་གྱི་བུམ་པ་དེ་རང་གི་ཆ་ཤས་སུ་གྱུར་བའི་གསེར་དང་ངོ་བོ་གཅིག་ཐ་དད་གང་དུའང་མ་གྲུབ་ཡང་བློ་ལ་སྣང་དུས་གསེར་གྱི་བུམ་པ་དེ་རང་དབང་བ་ཞིག་ཏུ་སྣང་གི་ཡོད་མོད། དོན་དུ་དེ་ལྟར་གནས་མེད་ཅིང་། གསེར་བུམ་གྱི་ཆ་ཤས་སུ་གྱུར་བའི་གསེར་དུ་མ་ལ་བརྟེན་ནས་གསེར་བུམ་སྣང་རྒྱུ་ཡོད་པ་ནི་གསེར་བུམ་ཐ་སྙད་དུ་ཡོད་པའི་དོན་དང་། གསེར་བུམ་རང་དབང་དུ་མེད་པ་ནི་གསེར་བུམ་བདེན་པར་མེད་པའི་དོན་ཡིན་ནོ། །
 དེས་ན། ཐལ་འགྱུར་བའི་ལུགས་འདིར། ལྟོས་མེད་ཚུགས་ཐུབ་ཏུ་གྲུབ་པ་རྡུལ་ཙམ་མེད་པས་སྟོང་བ་དང་། རང་གི་ཆ་ཤས་ལ་ལྟོས་ནས་སྣང་རྒྱུ་ཡོད་པ་འདི་ལ་སྣང་སྟོང་འགལ་མེད་དང་སྟོང་དང་རྟེན་འབྱུང་ངོ་བོ་གཅིག་ལ་ལྤོག་པ་ཐ་དད་ཞེས་པའི་སྡོམ་ཚིག་བཀོད་ཡོད་པ་དང་། སྡོམ་ཚིག་འདིའི་དོན་ཤེས་ནུས་ན་དབུ་མ་ཐལ་འགྱུར་བའི་ལྟ་བའི་གནད་གོ་ཡོད་པར་འཇོག་གོ །
 གང་ཟག་རང་བཞིན་མེད་པའི་དོན་གསལ་བར་བྱེད་པ་རྣམ་བདུན་གྱི་རིགས་པ་འདི་རྒྱས་བསྡུས་འཚམ་ཤིང་ཡོན་ཏན་གྱི་ཁྱད་པར་དུ་མ་དང་ན་པར་གྲགས་ཡོད་དེ། 《བྱང་ཆུབ་ལམ་རིམ་ཆེན་མོ》ལས།  "མདོར་ན།  ཤིང་རྟ་ལས་བརྩམས་ནས་སྔར་བཤད་པ་ལྟ་བུའི་རྣམ་བཞག་བྱས་པ་འདི་ལ་ཡོན་ཏན་གསུམ་ཡོད་དེ། ཆོས་རྣམས་ལ་རང་བཞིན་སྒྲོ་འདོགས་པའི་རྟག་ལྟ་དགག་སླ་བའི་ཡོན་ཏན། རང་བཞིན་མེད་པ་ལ་རྟེན་འབྲེལ་མི་འཐད་སྙམ་པའི་ཆད་ལྟ་དགག་སླ་བའི་ཡོན་ཏན། ཡོན་ཏན་དེ་གཉིས་དཔྱོད་ཚུལ་ཇི་ལྟ་བུ་ཞིག་བྱས་པས་འགྲུབ་པའི་རྣལ་འབྱོར་བས་ཉེ་བར་བཏགས་པའི་རིམ་པའོ"ཞེས་གསུངས་ཏེ་གཞི་ཤིང་རྟའི་སྟེང་གི་རྣམ་བདུན་པའི་དཔྱད་པ་འདི་ལ་བསྟོད་བསྔགས་མཛད་ཡོད་དོ། །
 2.2.2རྣམ་པ་བདུན་གྱི་རིགས་པ།
 དེ་ནི་གཞི་ཤིང་རྟ་ལ་སྦྱར་བའི་དཔྱད་པ་ཞིག་དང་། རིགས་པ་རྣམ་བདུན་ནི། དཔལ་ལྡན་ཟླ་བའི《དབུ་མ་འཇུག་པ》ལས། "ཤིང་ལྟ་རང་ཡན་ལག་ལས་གཞན་འདོད་མིན། །གཞན་མིན་མ་ཡིན་དེ་ན་ཡང་མིན་ཞིང་། །ཡན་ལག་ལ་མིན་ཡན་ལག་དག་དེར་མིན། །འདུས་པ་ཙམ་མིན་དབྱིབས་མིན་ཇི་བཞིན་ནོ། །"ཞེས་གསུངས་པ་དེ་དག་རེ་རེའི་དོན་བཤད་ན།
 གལ་ཏེ། ཤིང་རྟ་རང་གི་ཡན་ལག་ཤིང་རྟའི་སྲོག་ཤིང་དང་། འཁོར་ལོ། གཟེར་བུ་སོགས་དང་རང་བཞིན་གཅིག་ཡིན་ཞེ་ན། དེ་ལྟ་ན་ཡན་ལག་དུ་མ་ཡིན་པ་བཞིན་དུ་ཤིང་རྟ་ཡང་དུ་མར་འགྱུར་བ་དང་། ཡང་ན། ཤིང་རྟ་གཅིག་ཡིན་པ་བཞིན་དུ་ཡན་ལག་རྣམས་ཀྱང་གཅིག་ཏུ་འགྱུར་བ་སོགས་ཀྱི་སྐྱོན་འཇུག་གོ །
 གལ་ཏེ། ཤིང་རྟ་རང་གི་ཡན་ལག་རྣམས་དང་རང་བཞིན་ཐ་དད་ཡིན་ཞེ་ན། འོ་ན།  ཤིང་རྟ་རང་གི་ཡན་ལག་རྣམས་དང་ངོ་བོ་ཐ་དད་ཡིན་པར་འགྱུར་ཞིང་། ངོ་བོ་ཐ་དད་པ་གཉིས་དུས་མཉམ་དུ་ཡོད་ན་རྟ་དང་བ་གླང་བཞིན་ཕན་ཚུན་འབྲེལ་མེད་དོན་གཞན་ཡིན་དགོས་པ་སུས་ཀྱང་ཤེས་སླ་ཞིང་། དེ་ལྟ་ན། ཤིང་རྟ་དེ་རང་གི་ཡན་ལག་ལས་ལོགས་སུ་དམིགས་དགོས་མོད། འོན་ཀྱང་། དེ་ལྟར་དུ་མི་དམིགས་པས་སོ། །
  གལ་ཏེ། བ་ལང་ལ་རྭ་ཅོ་དང་ལྡན་པའི་ཚུལ་གྱིས་ཤིང་རྟ་ལ་ཡན་ལག་དང་
ལྡན་ཅེ་ན། དེ་ལྟ་ན། ཤིང་རྟ་ལ་རང་གི་ཡན་ལག་རྣམས་ངོ་བོ་གཅིག་དང་ཐ་དད་
གང་རུང་གི་ཚུལ་གྱིས་ན་དགོས་ལ། ངོ་བོ་གཅིག་པའི་ཚུལ་གྱིས་ན་ནི། ཤིང་རྟ་གཅིག་ཡིན་པ་བཞིན་ཡན་ལག་རྣམས་ཀྱང་གཅིག་ཡིན་པ་སོགས་ཀྱི་སྐྱོན་འཇུག་པར་མ་ཟད། ཤིང་རྟ་ལ་རང་གི་ཡན་ལག་དང་ལྡན་ཚུལ་གྱི་རྣམ་གཞག་ཀྱང་བྱ་མི་ནུས་སོ། །ངོ་བོ་ཐ་དད་པའི་ཚུལ་གྱིས་ཡོད་ན། ཤིང་རྟ་ཉིད་ཡན་ལག་ལས་ལོགས་སུ་དམིགས་དགོས་པ་ལས་མི་དམིགས་པས་སོ།།
 གལ་ཏེ། ཡན་ལག་རྣམས་ཤིང་རྟ་ལ་བརྟེན་པའི་ཚུལ་གྱིས་ཡོད་ཅེ་ན། དེ་ལྟ་ན། ཕོར་བའི་ནང་གི་ཇ་ཕོར་བ་ལ་བརྟེན་པ་ལྟར་ཕན་ཚུན་ཐ་དད་པའི་ཚུལ་གྱིས་དམིགས་དགོས་ལ། དེ་ལྟར་མི་དམིགས་པ་བཤད་མ་ཐག་པ་ལྟར་ཡིན་པས་སོ། །
  གལ་ཏེ། ཤིང་རྟ་རང་གི་ཡན་ལག་ལ་བརྟེན་པའི་ཚུལ་གྱིས་ཡོད་ཅེ་ན། དེ་ལྟ་ན། ཤིང་རྟ་དང་རང་གི་ཡན་ལག་གི་བར་གྱི་འབྲེལ་བ་དེ། རྟེན་དང་བརྟེན་པའི་འབྲེལ་བར་གྱུར་བ་ཡིན་ལ།  དེ་ཡིན་ན་རྟེན་དང་བརྟེན་པ་གཉིས་སོ་སོར་ཐ་དད་པའི་ཚུལ་གྱིས་དམིགས་དགོས་པ་ལས་མི་དམིགས་པ་བཤད་མ་ཐག་པ་ལྟར་ཡིན་ནོ། །
 གལ་ཏེ། ཡན་ལག་ཚོགས་ཙམ་ཤིང་རྟ་ཡིན་ཞེ་ན། དེ་ལྟ་ན། ཤིང་རྟའི་སྲོག་ཤིང་དང་།  འཕང་ལོ། གཟེར་བུ་སོགས་ཕྲལ་ནས་སིལ་བུར་གནས་པ་རྣམས་མ་ཚང་བ་མེད་པར་ཕྱོགས་གཅིག་ཏུ་སྤུངས་པ་ལ་དམིགས་ནའང་འདི་ཤིང་རྟའོ་སྙམ་པའི་བློ་སྐྱེས་པར་འགྱུར་བ་དང་།  མཚམས་འདིར། ཉན་ཐོས་སྡེ་གཉིས་ཀྱིས། ཡན་ལག་ཅན་མེད་ཀྱང་། ཡན་ལག་འདུས་པ་ཙམ་ཞིག་ཡོད་པས་དེ་ཤིང་རྟ་ཡིན་ཞེ་ན་ཡང་སྐྱོན་འཇུག་སྟེ། སྐབས་དེར་ཡང་ལག་ཅན་མེད་པས་ཡན་ལག་རྣམས་ཀྱང་འཇོག་མི་ནུས་པ་དང་། ཡན་ལག་དང་ཡན་ལག་ཅན་གཉིས་ཕན་ཚུན་ལྟོས་ནས་བཞག་པ་ཡིན་པའི་ཕྱིར་རོ། །
 གལ་ཏེ་ཤིང་རྟའི་ཡན་ལག་རྣམས་ཚོགས་པའི་དབྱིབས་དེ་ཤིང་རྟ་ཡིན་ཞེ་ན། དེ་ལྟ་ན།  སྔར་མ་བསྒྲིགས་པའི་དུས་ཀྱི་འཕང་ལོ་དང་སྲོག་ཤིང་སོགས་ལ་མེད་པའི་དབྱིབས་གསར་བ་ཞིག ཕྱིས་སུ་བསྒྲིགས་དུས་ཡོད་ན། དམིགས་དགོས་པ་ལས་མི་དམིགས་པ་དང་། མདོར་ན།  སྔར་མ་བསྒྲིགས་པ་དང་ཕྱིས་སུ་བསྒྲིགས་པའི་དུས་ཀྱི་འཕང་ལོ་ལ་སོགས་པའི་དབྱིབས་ལ་ཁྱད་པར་མེད་ཅིང་། སྔར་མ་བསྒྲིགས་པའི་དུས་ན་ཤིང་རྟ་མེད་པ་ལྟར་ཕྱིས་སུ་བསྒྲིགས་པའི་དུས་ནའང་། ཤིང་རྟ་མེད་དགོས་པའི་ཕྱིར་རོ།།
 འོ་ན། རྣམ་བདུན་གྱི་རིག་པས་དཔྱད་ན་ཤིང་རྟ་མི་དམིགས་པས་ཤིང་རྟ་ཉིད་རི་བོང་རྭ་ལྟར་གཏན་མེད་ཡིན་ནམ་ཞེ་ན། མ་ཡིན་ཏེ། རྣམ་བདུན་གྱིས་དཔྱད་ན་ཤིང་རྟ་མི་རྙེད་པ་དེ་ནི་རང་བཞིན་གྱིས་མ་གྲུབ་པའི་དོན་ཡིན་ལ། འཕང་ལོ་སོགས་ཡན་ལག་རྣམས་ལ་བརྟེན་ནས་ཤིང་རྟ་སྣང་རྒྱུ་ཡོད་པ་དེ་ནི། ཤིང་རྟ་རྟོག་པས་བཏགས་ཙམ་མམ་མིང་བརྡས་བཞག་ཙམ་གྱི་ངོར་གྲུབ་པ་ཡིན་པའི་དོན་ཡིན་ནོ། །
 3. ལམ་དང་འབྲས་བུའི་ངོས་འཛིན།
 ལམ་གྱི་བགྲོད་ཚུལ་ལ། ཐལ་རང་གང་ཡིན་ཡང་། ཆོས་ཀྱི་བདག་མེད་བསྒོམ་བྱའི་གཙོ་བོར་བྱས་ནས། ས་བཅུ་དང་ལམ་ལྔ་སོགས་རིམ་གྱིས་བགྲོད་དེ་འཚང་རྒྱ་དགོས་པར་འདོད་པ་འདྲ་མོད། འོན་ཀྱང་། ཆོས་ཀྱི་བདག་མེད་ངོས་འཛིན་ཚུལ་འདྲ་བ་ནི་གོང་དུ་ཞུས་ཟིན་པ་ལྟར་ལགས་སོ།། འབྲས་བུའི་ཐད་ནས། སྐུ་བཞིའི་གོ་འཕང་སོགས་ཁས་ལེན་ཞིང་། དེ་དག་གི་ཁྱད་པར་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཞེས་བའི་སྐབས་སུ་ཞུས་ཟིན་པ་ལྟར་རོ། །
ཅ གྲུབ་མཐའ་སྨྲ་བ་བཞིའི་རྟག་ཆད་ཀྱི་མཐའ་སྤོང་ཚུལ།
  གྲུབ་མཐའ་སྨྲ་བ་བཞིས་རང་རང་གི་ལུགས་ཀྱི་རྟག་ཆད་ཀྱི་མཐའ་སྤོང་ཚུལ་ལ། བྱེ་བྲག་སྨྲ་བས་འབྲས་བུ་སྐྱེས་བའི་ཚེ་རྒྱུ་འགག་པས་རྟག་པའི་མཐའ་སྤོང་ལ། རྒྱུའི་མཇུག་ཐོགས་སུ་འབྲས་བུ་འབྱུང་བས་ཆད་པའི་མཐའ་སྤོང་ཞེས་སྨྲ། མདོ་སྡེ་བས། འདུས་བྱས་རྣམས་རྒྱུན་མ་ཆད་པར་འཇུག་པས་ཆད་མཐའ་སྤོང་ཞིང་། སྐད་ཅིག་ཀྱང་མི་སྡད་པར་འཇིག་པས་རྟག་མཐའ་སྤོང་བར་འདོད། སེམས་ཙམ་པས། ཀུན་བཏགས་བདེན་པར་མ་གྲུབ་པས་རྟག་མཐའ་སྤོང་ལ། གཞན་དབང་དང་ཡོངས་གྲུབ་བདེན་པར་གྲུབ་པས་ཆད་མཐའ་སྤོང་ཟེར། དབུ་མ་བས། ཤེས་བྱ་ཐམས་ཅད་ཐ་སྙད་དུ་ཡོད་པས་ཆད་མཐའ་སྤོང་བ་དང་། དོན་དམ་དུ་མེད་པས་རྟག་མཐའ་སྤོང་བར་བཞེད། ཐལ་འགྱུར་བས། ཆོས་ཐམས་ཅད་མིང་བརྡས་བཞག་ཙམ་དུ་ཡོད་པས་ཆད་མཐའ་སྤོང་བར་འདོད་ལ། རང་བཞིན་གྱིས་མ་གྲུབ་པས་རྟག་མཐའ་སྤོང་བར་བཞེད་དོ། །
   དེས་ན། རང་རྒྱུད་པས་བལྟས་ན་ཐལ་འགྱུར་བ་ཆད་མཐར་ལྷུང་བ་དང་། ཐལ་འགྱུར་བས་བལྟས་ན་རང་རྒྱུད་པ་རྟག་མཐའ་ལྷུང་ཡོད་པ་སོགས་རང་རང་གི་ལུགས་ཀྱི་ལྟ་བའི་གནད་མི་གཅིག་པའི་དབང་གིས་སོ་སོས་རྟག་ཆད་ཀྱི་མཐའ་སྤོང་ཚུལ་ཀྱང་མི་འདྲ་བ་ཤེས་དགོས་སོ། །
   གཤམ་དུ་ནང་བའི་གྲུབ་མཐའ་སོ་སོའི་ལུགས་ཀྱི་བདག་ངོས་འཛིན་ཚུལ་རེའུ་མིག་གི་སྟེང་བཀོད་ན།ཐལ་འགྱུར་བ ཕུང་བོ་ཚོགས་པ་ལ་བརྟེན་ནས་ངའོ་སྙམ་དུ་འཛིན་པའི་བློའི་ཞེན་ཡུལ་གྱི་ང་ཙམ།ང་ཙམ།རང་རྒྱུད་པཡིད་ཀྱི་རྣམ་ཤེས།སེམས་ཙམ་པཀུན་གཞི་རྣམ་ཤེས།བྱེ་སྨྲའི་ནང་ཚན་མང་བཀུར་བ་འགའཕུང་བོ་ཚོགས་པ།ཁ་ཆེ་བྱེ་བྲག་སྨྲ་བ་དང་མདོ་སྡེ་བརྣམ་ཤེས་ཀྱི་རྒྱུནབདག

རྩོམ་སྒྲིག་པ།