ནང་དོན་རིག་པའི་སྤྱི་བཤད། བཞི་པ། གྲུབ་མཐའ་སྨྲ་བ་བཞི། ག སེམས་ཙམ་པ།
དུས་ཚོད།:2018-11-29  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:1733  |   དཔྱད་པ།:0

ག སེམས་ཙམ་པ།

 1.སེམས་ཙམ་པའི་བྱུངབ།
 སེམས་ཙམ་པའི་གྲུབ་མཐའ་འདི་ནི། དུས་རབས་བཞི་པ་ནས་ལྔ་པའི་བར་ལ་རྒྱ་གར་ནས་བྱུང་ཞིང་། ལུགས་འདིའི་ཤིང་རྟའི་སྲོལ་འབྱེད་ནི། འཕགས་པ་ཐོགས་མེད་ཡིན། ཁོང་གིས་བྱམས་ཆོས་ཕྱི་མ་གསུམ་སྟེ《མདོ་སྡེ་རྒྱན》དང《དབུས་མཐའ་རྣམ་འབྱེད》《ཆོས་དབྱིངས་རྣམ་འབྱེད》སོགས་ལ་བརྟེན་ནས་སེམས་ཙམ་པའི་ཤིང་རྟའི་སྲོལ་ཕྱེས་པ་དང་། སྲོལ་འབྱེད་བྱེད་ཀྱི་བསྟན་བཅོས་ནི། 《ས་སྡེ་ལྔ》དང《སྡོམ་རྣམ་གཉིས》ཡིན།
 1.1སེམས་ཙམ་པའི་དབྱེ་བ།
 སེམས་ཙམ་པའི་རྗེས་ཀྱི་འཕེལ་རྒྱས་ཁྲོད། སེམས་ཙམ་རྣམ་བདེན་པ(སྔོ་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བའམ་སྔོན་པོ་རགས་པར་སྣང་བ་སོགས་སྣང་བ་ལྟར་དུ་གྲུབ་པར་འཛིན་པ)དང་། སེམས་ཙམ་རྣམ་རྫུན་པ(སྔོ་འཛིན་མིག་ཤེས་ལ་སྔོན་པོ་སྔོན་པོར་སྣང་བའམ་སྔོན་པོ་རགས་པར་སྣང་བ་སྣང་བ་ལྟར་དུ་མ་གྲུབ་པར་འདོད་པ)གཉིས་བྱུང་ལ། རྣམ་བདེན་པའི་ལྟ་བ་ནི། སློབ་དཔོན་ཕྱོགས་གླང་དང་། དཔལ་ལྡན་ཆོས་གྲགས་སོགས་ཀྱི་ལྟ་བ་ལ་བརྟེན་ནས་བྱུང་ཞིང་། རྣམ་རྫུན་པའི་ལྟ་བ་ནི། འཕགས་པ་ཐོགས་མེད་དང་། དབྱིག་གཉེན་སོགས་ཀྱི་ལྟ་བ་ལ་བརྟེན་ནས་བྱུང་ངོ་། །
 1.2སེམས་ཙམ་པའི་ལྟ་བ།
 སེམས་ཙམ་པའི་ལྟ་བའི་གཙོ་བོ་ཆོས་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་དུ་འདོད་པ་དེ་ཡིན་ལ། དེ་ལྟར་འདོད་པའི་རྒྱུ་མཚན་གཙོ་བོ་ནི། ཕྱི་དོན་ཁས་མི་ལེན་པ་དེ་ཡིན་ཅིང་། ལུགས་འདིས་ཉན་ཐོས་སྡེ་གཉིས་ཀྱིས་བཞེད་པའི་རགས་པའི་རྩོམ་གཞིར་གྱུར་བའི་རྡུལ་ཕྲ་རབ་ཁས་མི་ལེན་པར་མ་ཟད། རང་རེའི་སེམས་ཅན་སུ་དང་གང་ཞིག་ལ། ཤེས་བྱ་གང་དང་གང་སྣང་ཡང་། དེ་ནི་གཙོ་བོ་ཀུན་གཞི་རྣམ་ཤེས་སྟེང་གི་བག་ཆགས་སད་སྟོབས་ཀྱིས་སྣང་བར་འདོད་པ་རེད། དེ་བས་ཀུན་གཞི་ཁས་ལེན་པ་རྣམས་ཀྱིས་ཕྱི་དོན(གཟུགས། སྒྲ། དྲི། རོ། རེག་བྱ)ཁས་མི་ལེན་ཞིང་། ཕྱི་དོན་ཁས་ལེན་པ(གཟུགས་སོགས་ཀྱི་བྱ་དངོས་ཐམས་ཅད་ཤེས་པ་ལ་རག་མ་ལས་པར་རྩོམ་གཞིའི་རྡུལ་ཕྲ་རབ་ལ་ལྟོས་ནས་གྲུབ་པར་འདོད་པ)རྣམས་ཀྱིས་ཀུན་གཞི་རྣམ་ཤེས་མི་འདོད་པ་ཡིན་ནོ། །
 འོ་ན། ལུགས་འདིས་བཞེད་པའི་ཀུན་གཞི་རྣམ་ཤེས་དེ་ཇི་ལྟ་བུ་ཡིན་ཞེ་ན། ཀུན་གཞི་རྣམ་ཤེས་ནི། ཚེ་འདིའི་བདེ་སྡུག་མྱོང་བ་པོ་དང་། སྐྱེ་བ་ཕྱི་མར་ཉིང་མཚམས་སྦྱོར་བ་པོའི་གང་ཟག་གི་མཚན་གཞིར་འདོད་པར་མ་ཟད། ད་དུང་། ལུས་ངག་ཡིད་གསུམ་གྱིས་བྱས་པའི་དགེ་མི་དགེའི་ལས་ཀྱི་བག་ཆགས་ཀུན་ཆུད་མི་ཟ་བར་འཛིན་པའི་གཞི་དང་། ད་ལྟའི་བཟང་ངན་ཡག་རྩོག་གི་སྣང་བ་ཐམས་ཅད་འབྱུང་བར་བྱེད་པའི་ནང་གི་བག་ཆགས་འཇོག་གཞི་ཞིག་ལ་འདོད་པ་རེད།
  སྤྱིར་ནང་པ་སངས་རྒྱས་པའི་ལུགས་འདིར། སྐྱེ་བ་ལ་ཐོག་མ་དང་ཐ་མ་མེད་པར་འདོད་ཕྱིར། སྐྱེ་བ་དེ་དག་ཏུ་བསགས་པའི་ལས་ཀྱི་བག་ཆགས་ཀྱང་བགྲངས་ལས་འདས་པ་དང་།  བག་ཆགས་གང་ཐོག་མར་རྐྱེན་ལ་འཕྲད་ན། དེའི་རིགས་འདྲའི་རྒྱུན་དུ་ད་ལྟའི་སྣང་བ་སྣ་ཚོགས་འདི་བྱུང་བར་འདོད་པ་རེད། ཀུན་གཞི་རྣམ་ཤེས་སྟེང་གི་བག་ཆགས་སད་སྟོབས་ཀྱིས་ཤར་བའི་སྣང་ཆ་ཐམས་ཅད་གནད་བསྡུས་ན། རྣམ་རིག(རྣམ་པར་ཤེས་པའི་བདག་ཉིད་ཅེས་པའི་ཚིག་སྡུད)བཅོ་ལྔའི་ནང་འདུ་བར་འདོད་པ་ཡིན། 
 རྣམ་རིག་བཅོ་ལྔ་ནི། ༡ལུས་ཀྱི་རྣམ་རིག(མིག་སོགས་དབང་བོ་ལྔ) ༢ ལུས་ཅན་གྱི་རྣམ་རིག(ཉོན་ཡིད) ༣ ཟ་བ་པོའི་རྣམ་རིག(ཡིད་ཀྱི་ཁམས) ༤ སྤྱད་བྱའི་རྣམ་རིག(གཟུགས་སོགས་ཡུལ་དྲུག) ༥ སྤྱོད་བྱེད་ཀྱི་རྣམ་རིག(མིག་གི་རྣམ་པར་ཤེས་པ་སོགས་རྣམ་ཤེས་ཚོགས་བརྒྱད) ༦དུས་ཀྱི་རྣམ་རིག(འཁོར་བའི་རྒྱུན)༧ གྲངས་ཀྱི་རྣམ་རིག(གཅིག་དང་གཉིས་སོགས་ཀྱི་གྲངས་ཀ) ༨ཡུལ་གྱི་རྣམ་རིག(སྣོད་ཀྱི་འཇིག་རྟེན)༩ ཐ་སྙད་ཀྱི་རྣམ་རིག(མིག་གིས་མཐོང་བ་དང་རྣ་བས་ཐོས་པ་སོགས་ལ་བརྟེན་ནས་བཏགས་པའི་མིང་དང་བརྡ) ༡༠ བདག་གི་རྣམ་རིག(བདག་དང་། བདག་གི་བ) ༡༡ གཞན་གྱི་རྣམ་རིག(གཞན་དང་།  གཞན་གྱི་བ) ༡༢ བདེ་འགྲོའི་རྣམ་རིག(ལྷ་མིའི་གོ་འཕང)༡༣ངན་འགྲོའི་རྣམ་རིག(དམྱལ་བ་དང་། ཡི་དྭགས།  དུད་འགྲོ་གང་རུང་གི་རྟེན་ལྟ་བུ) ༡༤འཆི་འཕོ་བའི་རྣམ་རིག(སྲོག་དབང་འགག་པ)༡༥ སྐྱེ་བའི་རྣམ་རིག(བདེ་འགྲོ་དང་ངན་འགྲོ་གང་རུང་དུ་སྐྱེས་བའི་སྐྱེས་པ་རྣམས་ཡིན)།
 བཤད་མ་ཐག་པའི་རྣམ་རིག་བཅོ་ལྔ་བོ་གང་ཡིན་ཡང་། གང་ཟག་ལ་སྣང་དུས། ཀུན་གཞི་རྣམ་ཤེས་སྟེང་གི་བག་ཆགས་སད་སྟོབས་ཀྱིས་སྣང་ཞིང་། རང་ལ་རྣམ་རིག་བཅོ་ལྔ་བོ་གང་རུང་སྣང་བའི་ཆ་དེ་ནི། རྣམ་པར་རིག་པ་སྟེ་སེམས་ཀྱི་བདག་ཉིད་དུ་འདོད་པ་མ་གཏོགས། རྣམ་པར་རིག་པ་བཅོ་ལྔ་བོ་ཐམས་ཅད་རྣམ་པར་རིག་པ་སྟེ་སེམས་ཡིན་ཅེས་པའི་དོན་མིན་ལ། རྣམ་རིག་པ་ལྔ་བོ་ཐམས་ཅད་ཀུན་གཞི་རྣམ་ཤེས་སྟེང་གི་བག་ཆགས་མི་འདྲ་བ་གསུམ་ལ་བརྟེན་ནས་སྣང་བར་འདོད་པ་ཡིན། 
 རྣམ་རིག་དང་པོ་ནས་དགུ་བའི་བར་ནི། "མངོན་བརྗོད་ཀྱི་བག་ཆགས"སམ་སྤྲོས་པའི་བག་ཆགས་ལ་བརྟེན་ནས་བྱུང་ཞིང་། དེའི་སྣང་ཆ་ཡིན་པར་འདོད། བདག་དང་གཞན་གྱི་རྣམ་རིག་གཉིས་ནི། "བདག་ལྟའི་བག་ཆགས"སམ་འཇིག་ལྟའི་བག་ཆགས་ཀྱི་སྣང་ཆ་རུ་འདོད། བདེ་འགྲོའི་རྣམ་རིག་དང་། ངན་འགྲོའི་རྣམ་རིག འཆི་འཕོ་བའི་རྣམ་རིག སྐྱེ་བའི་རྣམ་རིག་བཞི་ནི། "སྲིད་པའི་ཡན་ལག་གི་བག་ཆགས"སམ་རྣམ་སྨིན་གྱི་བག་ཆགས་ཀྱི་སྣང་ཆ་རུ་འདོད་དོ། །
 ད་དུང་ལུགས་འདིས་ཤེས་བྱ་ཐམས་ཅད་ནང་སེམས་ཀྱི་བདག་ཉིད་ཙམ་དུ་འདོད་པའི་རྒྱུ་མཚན་གཙོ་བོ་ཞིག་ནི། རང་ལ་གང་སྣང་ཐམས་ཅད་ཀུན་གཞིའི་སྟེང་གི་བག་ཆགས་སད་སྟོབས་ཀྱིས་སྣང་བར་འདོད་པས་ཡིན་ལ། དེ་ཡང་མཐར་གཏུགས་ན། ཕྱི་དོན་ཁས་མི་ལེན་པའི་གནད་འདི་ལ་ཐུག་འདུག་གོ །
 སྤྱིར་སེམས་ཙམ་པའི་གཞུང་རྣམས་སུ་ཕྱི་དོན་འགོག་བྱེད་ཀྱི་རིགས་པ་མཐའ་ཡས་པ་ཞིག་གསུངས་འདུག་མོད། ཡིན་ནའང་། ཐམས་ཅད་ཀྱི་ངོ་བོ་ནི། རགས་པའི་རྩོམ་གཞིར་གྱུར་བའི་རྡུལ་ཕྲ་རབ་ཆ་མེད་འགོག་པའི་རིགས་པ་འདིར་ཐུག་ཡོད། ཉན་ཐོས་སྡེ་གཉིས་ཀྱིས་ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་གནད་ཀྱང་རགས་པའི་རྩོམ་གཞིར་གྱུར་བའི་རྡུལ་ཕྲ་རབ་ཆ་མེད་ཁས་བླངས་པས་ཡིན། འོ་ན། རྡུལ་ཕྲ་རབ་ཆ་མེད་འགོག་པའི་རིགས་པ་དེ་ཇི་ལྟ་བུ་ཡིན་ཞེ་ན།  དབྱིག་གཉེན་གྱིས་མཛད་པའི《ཉི་ཤུ་པའི་གཞུང》ལས། "དྲུག་གིས་ཅིག་ཅར་སྦྱར་བ་ན། །ཕྲ་རབ་རྡུལ་ཆ་དྲུག་ཏུ་འགྱུར། །དྲུག་པོ་དག་ཀྱང་གོ་གཅིག་ན། །གོང་བུའང་རྡུལ་ཕྲ་ཙམ་དུ་འགྱུར།།"ཞེས་གསུངས་པ་ལྟར། གལ་ཏེ། རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་ཅིག་ཡོད་ན། རྡུལ་ཕྲ་རབ་དྲུག་ལྷན་ཅིག་ཏུ་འཚོགས་ཀྱང་། དབུས་ཀྱི་རྡུལ་ཕྲ་རབ་དེའི་ཤར་དུ་ཡོད་པའི་རྡུལ་ཕྲ་རབ་དེ་ནུབ་ཏུ་ཡང་ཡོད་དགོས་པར་འདོད་པ་རེད། གལ་ཏེ་ཤར་ཏུ་ཡོད་པའི་རྡུལ་ཕྲ་རབ་དེ་ནུབ་ཏུའང་ཡོད་ན། རྡུལ་ཕྲ་རབ་བསགས་པས་རགས་པ་མི་འགྲུབ་ཅིང་། གལ་ཏེ་ཤར་ཏུ་ཡོད་པའི་རྡུལ་ཕྲ་རབ་དེ་ནུབ་ཏུ་མེད་ན། དབུས་ཀྱི་རྡུལ་ཕྲ་རབ་དེ་ཕྱོགས་ཆ་ཅན་དུ་གྱུར་བ་སོགས་ཀྱིས་ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་ཉན་ཐོས་སྡེ་གཉིས་ཀྱི་ལྟ་བ་འགོག་པར་བྱེད་དོ། །
 ལུགས་འདའི་ལྟ་བ་གཞི་ལམ་འབྲས་གསུམ་གྱི་སྟེང་ནས་བཤད་ན་གཤམ་གསལ་ལྟར།
  1.2.1གཞིའི་རྣམ་གཞག 
 ལུགས་འདིས་གཞི་ཐམས་ཅད་མཚན་ཉིད་གསུམ་གྱི་ནང་དུ་འདུ་བར་བཞེད་པས།  འདིར་མཚན་ཉིད་གསུམ་གྱི་དོན་ཅུང་བཤད་ན།
   1.2.1.1ཀུན་བཏགས་རིགས་པ་ཡང་དག་གིས་གཏན་ལ་ཕབས་པ་མ་ཡིན་པར་མིང་བརྡས་བཞག་ཙམ་དུ་གྲུབ་པའི་ཆོས། དཔེར་ན། རི་བོང་རྭ་དང་། ནམ་མཁའ་ལྟ་བུ།
   1.2.1.2གཞན་དབང་རྒྱུ་རྐྱེན་གཞན་ལ་བརྟེན་ནས་རང་དབང་མེད་པར་སྐྱེས་པ།  འདི་དང་དངོས་པོ་དོན་གཅིག དཔེར་ན། མྱུ་གུ་དང་། ཅོག་ཙེ་ལྟ་བུ།
  1.2.1.3ཡོངས་གྲུབ་རིགས་པ་ཡང་དག་གིས་གཏན་ལ་ཕབས་པའི་གནས་ལུགས་མཐར་ཐུག འདི་དང་སྟོང་ཉིད་དོན་གཅིག དཔེར་ན། གཟུགས་དང་གཟུགས་འཛིན་པའི་ཚད་མ་རྫས་གཞན་གྱིས་སྟོང་བའི་སྟོང་བ་ལྟ་བུའོ། །
 གཞན་དབང་དང་ཡོངས་གྲུབ་གཉིས་བདེན་གྲུབ་དང་ཀུན་བཏགས་བདེན་མེད་དུ་ལུགས་འདིས་བཞེད། རྫས་བཏགས་ཀྱི་ཁྱད་པར་ནི། ཤེས་བྱ་གང་ཞིག་ཡིན་རུང་དེ་བློ་ཡུལ་དུ་འཆར་བ་དེ་ལས་གཞན་པའི་ཤེས་བྱའི་རྣམ་པ་བློ་ཡུལ་དུ་འཆར་བ་ལ་ལྟོས་མི་དགོས་པར་རང་དབང་དུ་འཆར་བའི་ཚུགས་ཐུབ་ཀྱི་ཤེས་བྱ་རྣམས་ནི། རྫས་ཡོད་ཡིན། དཔེར་ན། ཅོག་ཙེ་དང་། སྒྲ། ཆུ་སོགས་རྫས་ཡོད་ཡིན་ཏེ། དེ་དག་གི་རྣམ་པ་བློ་ཡུལ་དུ་འཆར་བ་ལ་ཤེས་བྱ་གཞན་གྱི་རྣམ་པ་བློ་ཡུལ་དུ་འཆར་མི་དགོས་པ་ལྟ་བུའོ། །
 རང་ཉིད་བློ་ཡུལ་དུ་འཆར་བར་ཤེས་བྱ་གཞན་གྱི་རྣམ་པ་བློ་ཡུལ་དུ་འཆར་བ་ལ་ལྟོས་དགོས་པ་བཏགས་ཡོད་ཀྱི་དོན་ཡིན། དཔེར་ན། ནམ་མཁའ་ལྟ་བུ་ཡིན་ཏེ། ནམ་མཁའ་བློ་ཡུལ་དུ་འཆར་བ་ལ་ནམ་མཁའ་ལས་གཞན་པའི་ཤེས་བྱ་ཐོགས་རེག་གི་དོན་བློ་ཡུལ་དུ་འཆར་བ་སྔོན་དུ་འགྲོ་དགོས་པ་ལྟ་བུའོ། །
 སེམས་ཙམ་པའི་ལུགས་འདིར། ཤེས་བྱ་ཐམས་ཅད་ཀྱི་སྟེང་དུ་མཚན་ཉིད་གསུམ་གྱི་རྣམ་གཞག་བྱེད་ཅིང་། མཚན་ཉིད་གསུམ་གྱི་རྣམ་གཞག་འདི་ནི། སེམས་ཙམ་པའི་ལྟ་བ་གཏན་ལ་འབེབ་བྱེད་ཀྱི་གནད་གཙོ་བོ་ཞིག་ཡིན། འོ་ན། ཤེས་བྱ་ཐམས་ཅད་ཀྱི་སྟེང་དུ་མཚན་ཉིད་གསུམ་གྱི་རྣམ་གཞག་བྱེད་ཚུལ་ཇི་ལྟ་བུ་ཞེ་ན། འདི་ལ་དངོས་བོའི་སྟེང་དུ་མཚན་ཉིད་གསུམ་གྱི་རྣམ་གཞག་འབྱེད་སླ་མོད། འོན་ཀྱང་། རྟག་པའི་སྟེང་གི་གཞན་དབང་ལ་གཞན་དབང་གིས་ཁྱབ་མ་ཁྱབ་དང་། དེ་གཞན་དབང་ཡིན་མིན་ཐད། མཁས་པ་སོ་སོའི་བཞེད་པ་མི་མཐུན་པ་མང་དུ་འདུག་གོ ། 
 ཡོངས་གྲགས་སུ་ཤེས་བྱ་གང་ཞིག་ཡིན་ཡང་། གང་སྟོང་བའི་གཞི་དེ་གཞན་དབང་དང་།  གང་གིས་སྟོང་བའི་དགག་བྱ་དེ་ཀུན་བཏགས། གཞི་དེ་དགག་བྱ་དེས་སྟོང་བ་ཡོངས་གྲུབ་ཏུ་འདོད་པ་རེད། ད་དུང་། ནམ་མཁའ་ནམ་མཁའི་སྟེང་གི་གཞན་དབང་དང་། ནམ་མཁའ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པ་ནམ་མཁའི་སྟེང་གི་ཀུན་བཏགས་དང་། ནམ་མཁའ་རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་མ་གྲུབ་པ་ནམ་མཁའི་སྟེང་གི་ཡོངས་གྲུབ་ཏུ་འཇོག་པའང་ཡོད་དོ།།
1.2.2ལམ་གྱི་རྣམ་གཞག། 
 སྤྱིར་ཐེག་པ་ཆེན་པོའི་ལམ་གྱི་རྣམ་གཞག་ཕལ་ཆེར་མཐུན་པ་ཡིན། རྒྱུ་མཚན་ནི། ཐེག་པ་ཆེན་པོ་བ་ཡིན་ཕྱིན་སྤྱོད་པའི་ཆ་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་ཉམས་སུ་བླངས་ནས། ལྟ་བའི་ཆ་ནས་ཆོས་ཀྱི་བདག་མེད་བསྒོམ་བྱའི་གཙོ་བོ་བྱས་ཏེ། ས་བཅུ་དང་ལམ་ལྔ་རིམ་གྱིས་བགྲོད་དགོས། ཡིན་ནའང་། ཐེག་པ་ཆེན་པོའི་གྲུབ་མཐའ་ཁག་གིས་ཆོས་ཀྱི་བདག་མེད་གཏན་ལ་འབེབ་དུས་ཀྱི་རིགས་པའི་གནད་མི་གཅིག་པའི་དབང་གིས། སོ་སོའི་ལུགས་ཀྱི་ཆོས་ཀྱི་བདག་མེད་ངོས་འཛིན་ཚུལ་མི་འདྲའོ། །
   ལུགས་འདིས་བཞེད་པའི་ཆོས་ཀྱི་བདག་མེད་ནི། ཤེས་བྱ་ཐམས་ཅད་ཕྱི་རོལ་དོན་གྱིས་སྟོང་བ་སྟེ། གཟུང་འཛིན་གཉིས་སྟོང་དང་། རང་འཛིན་རྟོག་པའི་ཞེན་གཞིར་རང་གི་མཚན་ཉིད་ཀྱིས་གྲུབ་པའི་སྟོང་བ་སོགས་ཡིན། སེམས་ཙམ་པས་བཞེད་པའི་ཆོས་ཀྱི་བདག་མེད་ཀྱི་གནད་གཙོ་བོ་ནི། ཤེས་བྱ་ཐམས་ཅད་ཕྱི་རོལ་དོན་དུ་མ་གྲུབ་པར་ནང་སེམས་ཀྱི་བདག་ཉིད་ཙམ་ཡིན་ཞེས་པའི་དོན་ཡིན། དེས་ན་སེམས་ཙམ་པས། ཤེས་བྱ་ཐམས་ཅད་ཕྱི་རོལ་དོན་དུ་མ་གྲུབ་པའི་གནས་ལུགས་འདི་ཉིད་བསྒོམ་བྱའི་གཙོ་བོར་བྱས་ནས། ཐེག་པ་ཆེན་པོའི་ས་དང་ལམ་མཐའ་དག་རིམ་གྱིས་བགྲོད་དེ། མཐར་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་ནུས་པར་འདོད་པ་རེད།
1.2.3འབྲས་བུའི་རྣམ་གཞག
  སྐུ་གསུམ་དང་སྐུ་བཞིའི་རྣམ་གཞག་འཐད་པ་སོགས་ཐེག་པ་ཆེན་པོ་ཐམས་ཅད་ཕལ་ཆེར་མཐུན།

རྩོམ་སྒྲིག་པ།