ནང་དོན་རིག་པའི་སྤྱི་བཤད། བཞི་པ། གྲུབ་མཐའ་སྨྲ་བ་བཞི། ཀ བྱེ་བྲག་སྨྲ་བ།
དུས་ཚོད།:2018-11-29  |   རྩོམ་པ་པོ།:སྙན་བཟང་པ་དགེ་འདུན་གྱིས་བརྩམས།   |   ཁུངས།:  |   ཀློག་ལྟ།:1715  |   དཔྱད་པ།:0

ཀ  བྱེ་བྲག་སྨྲ་བ།

1.བྱེ་བྲག་སྨྲ་བའི་བྱུང་བ།
  བྱེ་བྲག་སྨྲ་བའི་གྲུབ་མཐའ་ནི། སྟོན་པ་མྱ་ངན་ལས་འདས་ནས་ལོ་བརྒྱ་ལྷག་གི་
རྗེས་ཏེ། ཕལ་ཆེར་སྤྱི་ལོ་སྔོན་གྱི་དུས་རབས་གཉིས་པའི་སྐབས་ཙམ་ལ་གནས་བརྟན་སྡེ་བའི་རྨང་གཞི་ལ་བརྟེན་ནས་བྱུང་ཞིང་། ཡོངས་གྲགས་སུ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་རྒྱུན་འཛིན་པ་ཡིན་པར་བཤད། གྲུབ་མཐའ་འདིའི་ལྟ་བའི་གཞི་འཛུགས་ས་གཙོ་བོ་ནི།《མངོན་པ་སྡེ་བདུན》དང་། དེའི་འགྲེལ་བ་ལྟ་བུའི་བསྟན་བཅོས《བྱེ་བྲག་ཏུ་བཤད་པ་ཆེན་པོ》གཉིས་ཡིན། 
《མངོན་པ་སྡེ་བདུན》ནི་སྟོན་པས་དངོས་སུ་གསུངས་པའི་མདོ་ཡིན་པར་ལུགས་འདིས་འདོད་མོད། འོན་ཀྱང་། མདོ་སྡེ་བ་སོགས་ནང་པའི་གྲུབ་མཐའ་སྨྲ་བ་གཞན་དག་གིས། རིའི་བུ་དང་། མོའུ་གལ་གྱི་བུ་སོགས་སྟོན་པའི་རྗེས་འཇུག་སློབ་མ་རྣམས་ཀྱིས་བརྩམས་པར་བཞེད་དེ།  མངོན་པ་སྡེ་བདུན་ལས། ༡《ཆོས་ཀྱི་ཕུང་བོ》ནི་རིའི་བུས་བརྩམས་པ་དང་། ༢《གདགས་པའི་བསྟན་བཅོས》མོའུ་གལ་བུས། ༣《རྣམ་ཤེས་ཀྱི་ཚོགས》ལྷ་སྐྱིད་ཀྱིས། ༤《ཡེ་ཤེས་ལ་འཇུག་པ》ཀ་ཏཡའི་བུས། ༥《ཁམས་ཀྱི་ཚོགས》གང་པོས། ༦《རབ་ཏུ་བྱེད་པ》དབྱིག་བཤེས་ཀྱིས། ༧《ཡང་དག་འགྲོ་བའི་རྣམ་གྲངས》གསུས་པོ་ཆེ་ཡིས་བརྩམས་པར་བཞེད་དོ། །
 《བྱེ་བྲག་ཏུ་བཤད་པ་ཆེན་པོ》ནི། སྟོན་པའི་གཏད་རབས་བདུན་གྱི་ནང་ཚན་འཕགས་པ་ཉེར་སྦས་སྤྱི་ལོ་སྔོན་གྱི་དུས་རབས་གསུམ་པའི་སྐབས་ཆོས་རྒྱལ་མྱ་ངན་མེད་ཀྱི་སྐུ་དུས་སུ་ཡོད་པའི་དགྲ་བཅོམ་པ་ཞིག་ཡིན། ཁོང་གི་སློབ་མ་ཟླ་བ་ནོར་བུ་སོགས་དགྲ་བཅོམ་པ་ལྔ་བརྒྱས།  རྒྱ་གར་བྱང་ཕྱོགས་རི་བོ་འབིགས་བྱེད་གར་མཁན་གྱི་གཙུག་ལག་ཁང་དུ་བརྩམས་ཤིང་།  གཞུང་དེ་ལ་སྡོམ་པའི་ཤོ་ལོ་ཀ་འབུམ་ཕྲག་གཅིག་ཡོད་དོ། ། 
 གཞུང་འདི་ནི། བྱེ་བྲག་སྨྲ་བའི་ལུགས་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐམས་ཅད་ཆ་ཚང་ཞིང་ཞིབ་རྒྱས་སུ་སྟོན་པའི་གཞུང་ལུགས་གལ་ཆེན་ཞིག་ཡིན་མོད། འོན་ཀྱང་།  བསྟན་པ་སྔར་དར་དང་ཕྱི་དར་གང་གི་སྐབས་སུའང་བོད་དུ་མ་བསྒྱུར་བར་ལུས། རྒྱའི་ལོ་ཙཱ་པ་ཆེན་པོ་བློ་བཟང་ཆོས་འཕགས(法尊法师1902-1980)ལགས་ཀྱིས1945-1949ལོའི་བར་སྡོམ་པའི་ལོ་ངོ་བཞིའི་ནང་བམ་པོ་ཉིས་བརྒྱའི་བདག་ཉིད་ཅན་གྱི་བསྟན་བཅོས་བྱེ་བྲག་ཏུ་བཤད་པ་ཆེན་པོ་བོད་ཡིག་ཏུ་རྫོགས་པར་བསྒྱུར་ཟིན་ནའང་། ད་ལྟའི་བར་པར་དུ་བརྐོ་མ་ཐུབ་པར་ལུས་འདུག 
 དབྱིག་བཤེས་དང་། ཆོས་སྐྱོབ། སངས་རྒྱས་ལྷ། ཁ་ཆེ་འདུས་བཟང་སོགས་ནི། ལུགས་འདིའི་རྒྱུན་འཛིན་མཁས་པ་གཙོ་གྲས་སྐོར་ཡིན། བྱེ་བྲག་སྨྲ་བ་ཞེས་པའི་དོན་ལ་སྤྱིར་བཤད་ཚུལ་མི་འདྲ་བ་གཉིས་འདུག་སྟེ། ཁ་ཅིག་གིས། 《བྱེ་བྲག་ཏུ་བཤད་པ་ཆེན་པོའི》གཞུང་གི་རྗེས་སུ་འབྲངས་ནས་གྲུབ་མཐའ་སྨྲ་བས་ན་བྱེ་བྲག་སྨྲ་བ་ཞེས་སུ་འདོད་པ་དང་། འགའ་ཞིག་གིས།  དུས་གསུམ་རྫས་ཀྱི་བྱེ་བྲག་ཏུ་སྨྲ་བས་ན་བྱེ་བྲག་སྨྲ་བ་ཞེས་སུ་བརྗོད་པ་རེད།
 དེས་ན་སྔ་མ་ནི་བསྟན་བཅོས་ཀྱི་མིང་ལ་ལྟོས་ནས་བཏགས་པ་དང་། ཕྱི་མ་ནི་ལྟ་བའི་ཆ་ལ་ལྟོས་ནས་བཏགས་པ་སྟེ། གཙོ་བོའི་ལུགས་མི་འདྲ་བ་གཉིས་བྱུང་ཡོད་ཀྱང་། ཡོངས་གྲགས་ལྟར་ན་ལྟ་བའི་ཆ་ལ་ལྟོས་ནས་བཏགས་པ་འདི་ཡིན། དབྱེ་ན། རྩ་བའི་སྡེ་བཞི་དང་གྱེས་པ་བཅོ་བརྒྱད་སོགས་སུ་ཡོད། 
2.བྱེ་བྲག་སྨྲ་བའི་དབྱེ་བ།
2.1རྩ་བའི་སྡེ་བཞི།
  2.1.1གཞི་ཐམས་ཅད་ཡོད་པར་སྨྲ་བའི་སྡེ།
 སྡེ་འདིའི་མཁན་པོ་སྒྲ་གཅན་འཛིན་ཡིན་ལ་ཁོང་གི་རིགས་ནི་རྒྱལ་རིགས་དང། སྐད་སང་སྐྲི་ཏའི་སྐད་ཡིན།
 2.1.2དགེ་འདུན་ཕལ་ཆེན་གྱི་སྡེ།
 སྡེ་འདིའི་མཁན་པོ་འོད་སྲུང་ཆེན་པོ་ཡིན་ལ་ཁོང་གི་རིགས་ནི་བྲམ་ཟེའི་རིགས་དང་།  སྐད་ཟུར་ཆག་གི་སྐད་ཡིན།
2.1.3མང་བཀུར་བའི་སྡེ། 
 སྡེ་འདིའི་མཁན་པོ་ཉེ་བར་འཁོར་ཡིན་ལ་ཁོང་གི་རིགས་ནི་དམངས་རིགས་དང། སྐད་ཤ་ཟའི་སྐད་ཡིན།
2.1.4གནས་བརྟན་པའི་སྡེ།
 སྡེ་འདིའི་མཁན་པོ་ཀ་ཏྱ་ན་ཡིན་ལ་ཁོང་གི་རིགས་ནི་རྗེ་རིགས་དང་། སྐད་ཐ་མལ་པའི་སྐད་ཡིན།
2.2གྱེས་པ་བཅོ་བརྒྱད།
  དེ་དག་ནི༡ ཕལ་ཆེན་པ། ༢ས་སྒྲོག་རི་བ། ༣ཐ་སྙད་གཅིག་པ། ༤རྒྱལ་བྱེད་ཚལ་ན་གནས་པ། ༥མང་ཐོས་པ། ༦བཏགས་པར་སྨྲ་བ། ༧གནས་བརྟན་པ། ༨ས་སྟོན་པ། ༩གནས་མ་བུ།  ༡༠གཞི་ཐམས་ཅད་ཡོད་པར་སྨྲ་བ། ༡༡ཆོས་སྦས་པ། ༡༢འོད་སྲུངས་པ། ༡༣མདོ་སྡེ་བ། ༡༤བླ་མ་བ། ༡༥ཆོས་མཆོག་པ། ༡༦བཟང་པོའི་ལམ་པ། ༡༧གྲོང་ཁྱེར་དྲུག་པ། ༡༨མང་བཀུར་བ་བཅས་སོ། །དབྱེ་བ་སོ་སོའི་ཁྱད་པར་ནི། གཙོ་བོ་ཡུལ་དང་། སློབ་དཔོན། ལྟ་བ་མི་འདྲ་བ་སོགས་ཀྱི་དབང་གིས་བྱུང་བ་ཡིན་ནོ། །
 3.བྱེ་བྲག་སྨྲ་བའི་ལྟ་བ།
 ནང་བསྟན་རྒྱུན་འཛིན་མཁས་པ་རྣམས་ཀྱིས། ནང་པ་སངས་རྒྱས་པའི་ལྟ་བ་མཐའ་དག་རྩ་བའི་གྲུབ་མཐའ་བཞིའི་ནང་དུ་བསྡུས་ནས་བསྟན་པ་དང་། དེ་ཡང་གཞི་དང་ལམ་དང་འབྲས་བུ་གསུམ་གྱི་ནང་དུ་བསྡུས་ནས་བསྟན་ཡོད། གཞིའི་རྣམ་གཞག་གི་ནང་དུ་གཙོ་བོ་གཞིའི་ངོ་བོ་སྟེ། ཕྱི་རོལ་ཡུལ་གྱི་ཤེས་བྱའི་གནས་ལུགས་དང་། དབྱེ་བ། ཁྱད་པར་སོགས་གཏན་ལ་ཕབས་ཡོད་པ་དང་། ལམ་གྱི་རྣམ་གཞག་གི་ནང་དུ། ཕྱི་རོལ་ཡུལ་གྱི་ཤེས་བྱའི་གནས་ལུགས་ལ་བརྟེན་ནས་སྐྱེས་པའི་ནང་གི་ཉམས་རྟོགས་ཀྱི་ཡོན་ཏན་གྱི་ངོ་བོ་དང་། གོ་རིམ། དབྱེ་བ། ཁྱད་པར་སོགས་གསལ་བཤད་བྱས་འདུག་པ་དང་། འབྲས་བུའི་རྣམ་གཞག་གི་ནང་དུ། ནང་གི་ཉམས་རྟོགས་ཀྱི་ཡོན་ཏན་གོང་དུ་འཕེལ་ཏེ་ཚད་ངེས་ཅན་ཞིག་ལ་སླེབས་པ་ནས་ཐོབ་པའི་མཐར་ཐུག་གི་འབྲས་བུ་སྟེ། ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སོགས་བསྟན་ཡོད།
 དེ་བས་བྱེ་སྨྲའི་ལུགས་ཀྱི་ལྟ་བ་ཡང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གི་ནང་དུ་བསྡུས་ནས་འཆད་ན།
3.1གཞིའི་རྣམ་གཞག 
  ལུགས་འདིས་ཤེས་བྱ་ཐམས་ཅད་གཞི་ལྔར་འདུ་བར་འདོད་པ་ཡིན་ཏེ། གཞི་ལྔ་ནི།  སྣང་བ་གཟུགས་ཀྱི་གཞི། གཙོ་བོ་སེམས་ཀྱི་གཞི། འཁོར་སེམས་བྱུང་གི་གཞི། ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི། འདུས་མ་བྱས་ཀྱི་གཞི་རྣམས་སོ། དེ་དག་ལས། དང་པོ་བཞི་ནི་མི་རྟག་པ་དང་། ཕྱི་མ་ནི་རྟག་པ་ཡིན།                         
3.1.1 སྣང་བ་གཟུགས་ཀྱི་གཞི།
 དེ་ནི་སྤྱིར་གཟུགས(འབྱུང་བཞིའི་རྡུལ་ཚོགས་ལས་གྲུབ་པའི་བྱ་དངོས་ཐམས་ཅད)ཡིན་དགོས་པར་མ་ཟད། ད་དུང་དབང་ཤེས་ལ་སྣང་ཞིང་དེའི་སྤྱོད་ཡུལ་ཡིན་དགོས། དབྱེ་ན་གསུམ་ཡོད་པ་ལས།
3.1.1.1བསྟན་ཡོད་ཐོགས་བཅས་ཀྱི་གཟུགས།
  དེ་ནི་མིག་ཡུལ་དུ་བསྟན་དུ་ཡོད་པ་སྟེ།  མིག་ཤེས་ལ་སྣང་དགོས་པར་མ་ཟད།  ད་དུང་།  གྱང་དང་རྩིག་པ་སོགས་ཕྱིའི་རྐྱེན་ལའང་ཐོགས་རྒྱུ་ཡོད་པ་ཞིག་ཀྱང་ཡིན་དགོས།  མཚན་གཞི་ནི། མིག་ཤེས་ཁོ་ནས་དངོས་ཀྱི་ལོངས་སྤྱོད་དུ་གྱུར་བའི་དབྱིབས་དང་ཁ་དོག་གི་རིགས་ཐམས་ཅད་དོ། །
 3.1.1.2བསྟན་མེད་ཐོགས་བཅས་ཀྱི་གཟུགས།
 དེ་ནི་མིག་གི་ཡུལ་དུ་བསྟན་དུ་མེད་ཀྱང་། གྱང་དང་རྩིག་པ་སོགས་ཕྱིའི་རྐྱེན་ལ་ཐོགས་རྒྱུ་ཡོད་པའི་བྱ་དངོས་དག་ལ་ཟེར། མཚན་གཞི་ནི། སྒྲ་དང་། དྲི། རོ། རེག་བྱ་རྣམས་ཡིན་ཏེ། དེ་དག་ནི་རྣམ་པ་ཀུན་ཏུ་མིག་ལས་གཞན་པའི་དབང་བོ་ཁོ་ནས་སྤྱོད་ཡུལ་ཡིན་པས་སོ། །
  3.1.1.2བསྟན་མེད་ཐོགས་མེད་ཀྱི་གཟུགས།
  དེ་ནི་མིག་གི་ཡུལ་དུ་བསྟན་དུ་མེད་པར་མ་ཟད། ད་དུང་། ཕྱིའི་བྱུང་བའི་རྐྱེན་ལ་ཐོགས་རྒྱུ་མེད་པའི་དངོས་བོ་ཞིག་གོ །འདི་ནི་བྱེ་བྲག་སྨྲ་པ་ཁོ་ནས་འདོད་པའི་གཟུགས་ཀྱི་རྣམ་གྲངས་ཤིག་ལས། གཟུགས་མཚན་ཉིད་པ་མིན། རྒྱུ་མཚན་ནི། གཟུགས་མཚན་ཉིད་པ་ཡིན་ན།  རང་གི་བདག་ཉིད་དུ་གྱུར་བའི་འབྱུང་བའི་ཆ་ཤས་ལས་གྲུབ་པ་ཞིག་ཡིན་དགོས། མཚན་གཞི་ནི། སོ་ཐར་གྱི་སྡམ་པ་ལྟ་བུ་ཡིན་ཏེ། དེ་ནི་རྡུལ་ཕྲན་བསགས་པའི་གཟུགས་མིན་ཡང་།  འབྱུང་བའི་རྒྱུ་བྱས་པ་ལས་བྱུང་བར་མ་ཟད། མཁན་པོའི་མདུན་ནས་ལེན་རྒྱུ་ཡོད་པ་དང་། དབང་བོ་ལ་བརྟེན་ནས་ཉམས་རྒྱུ་ཡོད་པའི་ཆ་ནས་གཟུགས་སུ་བཞག་གོ །སོ་ཐར་གྱི་སྡམ་པ་བསྟན་ཡོད་མིན་པའི་རྒྱུན་མཚན་ནི། དགེ་སློང་ཞིག་མཐོང་ཙམ་གྱིས་དེའི་རྒྱུད་ཀྱི་སྡོམ་པ་མཐོང་མི་ཐུབ་པས་ཡིན།
3.1.2གཙོ་བོ་སེམས་ཀྱི་གཞི།
 དེ་ནི་ཤེས་བྱ་གང་ཞིག་ཡིན་རུང་དེའི་ངོ་བོ་མྱོང་བར་ཤེས་པ་གཞན་ལ་རག་མ་ལས་པར་རང་སྟོབས་ཀྱིས་མྱོང་ཐུབ་པའི་རིག་པ་ཞིག་ལ་ཟེར། དབྱེ་ན། མིག་གི་རྣམ་ཤེས། རྣ་བའི་རྣམ་ཤེས། སྣའི་རྣམ་ཤེས། ལྕེའི་རྣམ་ཤེས། ལུས་ཀྱི་རྣམ་ཤེས། ཡིད་ཀྱི་རྣམ་ཤེས་དང་དྲུག་ཡོད།
3.1.3 འཁོར་སེམས་བྱུང་གི་གཞི།
དེ་ནི་ཤེས་བྱ་གང་ཞིག་ཡིན་རུང་དེའི་ཁྱད་ཆོས་ནི་བློ་གཞན་ལ་མ་བརྟེན་པར་རང་སྟོབས་ཀྱིས་མྱོང་ཐུབ་ཅིང་། མིག་གི་རྣམ་ཤེས་སོགས་གཙོ་སེམས་དྲུག་པོ་གང་རུང་གི་འཁོར་ཡང་ཡིན་པའི་རིག་པ་ལ་ཟེར། དབྱེ་ན། ཀུན་འགྲོ་ལྔ་སོགས་སེམས་བྱུང་ང་གཅིག་ཡོད་དོ། །
3.1.4 ལྡན་པ་མ་ཡིན་པའི་འདུ་བྱེད་ཀྱི་གཞི།
 དེ་ནི་མཚུངས་ལྡན་མ་ཡིན་པའི་འདུ་བྱེད་ཀྱི་གཞི་ཞེས་པའི་དོན་ཡིན། དེ་ཡང་།  མཚུངས་ལྡན་མ་ཡིན་པ(མཚུངས་ལྡན་རྣམ་པ་ལྔ་མཚུངས་མ་ཡིན་པ)ནི། ཤེས་པ་མ་ཡིན་པ་ཞེས་པའི་དོན་དང་། འདུ་བྱེད་ཅེས་པ་ནི། འདུས་བྱས་ཞེས་པའི་དོན་ནོ། །དེས་ན། ལྡན་མིན་འདུ་བྱེད་ཅེས་པ་གཟུགས་དང་ཤེས་པ་གཉིས་གང་ཡང་མ་ཡིན་ཞིང་མི་རྟག་པ་ཡིན་པ་ཞིག་ལ་གོ་དགོས། མཚན་གཞི་ནི། བུམ་པའི་སྟེང་གི་མི་རྟག་པ་ལྟ་བུ་ཡིན་ཏེ། དེ་ནི་སྐད་ཅིག་ཀྱང་མི་སྡོད་པའི་ཆ་ལ་གོ་དགོས་པས། བུམ་པའི་སྟེང་གི་གཟུགས་མིན་ཏེ། གལ་ཏེ་ཡིན་ན། བུམ་པའི་མཆུ་དང་། ལྟོ་བ། མགྲིན་པ་གང་རུང་ཡིན་དགོས་ཤིང་། དེ་མིན་པ་དང་། ཤེས་པ་མིན་པ་སླ།  སྐད་ཅིག་ཀྱང་མི་སྡད་པར་འགྱུར་ལྡོག་གི་ཆ་ཡིན་པས། རྟག་པ་མིན། དེས་ན་གཟུགས་ཤེས་གཉིས་གང་ཡང་མ་ཡིན་པས་ན་ལྡན་མིན་འདུ་བྱེད་ཡིན་པ་ཧ་ཅང་གསལ་ལོ། །
3.1.5 འདུས་མ་བྱས་ཀྱི་གཞི།
   དེ་ནི་རྒྱུ་རྐྱེན་གྱིས་འདུས་པར་མ་བྱས་པའི་ཤེས་བྱ་ཐམས་ཅད་ལ་བྱ། མཚན་གཞི་ནི། ཤེས་བྱ། འདུས་མ་བྱས་ཀྱི་ནམ་མཁའ། སོ་སོར་བརྟགས་འགོག(མཉམ་བཞག་ཡེ་ཤེས་ཀྱིས་བདེན་བཞི་སོ་སོའི་གནས་ལུགས་ལ་ཕྲ་ཞིང་ཞིབ་པའི་སྒོ་ནས་སོ་སོར་བརྟགས་ཅིང་དཔྱད་དེ།  དེའི་སྟོབས་ཀྱིས་ཡེ་ཤེས་རང་གི་ངོས་སྐལ་ཀྱི་སྤང་བྱ་དང་བྲལ་བའི་ཆ)སོ་སོར་བརྟགས་མིན་གྱི་འགོག་པ(གཉེན་པོ་ཤེས་རབ་ཀྱིས་སོ་སོར་བརྟགས་ཏེ་སྤང་བ་མིན་པར། རང་བཞིན་གྱིས་འགག་པའི་ཆ)སོགས་རྟག་པའི་རིགས་ཐམས་ཅད་ལ་གོ་དགོས།
   གོང་དུ་བཤད་པ་ལྟར་ལུགས་འདིས་ཤེས་བྱ་ཐམས་ཅད་གཞི་ལྔར་འདུ་བར་འདོད་ཅིང་།  དེ་ལྔ་ཀའང་དོན་བྱེད་ནུས་པ་དང་རྫས་གྲུབ་ཏུ་བཞེད་དེ། ནམ་མཁའ་ལྟ་བུ་ལ་མཚོན་ན།  གཞན་གྱིས་ཚུར་ཡང་མི་སྒྲིབ་ལ་རང་གིས་ཕར་ཡང་མི་སྒྲིབ་པའི་རྟག་པའི་རྫས་ཏེ། རླུང་གི་རྟེན་བྱེད་པས་ཁྱད་པར་དུ་ཕྱེ་པའི་རྫས་གྲུབ་ཏུ་བཞེད་དོ། །མདོར་ན། ལུགས་འདིས་ཤེས་བྱ་ཐམས་ཅད་དོན་བྱེད་ནུས་པར་ཁས་ལེན་པས། ཤེས་བྱ་ཡིན་ན་དངོས་པོ་ཡིན་པའི་ཁྱབ་པར་འདོད་མོད། འོན་ཀྱང་། མདོ་སྡེ་པ་སོགས་ཀྱིས་འདོད་པ་ལྟར། དངོས་བོ་དང་མི་རྟག་པ་གཉིས་དོན་གཅིག་ཏུ་མི་འདོད་པ་དང་། དངོས་པོ་ལ་ཡང་ནང་གསེས་ཀྱིས་རྟག་མི་རྟག་གཉིས་ཡོད་པར་བཞེད་དོ།  །
 ལུགས་འདིས་ཤེས་བྱ་ཐམས་ཅད་བདེན་པ་གཉིས་སུའང་འདུ་བར་འདོད་དེ། བདེན་པ་གཉིས་ནི། ཀུན་རྫོབ་བདེན་པ་དང་། དོན་དམ་བདེན་པའོ། །ཁྱད་པར་ནི། བྱེ་བྲག་སྨྲ་པས་གཟུགས་ལ་སོགས་པའི་ཤེས་བྱ་གང་ཡིན་ཡང་། དེ་རིགས་པ་ཡང་དག་གིས་དཔྱད་མཐར་རྙེད་དགོས་པར(ཕྱི་དོན་བདེན་གྲུབ་ཏུ་འདོད་པའི་གནད་ཀྱང་འདི་ལ་ཐུག་ཡོད)འདོད་ཅིང་།  དེ་ཡང་མཐར་གཏུགས་ན་རགས་པའི་དངོས་བོ་རྣམས་རྡུལ་ཕྲ་རབ་དང་། རྒྱུན་གྱི་ཐུག་མཐའ་སྐད་ཅིག་ཆ་མེད་ཅིག་ཡོད་པར་དགོངས་ནས། རགས་པ་རྣམས་ཀྱི་རྩོམ་གཞི་རྡུལ་ཕྲ་རབ་དང་།  རྒྱུན་གྱི་རྩོམ་གཞི་སྐད་ཅིག་ཆ་མེད་ཡིན་པར་བཞེད་པས། རྡུལ་ཕྲ་རབ་དང་། སྐད་ཅིག་ཆ་མེད།  ནམ་མཁའ་སོགས་ནི། རྒྱུ་རྐྱེན་གྱིས་གཞོམ་གཞིག་མེད་པའི་ཆ་ནས་དེ་དག་རྫས་གྲུབ་ཏུ་འདོད་ལ། རྫས་སུ་གྲུབ་པའི་ཆོས་ཐམས་ཅད་དོན་དམ་བདེན་པ་ཡིན་པར་བཞེད། ཅོག་ཙེ་དང་།  ཀ་བ། སྣམ་པུ་སོགས་རགས་པའི་དངོས་བོ་རྣམས་ནི། རྒྱུ་རྐྱེན་ཀྱིས་གཞོམ་གཞིག་ནུས་པ་དང་།  རང་གི་ཆ་ཤས་རྣམས་སོ་སོར་བསལ་རྒྱུ་ཡོད་པའི་ཆ་ནས་དེ་དག་བཏགས་ཡོད་དང་། གང་བཏགས་ཡོད་ཡིན་པའི་ཆོས་ཐམས་ཅད་ནི་ཀུན་རྫོབ་བདེན་པར་བཞེད་དོ། །
 མདོར་ན། ཤེས་བྱ་གང་ཞིག་ཡིན་རུང་དེའི་ཆ་ཤས་རྣམས་སོ་སོར་བསལ་རྒྱུ་ཡོད་པ་ཞིག་ཡིན་ཕྱིན། དེ་ཀུན་རྫོབ་བདེན་པ་དང་། རང་གི་ཆ་ཤས་རྣམས་སོ་སོར་བསལ་རྒྱུ་མེད་པ་ཞིག་ཡིན་ཕྱིན། དེ་དོན་དམ་བདེན་པ་ཡིན་པར་བཞེད་དོ། །
 བདེན་གཉིས་ཀྱི་རྣམ་གཞག་འདི་ནི། ནང་བའི་གྲུབ་མཐའ་སྨྲ་པ་གང་ཡིན་ཡང་། དེའི་ལྟ་བ་གཏན་ལ་འབེབས་སའི་གཞི་གཙོ་བོ་ཡིན་ཞིང་། ནང་བའི་གྲུབ་མཐའ་སྨྲ་བ་གང་ཞིག་ཡིན་ཡང་། དེས་བདེན་གཉིས་གཏན་ལ་འབེབས་ཚུལ་མི་འདྲ་བའི་དབང་གིས། ལམ་གྱི་རྣམ་གཞག་སྟེ་རྟོགས་པའི་ངོ་བོ་དང་གོ་རིམ་སོགས་ཀྱང་མི་མཚུངས་ལ། མཐར་ཐུག་གི་འབྲས་བུ་སྟེ་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་གི་ངོས་འཛིན་དང་། དེ་ཇི་ལྟར་མངོན་དུ་བྱེད་ཚུལ་སོགས་ཀྱང་མི་འདྲ་བ་ཡིན།
 3.2 ལམ་གྱི་རྣམ་བཞག
 འདིའི་ཆ་ནས་བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ་གཉིས་ཕལ་ཆེར་གཅིག་མཚུངས་ཡིན་ལ།  ཞིབ་ཏུ་གོང་དུ"ཐམས་ཅད་མཁྱེན་པའི་གོ་འཕང"ཞེས་པའི་སྐབས་བཤད་ཟིན་པ་ལྟར་རོ།  །
  3.3འབྲས་བུའི་རྣམ་གཞག
   སྐབས་འདིའི་འབྲས་བུ་ནི་ལམ་གྱི་འབྲས་བུ་ལ་གོ་དགོས་ཤིང་། དེ་ཡང་ཐེག་པ་རང་རང་གི་ལམ་གྱི་བགྲོད་པ་མཐར་ཕྱིན་པའི་མཐར་ཐུག་གི་འབྲས་བུ་སྟེ། དགྲ་བཅོམ་པའི་གོང་འཕང་དང་སངས་རྒྱས་ཀྱི་གོ་འཕང་ཅི་རིགས་ལ་གོ་དགོས་སོ། །
   བྱེ་བྲག་སྨྲ་བའི་ལུགས་འདིར་སྒྲིབ་པ་ལ། ཉོན་མོངས་ཅན་གྱི་སྒྲིབ་པ་དང་། ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་གཉིས་སུ་འདོད་ཅིང་། ཉོན་མོངས་ཅན་གྱི་སྒྲིབ་པ་སྤངས་བའི་མཐར་ཐུག་གི་འབྲས་བུ་ལ། ཉན་ཐོས་དགྲ་བཅོམ་པའི་གོ་འཕང་དང་། རང་རྒྱལ་དགྲ་བཅོམ་པའི་གོ་འཕང་གཉིས་ཡོད། ཉོན་མོངས་ཅན་མ་ཡིན་པའི་སྒྲིབ་པ་སྤངས་བའི་མཐར་ཐུག་གི་འབྲས་བུ་ལ།  སངས་རྒྱས་ཀྱི་གོ་འཕང་ཁོ་ན་འཇོག་གོ །
   ལུགས་འདིས་ཤེས་སྒྲིབ་ཁས་མི་ལེན་པའི་རྒྱུ་མཚན་ནི། བདག་མེད་གཉིས་ལས་ཆོས་ཀྱི་བདག་མེད་ཁས་མི་ལེན་པ་ལ་ཐུག་ཡོད་ཅིང་། དེ་ཡང་རགས་པའི་དངོས་པོ་དང་རྒྱུན་གང་ཡིན་ཡང་། མཐར་གཏུགས་ན་རྡུལ་ཕྲ་རབ་ཕྱོགས་ཀྱི་ཆ་མེད་དང་། རྒྱུན་གྱི་མཐར་ཐུག་སྐད་ཅིག་ཆ་མེད་ཅིག་ལ་ཐུག་ཡོད་པར་འདོད་ཅིང་། དེ་གང་རུང་གིས་བརྩམས་པའི་བྱ་དངོས་ཤིག་ཡིན་ཕྱིན། བློར་སྣང་བ་དང་། སྒྲས་བརྗོད་པ་སོགས་ལ་མ་ལྟོས་པར་ཡུལ་རང་གི་ཐུན་མོང་མ་ཡིན་པའི་སྡོད་ལུགས་ཀྱི་ངོས་ནས་བདེན་པར་གྲུབ་པར་འདོད་ལ། དེ་ལྟར་གྲུབ་པའི་ཆོས་ཐམས་ཅད་ཆོས་བདག་ཏུ་བཞེད་པ་རེད།
   ཉན་ཐོས་དགྲ་བཅོམ་པ་དང་། རང་རྒྱལ་དགྲ་བཅོམ་པ། ཐེག་ཆེན་དགྲ་བཅོམ་པ(སངས་རྒྱས་ཀྱི་གོ་འཕང)སོགས་གང་ཡིན་ཡང་། ལྷག་བཅས(སྡུག་བསྔལ་གྱི་ཕུང་བོ་ལྷག་མ་དང་བཅས་པ)དང་། ལྷག་མེད(སྡུག་བསྔལ་གྱི་ཕུང་བོ་དོར་བ)གཉིས་ཡོད་པར་འདོད་ལ། དགྲ་བཅོམ་གང་ཡིན་ཡང་ལྷག་མེད་དུ་མྱ་ངན་ལས་འདས་ཚེ། མར་མེ་ཤི་བ་ལྟར་བེམ་རིག་རྒྱུན་ཆད་དུ་འདོད། བེམ་རིག་རྒྱུན་ཆད་པའི་དོན་ཡང་། ལས་ཉོན་གྱིས་འཕངས་བའི་ཤ་རུས་གདོས་བཅས་ཀྱི་གཟུགས་ཕུང་དང་། དེ་ལ་བརྟེན་ནས་སྐྱེས་པའི་སྡུག་བསྔལ་གྱི་ཚོར་བ་ལྟ་བུ་ལ་གོ་དགོས། དཔེར་ན། སྟོན་པ་ཞལ་བཞུགས་དུས། ཁོང་གི་དངོས་སློབ་མོངགལ་གྱི་བུ་མུ་སྟེགས་པའི་ལག་ཏུ་ཤོར་ཏེ་ཤ་ཉོག་རུས་ཉོག་ཏུ་བཏང་པས། ཁོ་ལ་སྡུག་བསྔལ་གྱི་ཚོར་བ་དྲག་པོ་སྐྱེས་པ་ལྟ་བུས་མཚོན་ཐུབ་པ་ཡིན། མོངྒལ་གྱི་བུ་ལ་ཆ་མཚོན་ན། ཁོ་རང་དགྲ་བཅོམ་པ་ཡིན་ཡང་།  ཁོའི་གཟུགས་ཕུང་ནི་དགྲ་བཅོམ་མ་ཐོབ་གོང་གི་སོ་སྐྱེས་གནས་སྐབས་སུ་བསགས་པའི་ལས་ཉོན་གྱིས་འཕངས་བའི་གཟུགས་ཕུང་ཡིན་པ་དང་། སྡུག་བསྔལ་ཤུགས་དྲག་ཡང་ཤ་རུས་གདོས་བཅས་ཀྱི་གཟུགས་ཕུང་ཡོད་པའི་དབང་གིས་བྱུང་བར་འདོད་པ་རེད། 
   དེས་ན། དགྲ་བཅོམ་པ་མོངགལ་གྱི་བུའི་ཤ་རུས་གདོས་བཅས་ཀྱི་གཟུགས་ཕུང་དང་།  དེ་ལ་བརྟེན་ནས་སྐྱེས་པའི་སྡུག་བསྔལ་གྱི་ཚོར་བ་ཤུགས་དྲག་ནི། སྡུག་བསྔལ་གྱི་ཕུང་བོ་ལྷག་མ་ཞེས་པའི་དོན་ཡིན་ལ། མོངྒལ་གྱི་བུ་སྐུ་མྱ་ངན་ལས་འདས་ཚེ། ལས་ཉོན་གྱི་དབང་གིས་བྱུང་བའི་ཤ་རུས་གདོས་བཅས་ཀྱི་གཟུགས་ཕུང་དང་། དེ་ལ་བརྟེན་ནས་སྐྱེས་པའི་སྡུག་བསྔལ་གྱི་ཚོར་བ་ཡང་སྤངས་ཟིན་པས། མར་མེ་ཤི་བ་ལྟར་བེམ་རིག་རྒྱུན་ཆད་པར་བརྗོད་པ་མ་གཏོགས།  དགྲ་བཅོམ་པ་དེའི་རྣམ་ཤེས་ཀྱི་རྒྱུན་ཆད་པར་བརྗོད་པ་མིན་ནོ། །
   འོ་ན། དགྲ་བམ་དེ་མར་མེ་ཤི་བ་ལྟར་བེམ་རིག་རྒྱུན་ཆད་དུས། ཁོའི་སྐྱེ་བ་ཕྱི་མ་ཇི་ལྟར་བླངས་ཏེ་གནས་དགོས་པ་ཡིན་ཅེ་ན། ཁོའི་སྐྱེས་པ་ཕྱི་མ་ནི་ཟག་མེད་ཀྱི་ལས(ཉོན་མོངས་དང་གཏན་དུ་བྲལ་བའི་དགེ་སེམས་ཁྱད་པར་ཅན་གྱི་ནུས་པ་ཞིག)དང་། སྨོན་ལམ་གྱི་སྟོབས་ལ་བརྟེན་ནས་ལེན་དགོས་པར་འདོད་ཅིང་། ལྷག་མེད་ལ་གནས་པའི་དགྲ་བཅོམ་པའི་ལུས་རྟེན་ནི།  ཡིད་ཀྱི་རང་བཞིན་ཅན་ཏུ་བཞེད།  ལྷག་མེད་དུ་མྱ་ངན་ལས་འདས་པའི་དགྲ་བཅོམ་པས་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཉེ་བར་ཞི་བའི་ཉེར་ཞིའི་དབྱིངས(སྡུག་བསྔལ་མཐའ་དག་དང་བྲལ་བའི་ཆ)ལ་རྩེ་གཅིག་ཏུ་མཉམ་པར་བཞག་ཏེ། མཉམ་བཞག་ལ་བརྟེན་ནས་ཐོབ་པའི་དགའ་བདེ་ཁྱད་པར་ཅན་དེས་ཡིད་ཚིམས་ནས་ཇི་སྲིད་འཚོའི་བར་དུ་གནས་པར་བཤད།
   འོན་ཀྱང་། ལུགས་འདིས་དགྲ་བཅོམ་པ་སྤངས་རྟོགས་ལས་ཉམས་པ་ཡོད་པར་འདོད་པར་མ་ཟད། ད་དུང་། ས་བཅུ་དང་། དག་ཞིང་། ལོངས་སྐུ་སོགས་ཁས་མི་ལེན་ནོ། །མང་བཀུར་སྡེ་ལྔས(གནས་མ་བུ། བཟང་བོའི་ལམ་པ། མང་བཀུར་བ། ཆོས་སྦས་བ། བླ་མ་བ)འདོད་པའི་བརྗོད་དུ་མེད་པའི་བདག་ནི། བདག་ཕུང་བོ་དང་གཅིག་དང་ཐ་དད་གང་དུའང་བརྗོད་དུ་མེད་པ་ཞིག་ལ་ཟེར། ལ་ལས། རྫས་བཏགས་གང་དུའང་བརྗོད་དུ་མེད་པ་ལ་འདོད་པ་དང་།  རྗེ་བདག་ཉིད་ཆེན་པོའི《འཇུག་པའི་རྣམ་བཤད》དུ་བྱེ་བྲག་སྨྲ་བའི་འདོད་པ་བརྗོད་སྐབས། ལུགས་འདིས་གང་ཟག་རྫས་ཡོད་དུ་འདོད་པར་བཞེད་ལ། གནས་མ་བུས་གང་ཟག་དེ་ཕུང་སོགས་ཀྱི་ལེན་པ་པོ་དང་འདོར་བ་པོའི་རྫས་སུ་འདོད་པར་བཞེད། འགའ་ཤས་ཀྱིས། བརྗོད་དུ་མེད་པའི་བདག་དེ་མང་བཀུར་སྡེ་ལྔའི་ནང་ཚན་གནས་མ་བུ་ཁོ་ནས་ཁས་ལེན་པར་འདོད་དོ།།

རྩོམ་སྒྲིག་པ།རྡོ་ཆེན།