ནང་དོན་རིག་པའི་སྤྱི་བཤད། བཞི་པ། གྲུབ་མཐའ་སྨྲ་བ་བཞི། ཁ མདོ་སྡེ་བ།
དུས་ཚོད།:2018-11-29  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:1699  |   དཔྱད་པ།:0

ཁ མདོ་སྡེ་བ།

1.མདོ་སྡེ་བའི་བྱུང་བ།
མདོ་སྡེ་བའི་གྲུབ་མཐའ་འདི་ནི། སྟོན་པ་འདས་ནས་ལོ་བཞི་བརྒྱའི་རྗེས་ཏེ། ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་དང་པོའི་ནང་། གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་ང་གཞི་ལ་བརྟེན་ནས་བྱུང་ཞིང་། ལུགས་འདིའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཕལ་ཆེ་བ་བྱེ་བྲག་སྨྲ་བའི་འདོད་ཚུལ་དང་མཐུན་པ་ཡིན། མདོ་སྡེ་བ་ཞེས་པའི་དོན་ནི། བྱེ་བྲག་སྨྲ་བ་ལྟར་རང་གི་རྟོག་པས་མདོ་རུ་བཏགས་པའི《མངོན་པ་སྡེ་བདུན》དང《བྱེ་བྲག་ཏུ་བཤད་པ་ཆེན་པོའི》རྗེས་སུ་འབྲངས་བ་མ་ཡིན་པར། སངས་རྒྱས་ཀྱིས་གསུངས་བའི་མདོ་དངོས་ཀྱི་ལུང་ཚད་མར་སྨྲ་ཞིང་དེ་ལ་བརྟེན་ནས་གྲུབ་མཐའ་འཛིན་པས་ན། མདོ་སྡེ་བ་ཟེར་ལ། ཆོས་ཐམས་ཅད་དཔེའི་སྒོ་ནས་སྟོན་པ་ལ་མཁས་པས་ན་དཔེ་སྟོན་པ་ཡང་ཟེར་། ལོ་རྒྱུས་དངོས་མ་རྙེད།
1.1མདོ་སྡེ་བའི་དབྱེ་བ།
  དེ་ལ་དབྱེ་ན་ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་བ་དང་། རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་བ་གཉིས་ཡོད། དང་པོ་ནི《མངོན་པ་སྡེ་བདུན》དང《མངོན་པ་མཛོད》ཀྱི་རྗེས་སུ་འབྲངས་བའི་མདོ་སྡེ་བ་དང་། གཉིསཔ་ནི《ཚད་མ་རྣམ་འགྲེལ》གྱི་རྗེས་འབྲངས་བའི་མདོ་སྡེ་བཡིན།
1.2མདོ་སྡེ་བའི་ལྟ་བ།
  མདོ་སྡེ་བའི་ལུགས་འདི་ཡང་གཞི་དང་ལམ་དང་འབྲས་བུ་གསུམ་དུ་བསྡུས་ཏེ་བཤད་ན་ཅུང་སྟབས་བདེ་པས་འདིར་ཡང་དེ་ལྟར་འཆད་ན།
  1.2.1གཞིའི་རྣམ་གཞག
 བློའི་འཇུག་གཞི་ཐམས་ཅད་བདེན་པ་གཉིས་སུ་འདུ་བར་འདོད་ལ། བདེན་པ་གཉིས་ནི། ཀུན་རྫོབ་བདེན་པ(བློ་ཀུན་རྫོབ་པ་སྟེ་རྟོག་ངོར་བདེན་པ)དང་། དོན་དམ་བདེན་པ(བློ་དོན་དམ་པ་སྟེ་སྣང་ཡུལ་ལ་མ་འཁྲུལ་བའི་ཤེས་པའི་ངོར་བདེན་པ)དེ་ཡང་ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་བས་བདེན་གཉིས་ཀྱི་འཇོག་ཚུལ་ནི། བྱེ་བྲག་སྨྲ་བས་བདེན་གཉིས་ཀྱི་འཇོག་ཚུལ་དང་མཐུན་ཞིང་། འདི་གཉིས་ཀྱིས་བདེན་གཉིས་གཏན་ལ་འབེབས་བྱེད་ཀྱི་གཞུང་གི་ཁུངས་གཏུགས་ས་ནི། 《མངོན་པ་མཛོད》ཡིན་ཏེ། དེ་ཉིད་ལས།"གང་ལ་བཅོམ་དང་བློ་ཡིས་གཞན།  བསལ་ན་དེ་བློ་མི་འཇུག་པ། །བུམ་ཆུ་བཞིན་དུ་ཀུན་རྫོབ་ཏུ། །ཡོད་དེ་དོན་དམ་ཡོད་བཞིན་ནོ། །"ཞེས་པའི་ལུང་གི་དོན་ལ་བརྟེན་པ་རེད། 
 དོན་ནི། ཤེས་བྱ་གང་ཞིག་ཡིན་རུང་། དེ་ཐོ་བ་སོགས་རྒྱུ་རྐྱེན་གཞན་གྱིས་བཅོམ་པའམ།  ཡང་ན། རང་གི་ཆ་ཤས་རྣམས་སོ་སོར་བསལ་ཚེ་རང་འཛིན་གྱི་བློ་འདོར་བའི་ཤེས་བྱ་རྣམས་ནི་ཀུན་རྫོབ་བདེན་པ་སྟེ། དཔེར་ན། བུམ་པ་དང་བུམ་པའི་ཆུ་སོགས་རང་གི་བདག་ཉིད་དུ་གྱུར་བའི་ཆ་ཤས་དུ་མ་ལ་བརྟེན་ནས་གྲུབ་པའི་རགས་པའི་དངོས་བོ་རྣམས་ལྟ་བུ་དང་། དེ་གང་རུང་གིས་རང་འཛིན་གྱི་བློ་མི་འདོར་བའི་ཆོས་རྣམས་ནི་དོན་དམ་བདེན་པ་སྟེ། དཔེར་ན།  རྡུལ་ཕྲ་རབ་དང་། རྟག་པ། ནམ་མཁའ་སོགས་ལྟ་བུའོ་ཞེས་པའི་དོན་ནོ། །
 རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་བའི་བདེན་གཉིས་ཀྱི་ཁུངས་ནི། 《ཚད་མ་རྣམ་འགྲེལ》ཡིན་ཏེ། དེ་ཉིད་ལས། "དོན་དམ་དོན་བྱེད་ནུས་པ་གང་། །དེ་འདིར་དོན་དམ་ཡོད་པ་ཡིན། །གཞན་ནི་ཀུན་རྫོབ་ཡོད་པ་སྟེ། །དེ་དག་རང་སྤྱིའི་མཚན་ཉིད་བཤད། །"ཅེས་པའི་ལུང་གི་དོན་ལ་བརྟེན་ནས་བདེན་གཉིས་ཀྱི་ཁྱད་པར་འཇོག་པར་བྱེད་དོ། །ལུང་དེའི་དོན་ནི། ཐ་སྙད་དང་ཀུན་རྟོག་གིས་ཕར་བཏགས་པ་ཙམ་མ་ཡིན་པར། ཤེས་བྱ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་དོན་དམ་པར་དོན་བྱེད་ནུས་པར་གྲུབ་པ་དེ། དོན་དམ་བདེན་པ་དང་།  ཐ་སྙད་དང་ཀུན་རྟོག་གིས་ཕར་བཏགས་པ་ཙམ་དུ་གྲུབ་པའི་ཤེས་བྱ་ནི། ཀུན་རྫོབ་བདེན་པ་ཡིན་ཞེས་པའི་དོན་ནོ། །
 ཡང་གནད་བསྡུས་ནས་བཤད་ན། དོན་དམ་བདེན་པ་ནི། དོན་བྱེད་ནུས་པའི་ཆོས་རྣམས་ལ་གོ་དགོས་ཏེ། དཔེར་ན། སྡོད་གནས་དང་། ཅ་ལག ཁ་དབུགས། ས། ཆུ། མེ། རླུང་ལྟ་བུ་ཡིན།  འདི་དག་གིས་རང་རང་གི་འབྲས་བུ་ལ་དོན་དམ་པར་ཕན་འདོགས་པའི་རྒྱུ་མཚན་གྱིས། དེ་དག་ལ་རང་མཚན་རང་གི་མཚན་ཉིད་དེ་རང་གི་ངོ་བོ་དང་རྣམ་པ་དབང་ཤེས་ལ་དངོས་སུ་སྣང་ཐུབ་པ་དང་། དངོས་པོ། དོན་དམ་བདེན་པ་ཞེས་བརྗོད་པ་རེད། ཀུན་རྫོབ་བདེན་པ་ནི།  དོན་བྱེད་མི་ནུས་པའི་ཆོས་རྣམས་ལ་གོ་དགོས་ཏེ། དཔེར་ན། རྟག་པ་དང་། ནམ་མཁའ།  མེད་དགག་ལྟ་བུ་ཡིན། འདི་དག་གིས་རང་འབྲས་བསྐྱེད་མི་ཐུབ་ཅིང་། རྣམ་པ་ཀུན་ཏུ་གཡོ་འགུལ་དང་། འགྱུར་ལྡོག་མེད་པའི་རྟག་བརྟན་ཐེར་ཟུག་གི་ངོ་བོར་གནས་པ་ཞིག་ཏུ་འདོད་པར་མ་ཟད། ད་དུང་། དབང་ཤེས་ཀྱི་སྤྱོད་ཡུལ་མིན་པ་དང་། རང་ཉིད་ངོས་འཛིན་སྐབས་ཡིད་ཀྱི་ཀུན་རྟོག་ཁོ་ནས་ངོས་འཛིན་དགོས་ཤིང་། དེས་ཕར་བཏགས་ཙམ་གྱི་ངོར་གྲུབ་པར་བཞེད་པས། དེ་ལ་སྤྱི་མཚན(མིང་བརྡ་ཙམ་ལ་བརྟེན་ནས་རང་གི་ངོ་བོ་ངོས་འཛིན་དགོས་པ)དང་།  ཀུན་རྫོབ་བདེན་པ་ཞེས་བརྗོད་པ་རེད། 
 མདོ་སྡེ་བའི་གྲུབ་མཐའ་འདི་བྱེ་བྲག་སྨྲ་བའི་ནང་ཚན་གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེའི་ང་གཞི་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཡིན་སྟབས། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཕལ་ཆེ་བ་བྱེ་བྲག་སྨྲ་བའི་ལྟ་བ་དང་མཐུན་མོད། ཡིན་ནའང་། རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་བ་ནི། མངོན་པ་གོང་མ་སྟེ་ཚད་མ་སྡེ་བདུན་གྱི་རྗེས་འབྲངས་བ་ཡིན་ཕྱིར། གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཀུན་གཙོ་བོ་རིགས་པའི་ལམ་ནས་གཏན་ལ་འབེབས་པར་བྱེད།  དེ་བས་རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་བའི་ལྟ་བ་ནི། བྱེ་བྲག་སྨྲ་བའི་ལྟ་བ་དང་བསྡུར་ན།  ནང་དོན་གྱི་ཆ་ནས་ཅུང་གཏིང་ཟབ་པར་མ་ཟད། སྒྲུབ་བྱེད་ཀྱི་ཆ་ནས་གཏན་ཚིགས་ཀྱི་རང་བཞིན་དང་ལྡན། རྒྱུ་མཚན་དེའི་དབང་གིས་མདོ་སྡེ་བའི་ཕྱིས་ཀྱི་འཕེལ་རྒྱས་ཁྲོད་དུའང་།  རིགས་པའི་རྗེས་འབྲངས་ཀྱི་མདོ་སྡེ་བའི་ལྟ་བ་ཧ་ཅང་དར་ཁྱབ་ཏུ་སོང་ཞིང་། མདོ་སྡེ་བའི་གྲུབ་མཐའི་ཚབ་བྱེད་ལྟ་བུར་གྱུར་འདུག་གོ །
 ལུང་གི་རྗེས་འབྲངས་ཀྱི་མདོ་སྡེ་བས་བདེན་གཉིས་ཀྱི་མཚན་ཉིད་དང་མཚན་གཞིའི་འཇོག་ཚུལ་ཙམ་བྱེ་སྨྲ་དང་འདྲ་ཡང་། བྱེ་བྲག་གི་རྣམ་གཞག་བྱེད་ཚུལ་མི་འདྲ་སྟེ། བྱེ་བྲག་སྨྲ་བས་ཡོད་པ་ཐམས་ཅད་རྫས་གྲུབ་ཏུ་འདོད་ལ། མདོ་སྡེ་བའི་གྲུབ་མཐའ་སྨྲ་བ་སུས་ཀྱང་དེ་ལྟར་མི་འདོད་དོ། །ལུགས་འདིས། དངོས་བོ་དང་། མི་རྟག་པ། འདུས་བྱས་སོགས་དོན་གཅིག་ཏུ་འདོད་ཅིང་། དངོས་བོ་ཡིན་ན། སྐྱེ་བ་དང་། གནས་པ། རྙིང་པ། འཇིག་པ་བཞིའི་བདག་ཉིད་ཅན་དུ་འདོད་པར་མ་ཟད། ད་དུང་། དེ་དག་རྫས་གཅིག་ཏུ་བཞེད། དེ་བས། བྱེ་བྲག་སྨྲ་བའི་འདོད་པ་ལྟར། འདུས་བྱས་ཤིག་ཡིན་ཕྱིན། དུས་དང་པོར་སྐྱེས། གཉིས་པར་གནས། གསུམ་པར་རྙིང་། བཞི་པར་འཇིག་པ་སྟེ་འདུས་བྱས་རང་སྟེང་གི་དུས་ཀྱི་གོ་རིམ་ལྟར་འཇོག་པ་དེ་མི་འཐད་པར། ལྟོས་འཇོག་གི་སྒོ་ནས་ཁྱད་ཆོས་དེ་དག་འཇོག་པས་སྐྱེ་སོགས་ཀྱི་ཁྱད་ཆོས་ཚང་མ་རྫས་གཅིག་ཏུ་འདོད་པ་རེད།
  འོ་ན། ལྟོས་འཇོག་གིས་ཁྱད་ཆོས་དེ་དག་ཇི་ལྟར་བཞག་པ་ཡིན་ཞེ་ན། མྱུ་གུ་ལྟ་བུ་ལ་མཚོན་ནས་བཤད་ན། རང་ཉིད་སྔར་མེད་གསར་དུ་སྐྱེས་པས་སྐྱེས་པ། རང་གི་ཉེར་ལེན་དུ་གྱུར་བའི་ས་བོན་གྱི་རྒྱུན་ཡིན་པས་གནས་པ། སྐད་ཅིག་དང་པོའི་དུས་ཀྱི་མྱུ་གུ་དེ། སྐད་ཅིག་གཉིས་པའི་དུས་སུ་འགྱུར་བས་རྙིང་བ། རང་གྲུབ་དུས་དེ་ལས་སྐད་ཅིག་གཉིས་པར་ངེས་པར་མི་སྡད་པས་འཇིག་པར་འཇོག་ལ། ཁྱད་ཆོས་དེ་དག་ཚང་མ་ལྟོས་འཇོག་གི་སྒོ་ནས་མིང་སོ་སོར་བཏགས་པ་ཙམ་མ་གཏོགས། རྩ་བའི་བསྟན་བྱ་དངོས་བོ་གཅིག་ཏུ་འདོད་པས། ཐམས་ཅད་དུས་གཅིག་ཏུ་གྲུབ་པར་བཞེད། མི་རྟག་པའི་དོན་འཇོག་ཚུལ་ཁོ་ནའི་སྟེང་ནས་བལྟས་ནའང་།  བྱེ་བྲག་སྨྲ་བའི་ལྟ་བ་ལས་མདོ་སྡེ་བའི་ལྟ་བ་དེ་ཕྲ་ཞིང་བརླིང་བ་ཤེས་ཐུབ་ལ། མདོ་སྡེ་བ་ཡན་གྱི་ནང་བའི་གྲུབ་མཐའ་སྨྲ་བ་ཐམས་ཅད་ཀྱི་མི་རྟག་པའི་དོན་འཇོག་ཚུལ་འདྲའོ། །
 1.2.2 ལམ་གྱི་རྣམ་གཞག
 འདིའི་ཆ་ནས་མདོ་སྡེ་བ་དང་བྱེ་བྲག་སྨྲ་བ་གཉིས་ཕལ་ཆེར་གཅིག་མཚུངས་ཡིན་ལ།  ཞིབ་ཏུ་གོང་དུ"ཐམས་ཅད་མཁྱེན་པའི་གོ་འཕང"ཞེས་པའི་སྐབས་བཤད་ཟིན་པ་ལྟར་རོ།  །
1.2.3 འབྲས་བུའི་རྣམ་གཞག
  ལུགས་འདིས་དགྲ་བཅོམ་པ་སྤངས་རྟོགས་ལས་མི་ཉམས་དང་། སངས་རྒྱས་ཀྱི་གཟུགས་སྐུ་ཡང་སངས་རྒྱས་སུ་ཁས་ལེན་པ་སོགས་འགའ་ཞིག་མ་གཏོགས་འབྲས་བུའི་རྣམ་གཞག་ཀྱང་བྱེ་བྲག་སྨྲ་བ་དང་མཚུངས་སོ། ། དེ་ཡང་ཉན་ཐོས་སྡེ་བའི་ཆོས་འཕེལ་རྒྱས་སུ་སོང་བའི་གོ་རིམ་ཁྲོད། བཤད་ཟིན་པའི་བྱེ་བྲག་སྨྲ་བ་དང་། མདོ་སྡེ་བའི་གྲུབ་མཐའ་གཉིས་ནི། ཐེག་དམན་གྱི་གྲུབ་མཐའི་ཚབ་བྱེད་ལྟ་བུར་གྱུར་ཡོད་དོ། ། 
རྩོམ་སྒྲིག་པ།