ལྷ་རི་སྔགས་རམས་པས་བཏབ་པའི་ལྷ་རི་དགོན་བསམ་གཏན་གླིང་།
དུས་ཚོད།:2018-10-9  |   རྩོམ་པ་པོ།:   |   ཁུངས།:ཨམ་མདོ་བོད་མོ།  |   ཀློག་ལྟ།:1104  |   དཔྱད་པ།:0

 

རྩོམ་ཡིག་གི་ནང་དོན་སྙིང་བོ་ནི་བོད་ཀྱི་མཁས་པ་སུམ་པ་པཎྡི་ཏ་ཡེ་ཤེས་དཔལ་འབྱོར་གྱི་རྩ་བའི་སློབ་དཔོན་ཆེན་མོར་གྱུར་པ་ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས་ཞེས་པས་ཐོག་མར་འཇིག་རྟེན་ཁྱིམ་པ་ཕལ་བ་སྤྱིར་བཏང་བ་ཞིག་གི་འཚོ་བའི་ལས་ལ་ཞུགས། དེ་ནས་རྐྱེན་མང་གི་དབང་གིས་བསམ་བློའི་འགྱུར་ལྡོག་རིམ་གྱིས་འཕེལ་བ་ལ་བརྟེན་རབ་ཏུ་བྱུང་སྟེ་རིག་པའི་གནས་སྤྱི་དང་ཁྱད་པར་སྔགས་ཀྱི་ཕྱོགས་ལ་སྦྱངས་ཤིང་དེ་ཉིད་ཀྱི་དོན་བསྒོམས་པས་ཉམས་སུ་བླངས་ཏེ་ཡོན་ཏན་དང་ནུས་མཐུ་བསམ་གྱིས་མི་ཁྱབ་པའི་འབྲས་བུ་བསམ་གྱིས་མི་ཁྱབ་པ་བརྙེས་ནས་བསྟན་འགྲོའི་དོན་མཛད་པའི་རྣམ་ཐར་སྤྱིར་བཏང་མིའི་འཚོ་བ་དངོས་དང་འབྲེལ་བ་ལ་བསྟུན་ཏེ་བཤད་ཡོད་ཅིང་། དེ་མཚུངས་སུ་དིང་སང་རྡུལ་ཁྲོད་ན་གྲག་འགུལ་ཅི་ཡང་མེད་པར་གཟིམས་པའི་ཁོང་གི་རིན་ཐང་བྲལ་བའི་གསུང་རྩོམ་རྣམས་ཀྱང་རེ་རེ་ནས་ཤེས་ལྡན་གཞོན་ནུ་དག་ལ་ངོ་སྤྲོད་གསལ་བོ་བྱས་ཡོད་པ་ཡིན། 

        དང་པོ། སྔགས་རམས་པ་བློ་བཟང་འབྱུང་གནས་ཀྱི་འཁྲུངས་ཡུལ་ངོས་བཟུང་པ། 

དེ་ཡང་ཡུལ་མདོ་སྨད་ཀྱི་སའི་ཆ་སྟེ། རྨ་ཀླུང་དལ་འབབ་ཆུ་བོ་གསེར་ལྡན་གྱི་གཡས་འགྲམ་ན་གནའ་བོའི་དུས་ནས་གྲགས་པ་དཀར་བོའི་མེ་ཏོག་མ་རྙིངས་པར་བཞད་པའི་གནས་མཆོག་གཅན་ཚ་འདིར་ཡང་གནའ་སྔ་མོ་ནས་ནང་པའི་བསྟན་པ་སོགས་ཕྱི་ནང་རིག་གནས་སྤྱི་དང་དེའི་ནང་ནས་ཀྱང་མདའ་མོ་རྩལ་འགྲན་སོགས་སྒྱུ་རྩལ་རིག་གནས་ཆེས་ཆེར་དར་པ་ཀུན་གྱིས་མཐོང་གསལ་ལྟར་ཡིན་ལ། ལྷག་དོན་ཡུལ་ཕྱོགས་འདིར་ཡུལ་ཚོ་མང་དུ་འདུག་པ་ལས་སྐྱེ་བོ་ཀུན་གྱི་ངག་ལ་དོ་རྒྱ①ཚོ་སྒོ་དྲུག་ཅེས་གྲགས་པའི་ཡུལ་གྲུ་ཆེན་པོ་འདི་ལ་བོད་ཀྱི་རྒྱལ་བརྒྱུད་རིམ་བྱོན་ལས་བྱུང་བའི་མང་བོས་བཀུར་པའི་དཔོན་པོ་བོད་གཞི་དང་། ཞིང་སྐྱབས། དབང་གྲགས་སྐྱབས། རྡོ་རྗེ་རྣམ་རྒྱལ། བཀྲ་ཤིས་རྣམ་རྒྱལ། བདེ་མཆོག་བཀྲ་ཤིས་ལ་སོགས་དཔོན་རིང་མང་པོས་ལུགས་གཉིས་ཀྱི་མངའ་ཐང་དགུང་དུ་དར་ཞིང་ཐུགས་དཀྱེལ་གྱི་དཔུང་བ་བརྟན་པོའི་སྲིད་དབང་ཆེན་པོ་ལ་བརྟེན་རང་སྡེ་བྱམས་ཀྱིས་བསྐྱངས་ཤིང་གཞན་སྡེ་ཟིལ་གྱིས་མནན་ཏེ་སྡེ་འབངས་ཐམས་ཅད་སྐྱིད་པས་འཚོ་བའི་ངོས། ནང་དམེ་དང་འཁྲུག་རྩོད་སོགས་ཕན་ཚུན་ལ་མི་མཐུན་པའི་འགལ་བ་སྤུ་ཙམ་མེད་པར་མི་བརྒྱ་ཁ་གཅིག་དང་རྟ་བརྒྱ་ལྕག་གཅིག་ཡིན་པའི་སྡེ་ཆེན་པོ་གསེར་ཞུན་ལྟེམ་མེར་འཁྱིལ་བ་ལྟ་བུ་འདི། གཟི་བྱིན་གྱི་འོད་དཀར་དྲི་མེད་ཟླ་བ་ལྟ་བུའི་ཆ་མངོན་པ། བློ་གྲོས་ཀྱི་སྣང་བ་བཅུ་གཉིས་བདག་པོ་ལྟ་བུའི་མདངས་གསལ་པ། གྲགས་པའི་སྙན་པ་དབྱར་སྐྱེས་ལྷོ་འབྲུག་གི་གདངས་ལྟ་བུའི་སྐད་ཆེ་བ། གཡས་ལུང་རྟ་ལྗང་གཞོན་ནུ་ལྷམ་མེར་ཤར་འདྲ། གཡོན་ལུང་ཉ་རྒྱས་དུང་ཟླ་འཛུམ་གྱིས་ཚེས་འདྲ། དྲོད་འཁོལ་སྣུམ་པོའི་འོད་སྣང་རིས་མེད་ཕོག་ས། དཀར་ཕྱོགས་དགེ་བ་སྐྱོང་བའི་ཡུལ་ལྷ་རང་འཁོར་རྒྱག་ས། ཕོ་རྩལ་སྣ་དགུ་འཛོམས་པའི་སྟག་ཤར་གཞོན་ནུ་སྐྱེ་ས། སྡེ་འབངས་ཐབས་ཀྱིས་སྐྱོང་བའི་སྐྱེས་ཆེན་དཔོན་པོ་བྱོན་ས། མདོ་སྔགས་གཞུང་ལུགས་སྨྲ་བའི་བློ་གསལ་མཁས་པ་འཁྲུངས་སའི་ཚོ་སྒོ་དྲུག་ཏུ་གྲགས་པའི་ས་ཡི་བྱང་ཕྱོགས། འདབ་ཆགས་ཀུན་གྱི་རྒྱལ་བོ་ཁྱུང་ཆེན་མཁའ་རུ་ལྡིང་འདྲ། གྲགས་སྙན་གྱི་བ་དན་ཕྱོགས་ཀྱི་འཁོར་ལོའི་ཁྱོན་ལ་ལྷབ་ལྷུབ་ཏུ་གཡོ་བ་དང་འདྲ་བའི་ཚི་ཀའི་ལྷ་རི་ལྷུན་པོའི་ཟོལ་གྱིས་ཀྲོང་ངེར་འགྱིངས་པ་ཡོད། དེ་ཉིད་ཀྱི་ཤར་ཕྱོགས་སུ་ཤར་ཕྱོགས་པ་རིགས་པའི་དཔའ་བོ་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཕྱག་འདེབས་གནང་བའི་ལུང་རིགས་སྨྲ་བའི་ཆོས་ཀྱི་དོ་ར་ཆེན་པོ་ཞྭ་སེར་བསྟན་པའི་ཆུ་མགོ་ཞེས་པའི་མཚན་གྱི་ལང་ཚོས་སྙེམས་པ་དཔལ་གྱི་དགོན་ཆེན་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་དང་། ལྷོ་ཕྱོགས་ན་རྗེ་ཙོང་ཁ་པ་ཆེན་པོ་དགུང་ལོ་བདུན་ལ་ཕེབས་པའི་སྐབས་ཀྱི་ཁོང་གི་དགེ་རྒན་ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་མཁན་པོ་དང་ཀོའུ་བ་གཞོན་ནུ་བྱང་ཆུབ་འོད་ཟེར་གྱིས་སློབ་དཔོན་མཛད་དེ་རབ་ཏུ་བྱུང་བར་གྲགས་པ་སྟེ་རབ་བྱུང་ལྔ་བའི་སྨད་ཙམ་ལ་འཁྲུངས་པ་ཏཱ་དབེན་གཞོན་ནུ་སེང་གེའི་སློབ་མ་ཆོས་རྗེ་ཀོའུ་བ་རིན་པོ་ཆེ་དེ་ཉིད་ཀྱིས་ཕྱག་འདེབས་གནང་བའི་ཀོའུ་བ་དགོན་གསར་དང་ལ་མོ་བདེ་ཆེན། ནུབ་ཀྱི་ཕྱོགས་སུ་མི་མཐུན་ཕས་རྒོལ་གྱི་གཡུལ་སྲུང་བའི་བརྡར་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱི་ཉམས་སྣང་ལ་འཇམ་དཔལ་ནཱ་ག་རཀྵ྄་གཟིགས་འདྲའི་སྐྱེ་ལྷ་ཨ་མྱེས་སྲིན་པོ་དཔལ་ལྡན་དོན་འགྲུབ་ཀྱི་ས་འཛིན་རྔམས་བརྗིད་ཅན་འགྱིངས་པ། བྱང་གི་ཕྱོགས་སུ་ཕྱི་དར་བསྟན་པའི་མེས་པོ་བོད་ཀྱི་མཁས་པ་མི་གསུམ་དང་ལྷ་ལུང་དཔལ་གྱི་རྡོ་རྗེའི་གདན་ས་ཆེན་པོ་ཨ་ཆུང་གནམ་རྫོང་དང་། སྐྱེ་དགུ་འགྲོ་བའི་སྡུག་བསྔལ་སེལ་བའི་སྨན་གཅིག་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱས་པའི་བརྡར་ས་བཅུའི་དབང་ཕྱུག་རྨ་རྒྱལ་སྦོམ་རའི་སྲས་གསུམ་པ་སྐྱེ་ལྷ་ཆེན་པོའི་ཕོ་བྲང་རིན་ཆེན་རྣམ་རྒྱལ་སྤུངས་པ་འདྲ་བའི་ལྷུན་པོ་ཙོང་ཁའི་སྐྱེས་རི་བཅས་མངོན་པར་འཕགས་པ་དེ་ཉིད་སྒྲིབ་མེད་དུ་མཐོང་མཇལ་ཐུབ་པའི་ས། འཇིག་རྟེན་མེས་པོ་རྣ་བ་བརྒྱད་པས་བསམ་བཞིན་དུ་བཀོད་པ་ལྟ་བུའི་ཚིས་ཀ་ཞེས་བྱ་བའི་སྡེ་བ་འདིར། བོད་རབ་བྱུང་བཅུ་གཅིག་པའི་བགྲང་བྱ་ང་བརྒྱད་པ་སྟེ་ཤིང་ཕོ་བྱི་བ་སྤྱི་ལོ༡༦༨༤ལོར་སྐྱིད་ཤོད་སྡེ་བ་ཆོས་རྗེ་བསྟན་འཛིན་བློ་བཟང་རྒྱ་མཚོ(༡༥༩༣-༡༦༣༨)དང་། ཡུལ་མདོ་སྨད་ཀྱི་སྒྲུབ་པའི་ཤིང་རྟ་བ་ཆེན་པོ་ཡབ་རྗེ་བླ་མ་ཤར་སྐལ་ལྡན་རྒྱ་མཚོའི(༡༦༠༧-༡༦༧༧)དངོས་སློབ། དཔལ་བདེ་མཆོག་འཁོར་ལོ་དང་འཕགས་པ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་གྲུབ་པ། ལེགས་ཉེས་བླང་དོར་གྱི་གནད་སྟོན་པའི་དཀར་ནག་རྩིས་ཀྱི་བསྟན་བཅོས་སོགས་རྩོམ་པ་མང་དུ་མཛད་མཁན། མཁས་ཤིང་གྲུབ་པའི་དབང་ཕྱུག་ཆེན་པོ་ཨ་མགྲོན་མཁས་བཙུན་རྒྱ་མཚོའི(༡༦༠༤-༡༦༧༩)སྤྲུལ་པའི་ཟློས་གར་བསྒྱུར་པ། ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས་གང་ཉིད་ངོ་མཚར་པའི་ལྟས་དང་བཅས་ཏེ་སྐུ་བལྟམས་པ་ཡིན། 

                   གཉིས་པ། ཁོང་གི་འཁྲུངས་སྐར་དང་རབ་ཏུ་བྱུང་བའི་རྒྱུ་རྐྱེན།

     དེ་ཡང་མཁས་དབང་ཚེ་ཏན་ཞབས་དྲུང་གིས་མཛད་པའི《བསྟན་རྩིས་མཐོང་ཚད་ཀུན་བཏུས》ལས་གོང་གི་དེ་ལས་དྲུག་ཅུ་སྐོར་ཕྱི་མ་སྟེ་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་ང་བརྒྱད་པ་ཤིང་བྱི་སྤྱི་ལོ༡༧༤༤ལོར་ལྷ་རི་བློ་བཟང་འབྱུང་གནས་འཁྲུངས་པར་བཤད་པ་ནི་ཡི་གེ་པས་ནོར་བར་བྱས་པ་ལས་མཁས་དབང་མཆོག་གི་བཞེད་པ་མིན་ཏེ། དེའི་གོང་དུ་བསྟན་རྩིས་རང་ན་རབ་བྱུང་བཅུ་གཉིས་པའི་བགྲང་བྱ་སོ་དགུ་བ་ཤིང་སྦྲུལ་སྤྱི་ལོ༡༧༢༥ལོར་ལྷ་རི་དགོན་བཏབ་པར་གསུངས་པའི་ཕྱིར། དེ་ལྟ་མ་ཡིན་ན་སུམ་པ་མཁན་ཆེན་དང་རྐ་ཕུག་པཎྡི་ཏ་བློ་བཟང་དོན་གྲུབ་སོགས་ཁོང་གི་དངོས་སློབ་རྣམས་ཀྱི་ལོ་རྒྱུས་ཀྱང་བསྒྲིགས་ཐབས་མེད་པ་མ་ཟད། ད་དུང་འཁྲུགས་པར་འགྱུར་པའི་སྐྱོན་དུ་མ་འབྱུང་བའི་ཕྱིར་རོ། །《དུང་དཀར་ཚིག་མཛོད་ཆེན་མོ》ལས་ཀྱང་གོང་ལྟར་བླ་མ་ལྷ་རི་བ་སྤྱི་ལོ༡༧༤༤ལོར་འཁྲུངས་པར་བཤད་པ་ཡང་གོང་གི་དེ་ལ་བརྟེན་ཏེ་ནོར་བ་ཡིན་པ་ཤེས་དགོས་སོ། །ཁོང་དགུང་ལོ་སུམ་ཅུའི་བར་གསང་སྔགས་རྙིང་མའི་བརྟུལ་ཞུགས་ཀྱིས་སྔ་འགྱུར་ཆོས་ཀྱི་ཆོ་ག་དང་ཐུན་མོང་རིག་པའི་གནས་ལ་བསླབས་པས། མཁས་པའི་སྙན་གྲགས་རྒྱས་ཤིང་ཉེར་མཁོའི་གཞུང་ལུགས་དང་ཆོ་གའི་རྩོམ་པ་ཡང་མང་དུ་མཛད། ཁྱིམ་ན་གནས་པའི་སྐབས་དེའི་ཉིན་ཞིག་ལ་ཁོང་གིས་གྲུབ་ཆེན་མེ་ངྷཱ་ནའི་ཚུལ་དུ་གདོང་ཞིང་སོ་ནམ་བྱེད་སྐབས་འབུ་སྲིན་གྱིས་གཙེས་པས་རྨོ་ཁལ་འདྲོགས་ཏེ་ཐོང་ལྕགས་བཅགས་ལ། དེ་ནས་ཁོང་གིས་ཡུལ་མི་བོས་ཏེ་ཁབ་སྐུད་ཅིག་ཁྱེར་ཤོག་དང་། ངས་ཐོང་ལྕགས་བཙེམ་དགོས་གསུངས་པར། མ་ཡུམ་གྱིས། ཁྱོད་ཀྱིས་ཅི་ཟེར། སྙི་མོའི་སྐུད་པས་སྲ་མོ་ལྕགས་བཙེམ་ཐུབ་བམ་ཟེར་བར། ཁོང་གི་ཞལ་ནས། རྟེན་འབྲེལ་ལོག་སོང་གསུངས་ཏེ་རྨོ་ཁལ་གྱི་གཉའ་ཤིང་གྲོལ་ཏེ་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་དུས་ལ་བབ་པའམ། ཡང་ན་སྲིད་པ་མཐའ་དག་ལ་སྡུག་བསྔལ་གྱི་རང་བཞིན་དང་སྙིང་བོ་མེད་པར་རང་གིས་གཟིགས་པ་དང་གཟིགས་པ་ལྟར་གཞན་ལ་སྟོན་པའི་ཕྱིར་དུ་དབུས་གཙང་ཆོས་ཀྱི་དགའ་ཚལ་ལ་ཞབས་སོར་བསྒྱུར། ལོ་འདི་རྣམ་འཕྱང་ས་ཕོ་ཁྱི་སྟེ་སྤྱི་ལོ༡༧༡༨ལོ་ཡིན། འདི་དུས་ཁོང་གིས་དགུང་ལོ་སོ་ལྔ་བཞེས་ཡོད་པར་གསལ། སྐབས་འདིར་དབུས་ནས་མགོན་པོ་སྣང་བ་མཐའ་ཡས་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱིས་ཚུལ་དེ་མཁྱེན་བཞེས་གནང་བར་ཁོང་བཞད་གད་ཤོར་པ་ལ། སྐུ་མདུན་པས་ཅི་ལགས་ཞུས་པས། ཁེར་དགོད་བྱས་ན་རང་མཚང་ཡིན་མི་ཟེར་རམ། ཞེས་ཞུས་པར། ཁོང་གིས། ང་ཨ་མགྲོན་མཁས་བཙུན་རྒྱ་མཚོའི་སྤྲུལ་པས་རྨོ་ཁལ་མ་ཐུབ་པར་སྣབས་ལུག་འདུག་པས་དེར་བགད་པ་ཡིན་གསུངས། སྐུ་མདུན་པས། ལགས་སོ། །མ་ཤེས་པ་ལ་ཀོ་ལོང་མ་མཛད་ཅིག ཅེས་ཟེར། དེ་ནས་ཟླ་ངོ་འགའ་འགོར་རྗེས་སྔགས་རམས་པ་ཁོང་ཉིད་ལྷ་སར་ཕེབས་ཐོན་བྱུང་། སྐབས་དེར་ཡང་པཎ་ཆེན་ཐམས་ཅད་མཁྱེན་པས་གསུང་རྒྱུར། དེ་རིང་འགྲུལ་བ་ཞིག་ཡོང་ངེས་ཡིན་པས་སྐུ་མདུན་པ་ལ། ཁྱོད་ཀྱིས་ལྟོས་གསུངས་པར། མར་ན་སྤྲང་བོ་རྡོག་ཁྲེས་ཁུར་མཁན་ཞིག་མ་གཏོགས་ཅི་ཡང་མི་འདུག་ཅེས་ཞུས་པའི་ཚེ། ཁོང་གིས། འགྲུལ་པ་ནི་དེ་ཡིན་པས་ནང་དུ་བསུས་ལ་ཤོག་གསུངས། ཁོང་དགུང་ལོ་སོ་ལྔའི་ཐོག་རབ་ཏུ་བྱུང་བའི་མཚན་ལ་ཡེ་ཤེས་བསམ་གྲུབ་ཅེས་ཞུ་བ་དང་། གངས་ཅན་བསྟན་འགྲོའི་དཔུང་གཉེན་དམ་པ་པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་མདུན་ནས་ཡོན་ཏན་ཀུན་གྱི་གཞི་མ་ལྷག་པ་ཚུལ་ཁྲིམས་ཀྱི་བསླབ་པ་མཐར་ཐུག་སྟེ་ཡོངས་སུ་རྫོགས་པའི་དགེ་སློང་གི་སྡོམ་པ་བླངས་ཤིང་། མཚན་ལ་བླ་མའི་མཚན་ཟུར་དང་བཅས་བློ་བཟང་འབྱུང་གནས་ཞེས་གསོལ། གཞན་ཡང་ཁོང་གི་གསང་མཚན་ལ་མི་བསྐྱོད་རྡོ་རྗེ་དང་། འཇམ་དབྱངས་དགྱེས་པའི་རྡོ་རྗེ་ཞེས་ཀྱང་ཞུ་བ་ཁོང་གི་བཀའ་རྩོམ་དག་ལས་ཤེས་སོ། །

      གསུམ་པ། ཁོང་གིས་གསང་སྔགས་ཀྱི་གཞུང་ལ་བསླབ་ཚུལ་དང་དགོན་པ་ཕྱག་འདེབས་མཛད་པ། 

     དེ་ནས་ཁོང་གདན་ས་གསང་ཆེན་སྔགས་ཀྱི་གན་མཛོད་ཆེན་མོ་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་དུ་ཞུགས་ཏེ་མཁན་པོ་སྐུ་འབུམ་པ་བསམ་བློ་མི་ཐུང་དང་། མདོ་སྨད་གཅན་ཚའི་ནང་དུ་སྐུ་འཁྲུངས་པའི་དགའ་ལྡན་ཁྲི་ཐོག་ང་བཞི་བ་གོང་ས་རྒྱལ་མཆོག་བདུན་པ་བསྐལ་བཟང་རྒྱ་མཚོའི་ཡོངས་འཛིན་ཁྲི་ཆེན་ངག་དབང་མཆོག་ལྡན་བཅས་ལས་གསང་འདུས་ཀྱི་འགྲེལ་པ་བཞི་སྦྲགས་དང་། ཁྲིད་ཆེན་བརྒྱད་སོགས་གསན། འདུལ་པའི་གཞི་གསུམ་གྱི་ཕྱག་ལེན་དང་རྒྱུད་སྡེ་རྒྱ་མཚོའི་ཉམས་ལེན་ལ་མཁས་པར་སྦྱངས། མདོ་སྨད་བྱ་ཁྱུང་དགོན་གྱི་མཁན་རབས་སོ་ལྔ་བ་ཨ་གྲོ་ཆོས་རྗེ་ཤེས་རབ་རྒྱལ་མཚན་གྱི་སྐུ་སྐྱེར་གྲགས་པ་བདེ་ཁང་བ་བློ་བཟང་རབ་བརྟན་མཆོག་དང་མཉམ་དུ་མི་དབང་བསོད་ནམས་སྟོབས་རྒྱས་ཀྱི་རྩ་བའི་བླ་མ་ཞོགས་དོན་ཡོད་མཁས་གྲུབ་པ་ལས་དབང་ལུང་མན་ངག་མང་དུ་གསན། དེ་ཡང་ཇི་སྐད་དུ། རིན་པོ་ཆེ་གསུམ་གྱི་གཏམ་གྱི་སྦྱོར་བ་ལས། ཆུས་ཁྱེར་འགའ་ཞིག་སྐོམ་པས་ཤི་བ་བཞིན། །མང་དུ་ཐོས་ཀྱང་ཆོས་ཀྱིས་ཕོངས་པ་ནི། །གཞུང་ལུགས་གདམས་པར་ཤར་པ་མེད་པས་ནོངས། །དེ་ཕྱིར་གང་བསླབས་གདམས་པར་ཤར་པ་གཅེས། །ཞེས་གསུངས་པ་ལྟར་ཆོས་བཀའ་གང་གསན་གདམས་པའི་མཐིལ་དུ་བཟུང་སྟེ། གཞུང་ལུགས་ལག་ལེན་དུ་དྲིལ་བའི་ཐུགས་དམ་ཉམས་བཞེས་ལ་གཅིག་ཏུ་འགྲུས་པར་མཛད། དགུང་ལོ་སོ་དགུ་བ་ཆུ་སྟག་སྟེ་སྤྱི་ལོ༡༧༢༢ལོ་ལ་ཕྱིར་རང་ཉིད་ཀྱི་ཕ་གཞིས་གཅན་ཚའི་ནང་དུ་བྱོན། ལྷ་རི་གོང་མ་དང་ཡར་ནང་སྒར་སོགས་སུ་སྒྲུབ་པ་ལ་རྩེ་གཅིག་ཏུ་གཞོལ་བར་མཛད་ཅིང་། ལྷ་དང་བླ་མའི་ལུང་བསྟན་ལྟར་དོ་རྒྱའི་ཡུལ་གྲུ་འདིའི་གང་ས་གང་ལའང་དགོན་གནས་འདེབས་ས་འཚོལ་པར་ཕྱིན་ཀྱང་ཉམས་སྣང་དུ་བྱུང་བའི་རྟགས་མཚན་དང་མཐུན་པ་གཅིག་ཀྱང་རེ་ཞིག་མ་བྱུང། ཉིན་ཞིག་གུ་ཆུ་ཐང་ནས་མཆོད་རྟེན་ཐང་བརྒྱུད་དེ་ཡར་ད་ལྟའི་དགོན་གནས་འདིར་སླེབས་པ་ན་ཁོང་གི་ཆིབས་པ་ས་དེར་ཉལ་བ་དང་གཅིག འབྲོང་རྒྱག་བླ་མ་ཁ་ནག་གིས་བདེ་མཆོག་གི་དཀྱིལ་འཁོར་ཐང་ག་གཙགས་དྲུབ(ད་ལྟའང་སྐྱེ་འགྲོའི་བསོད་ནམས་ཀྱི་ཞིང་དུ་དགོན་པ་ན་བཞུགས་ཡོད་པ་དེ་ཡིན)མ་ཞིག་འཁུར་ཏེ་འགྲོ་བ་གནས་འདིར་འཕྲད་པ་དང་གཉིས། གོང་དུ་ཞུས་པ་བཞིན་ཁོར་ཡུག་ལ་བཀྲ་ཤིས་རྫས་བརྒྱད་ཀྱི་གནས་བབ་ཡག་པོ་ཚང་འདུག་པ་བཅས་ཀྱི་རྟགས་མཚན་ལ་ཚིགས་སུ་བཅད་དེ་འདི་ལྟར་གསུངས། ས་པད་མ་འདབ་བརྒྱད་ཚུལ་དུ་ཆགས། །གནས་འཁོར་ལོ་རྩིབས་བརྒྱད་དབང་བསྒྱུར་པ། །ལོགས་བཀྲ་ཤིས་རྟགས་བརྒྱད་མཚན་མས་སྤྲས། །ནགས་ལྗོན་ཤིང་མཐུག་པོས་མདུན་རི་བརྒྱན། །བྲག་རིན་ཆེན་བརྩེགས་པས་རྒྱབ་རྟེན་བྱས། །ཆུ་གཡུང་དྲུང་འཁྱིལ་བ་གཡས་སུ་འབབ། །རྨ་ཕྱུག་ཀླུང་དལ་མོ་གཡོན་དུ་འཁྱིལ། །གནས་དབེན་ཞིང་  རླུང་དབུགས་རྒྱུ་བཟང་བས། །ལྷ་བསམ་གཏན་གླིང་གི་གནས་སུ་གདའ། །ཞེས་གསུངས་པ་དང་། གཞན་ཡང་འཇིག་རྟེན་གྱི་ཟང་ཟིང་སོགས་འདུ་འཛིས་རིང་ནས་དབེན་ཞིང་བག་ཕེབས་པ། ཉིན་བྱེད་བདག་པོ་འཆར་འཕྱི་ལ་ནུབ་¬སྔ་བ་སོགས་ཀློག་པ་ཐོས་བསམ་པ་དང་སྤོང་བ་བསམ་གཏན་པ་ལ་འོས་པའི་དྲང་སྲོང་རྣལ་འབྱོར་བའི་གནས་ཀྱི་ཡོན་ཏན་རང་ཆས་སུ་གདའོ་གསུངས་ལ། དེ་ནས་སྔགས་རམས་པ་ཁོང་དགུང་ལོ་ཞེ་གཉིས་བཞེས་པ། རབ་བྱུང་བཅུ་གཉིས་པའི་བགྲང་བྱ་སོ་དགུ་བ།   སྟོད་འགྲེལ་གྱི་སྣ་ཚོགས་དབྱིག་སྟེ་ཤིང་མོ་སྤྲུལ་སྤྱི་ལོ༡༧༢༥ལོར་དབེན་པའི་གནས་མཆོག་ལྷ་རི་བསམ་གཏན་གླིང་འདི་ཕྱག་འདེབས་མཛད་དེ། ཁོང་གི་སྔགས་ཕྱོགས་ཀྱི་གསུང་རྩོམ་ཕལ་མོ་ཆེའི་མཛད་བྱང་རྣམས་སུ་དབེན་གནས་ལྷ་རི་གསང་སྔགས་རྫོང་དང་ལྷ་རི་གསང་སྔགས་གླིང་། ལྷ་རི་གསང་སྔགས་མཁར་ནས་སྦྱར་ཞེས་བཀོད་པ་ལ་བལྟས་ན་དགོན་པ་ལ་མདོ་སྔགས་གཉིས་ཀའི་ཆ་ནས་དེ་ལྟར་མཚན་གྱི་རྣམ་གྲངས་མང་པོ་ཞིག་གདགས་ཡོད་པར་གསལ། དེ་ལྟར་ན་ལྷ་རི་སྔགས་རམས་པ་སྐུ་འཁྲུངས་ནས་ད་ལྟའི་སྤྱི་ལོ་ཉིས་སྟོང་བརྒྱ་མེད་དགུ་བར་ལ་ལོ་ངོ་སུམ་བརྒྱ་ཉེར་ལྔ་སོང་བ་དང་ལྷ་རི་དགོན་པ་བཏབ་ནས་ལོ་ངོ་ཉིས་བརྒྱ་བརྒྱད་ཅུ་གྱ་བཞི་ཙམ་སོང་ཡོད་པར་རྗེས་སུ་དཔོགས་སོ། །བསྟན་པའི་ནང་མཛོད་ཆོས་འདུལ་པའི་བཅས་ཁྲིམས་ལྟར་བླ་མ་དགེ་བའི་བཤེས་གཉེན་གྱི་བརྩེ་བས་འཛིན་སྐྱོང་དང་དགེ་འདུན་རྣམས་ཀྱི་ཆོས་སྤྱོད་ཀྱི་མིག་ལྟོས་ལེགས་པས་སྙན་པའི་གྲགས་པ་འབར་ཞིང་འགྲོ་བ་ཀུན་གྱི་དད་པ་དབང་མེད་དུ་བཀུགས་སོ། །དེ་ལ་བརྟེན་ནས་བསླབ་གསུམ་ནོར་གྱིས་ཕྱུག་པའི་དགེ་འདུན་འདུས་པ་རྒྱ་མཚོའང་བརྒྱ་ཕྲག་ལྷག་ཙམ་ངང་གིས་འདུས་པར་གྱུར། 

      གདན་ས་གསང་སྔགས་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་ལྟར་རྒྱུད་ཀྱི་རྒྱལ་བོ་བདེ་གསང་འཇིགས་གསུམ་གྱི་སྒྲུབ་མཆོད་ངོས་གཙང་བཙུགས། ཆོས་འདུལ་པའི་གཞུང་ལྟར་གྱི་སྒྲིག་ཁྲིམས་དམ་ཞིང་ཆོས་སྤྱོད་འཕེལ་བས་ཆོས་སྡེ་གཞན་ལས་ཁྱད་པར་དུ་འཕགས་པ་ཐོན། ཁོངགིས་ཆོས་སྡེ་གང་ཉིད་བསྟན་སྲུང་ཆེན་མོ་འཕྲིན་ལས་རྒྱལ་བོར་གཉེར་གཏད་ཀྱི་གསུང་། བདག་ཅག་དཔོན་སློབ་མི་ནོར་དགོན་གནས་བཅས། །མཐུ་ལྡན་སྲུང་མ་ཁྱོད་ལ་གཉེར་དུ་གཏད། །འགལ་རྐྱེན་མི་མཐུན་ཕྱོགས་རྣམས་རབ་ཞི་ནས། །བསམ་དོན་ལྷུན་གྱིས་གྲུབ་པའི་འཕྲིན་ལས་མཛོད། །ལྷག་བསམ་དག་པས་ཚུལ་འདིར་བརྩོན་པ་ལ། །ཚངས་དང་དབང་བོ་འཇིག་རྟེན་སྐྱོང་བ་དང་། །འཕྲིན་ལས་རྒྱལ་བོ་ལ་སོགས་སྲུང་མས་ཀྱང་། །གཡེལ་བ་མེད་པར་རྟག་ཏུ་གྲོགས་མཛོད་ཅིག །ཅེས་པའི་བཀའ་རྩོམ་གནང་སྟེ་ཐུགས་དམ་འཕྲིན་ལས་བཅོལ་པ་ལ་བརྟེན་དུས་ད་ལྟའི་བར་དུའང་ཆོས་སྡེ་གང་གི་འདུས་པ་རྒྱ་མཚོ་དང་རྟེན་དང་བརྟེན་པ་ལ་བསམ་སྦྱོར་ངན་པས་གནོད་ཅིང་འཚེ་བར་བྱེད་པའི་བསྟན་དགྲ་ཆོམ་རྐུན་དག་ལ་ཐུན་མོང་སྣང་ཚོད་དུ་རྟགས་དང་མཚན་མ་སྣ་ཚོགས་བསྟན་ཏེ་ཚར་གཅོད་པ་དང་མཐུན་རྐྱེན་ཡིད་བཞིན་དུ་བསྒྲུབ་པའི་སྡོངས་གྲོགས་དང་བྱ་ར་གཡེལ་མེད་བགྱི་བཞིན་ཡོད་པ་ནི་ཀུན་གྱིས་མཐུན་སྣང་ཡིན་པ་གོར་མ་ཆག་གོ །

ཡང་བླ་མ་ལྷ་རི་བ་ཁོང་དགུང་ལོ་ཞེ་ལྔ་བཞེས་པ་སྟེ་སྤྱི་ལོ༡༧༢༨ལོའི་ཟླ་བཅུ་གཅིག་པའི་ཡར་ཚེས་ཤིག་ལ་ཁྲི་ཀ་ཨ་མྱེས་སྲིན་པོ་ཞེས་ཡོངས་སུ་གྲགས་པ་རྨ་ཀླུང་ཡོངས་ཀྱི་ཡུལ་སྲུང་མིང་གཞན་དགེ་བསྙེན་གཏུམ་པོ་བདུད་འདུལ་འཕྲོག་བྱེད་ཅེས་བྱ་བ་དེ་ཉིད་ལ་འཕྲིན་བཅོལ་གྱི་བསང་ཆོག་འདོད་དོན་ཡིད་བཞིན་ལྷུན་འགྲུབ་ཅེས་པ་བརྩམས་པའི་ནང་དུ། དབེན་གནས་ལྷ་རི་བསམ་གཏན་གླིང་ཆེན་པོར། །ཐུགས་མཐུན་ཁྲིམས་གཙང་འདུས་སྡེར་ཡོངས་གང་ཞིང་། །རྡོ་རྗེ་ཐེག་པའི་བཤད་སྒྲུབ་སྲིད་མཐའི་བར། །དར་རྒྱས་ཡུན་རིང་གནས་པའི་སྡོངས་གྲོགས་མཛོད། །རྟེན་གསུམ་མཆོད་རྫས་ཕྱི་ནང་ཡོ་བྱད་བཅས། །ལྷ་ཆེན་བདུད་འདུལ་ཁྱོད་ལ་གཉེར་དུ་གཏད། །མི་དང་མི་མིན་འཚེ་བའི་རིགས་གྱུར་པ། །ཐམས་ཅད་དྲག་པོའི་ལས་ཀྱིས་ཚར་ཆོད་ཅིག །རྟག་ཏུ་ཁྱོད་བརྟེན་ཁྱོད་གསོལ་ཁྱོད་རྦད་ན། །མཐུ་རྩལ་མ་ཆུང་བརྩེ་དུང་ཆེ་བར་མཛོད། །གཞིས་སུ་བཀྲ་ཤིས་ཚེ་རིང་ལོངས་སྤྱོད་འཕེལ། །བྱེས་སུ་ལམ་ཕྲད་ཆུ་ལས་སྒྲོལ་དོན་མཛོད། །ཅེས་ཀྱང་ཆོས་སྡེ་གང་ཉིད་ཐུགས་ལ་རྩེ་གཅིག་ཏུ་བརྣགས་པའི་གཉེར་གཏད་གནང་ཡོད་པ་ཡིན་ནོ། །དེ་ནས་ཀུན་བཟང་བྲག་དཀར་མེ་ལོང་སྟེ②སྔགས་རམས་པའི་དུས་ནས་བཙུགས་པའི་ཆོས་འདུལ་པའི་ཆོ་ག་གཞི་གསུམ་གྱི་ཕྱག་ལེན་མ་ཉམས་པར་ངོས་གཙང་དུ་ཡོད་པ་དེ་རུ་ཕེབས་ནས་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ལ་དབང་དང་བསྐྱེད་རྫོགས། འཁྲུལ་འཁོར། ལྕགས་མཁར། ཕྱག་ཆེན་དང་ནཱ་རོ་ཆོས་དྲུག་སོགས་མནོག་ཆེ་བ་གསན་ཚུལ་འོག་ཏུ་གསལ་བ་ལྟར་དང་། ཁྲི་ཆེན་བསྟན་པའི་ཉི་མ་ལ་མི་ཏྲ་བརྒྱ་རྩ། ལ་མོ་བསྟན་པའི་རྒྱལ་མཚན། དཀའ་ཆེན་སྨོན་ལམ་དཔལ་འབྱོར། རྭ་རི་ཁྲོད་པ་ངག་དབང་མཁས་བཙུན། རི་ཁྲོད་པ་དོན་འགྲུབ་རྒྱ་མཚོ། རྗེ་ངག་དབང་ཆོས་གྲགས། གཟི་ལུང་དབོན་ཆུང་སོགས་མདོ་དབུས་གཙང་གསུམ་གྱི་མཁས་པ་དང་གྲུབ་པའི་དབང་བོ་དུ་མ་ལས་ཆོས་བཀའ་གསན་པ་རྒྱ་ཆེ། སྐབས་དེ་དག་ཀུན་ཏུ་སྔགས་རམས་པ་ཉིད་ནས་ཀྱང་དོན་གཉེར་ཅན་ཤིན་ཏུ་མང་པོ་ལ་དབང་ལུང་མན་ངག་གི་ཆོས་ཆར་དགུང་དུ་ཕབ་ཅིང་རེ་འདོད་ཡིད་བཞིན་དུ་བསྐངས། ཁྱད་པར་དུ་དཔྱད་པར་བྱ་བ་ཞིག་ལ་ཁོང་གི་རྩ་བའི་སློབ་དཔོན་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་བསྟེན་པའི་ཚུལ་ནི། དྲུང་ཡིག་པ་བློ་བཟང་རྒྱ་མཚོས་བརྩམས་པའི་བྲག་དཀར་སྔགས་རམས་པའི་རྣམ་ཐར་བླ་མ་ཉིད་ཀྱི་གསུང་སྒྲོས་དད་ལྡན་གདུལ་བྱའི་དད་པའི་གསོ་བྱེད་བདུད་རྩིའི་ཟེགས་མ་ཞེས་པར་འབྱུང་བ་ལྟར་ན། དེ་ནས་མེ་ལོང་བྲག་དཀར་དུ་ཕེབས་ནས་དཔོན་སློབ་འཇའ་མོ་ཚང་དང་། ཚིས་ཀའི་སྔགས་རམས་པ་སྟེ་བླ་མ་ལྷ་རི་བ་བློ་བཟང་འབྱུང་གནས་ཀྱིས་དབུ་དྲངས་ཕྱོགས་མང་པོ་ནས་ཕེབས་པའི་དོན་གཉེར་ཅན་མང་པོ་ལ་གསང་ཆེན་རྒྱུད་ཀྱི་རྒྱལ་བོ་བདེ་གསང་འཇིགས་གསུམ་དང་ཀུན་རིག་རྣམ་པར་སྣང་མཛད་སོགས་ཀྱི་དབང་། ནཱ་རོ་ཆོས་དྲུག་དང་། ཕྱག་ཆེན་གྱི་ཁྲིད་སོགས་ཟབ་ཆོས་མང་པོ་གནང་། དེ་ནས་མེ་ལོང་བྲག་དཀར་ནས་གཞི་རྫོགས་ལྟ་བུར་དབེན་པའི་གནས་མཆོག་བཀྲ་ཤིས་འཁྱིལ་དུ་ཕེབས། གནས་དེའི་རི་ཁྲོད་པ་རྣམས་ལ་བདེ་ལམ་གྱི་ཁྲིད་དང་། འཇིགས་བྱེད་ཀྱི་དབང་། འཇམ་དབྱངས་ཆོས་སྐོར་གྱི་རྗེས་གནང་སོགས་ཆོས་བཀའ་དུ་མ་གསུངས། ཡང་སྐབས་ཤིག་ཁོང་གི་གདན་ས་ཐིག་མོའི་དབེན་གནས་བདེ་ལྡན་བཀྲ་ཤིས་རབ་བརྟན་ནས་རྗེ་བཙུན་འཇམ་དབྱངས་ཀྱི་སྐུ་འདྲ་ཁྱད་འཕགས་ཤིག་བཞེངས་ནས། རེབ་གོང་རིག་པ་འབྱུང་བའི་གྲོང་ཁྱེར་གྱི་སྒྲུབ་སྡེ་བཅོ་བརྒྱད་ཐམས་ཅད་གདན་དྲངས་ཏེ་འཇམ་དབྱངས་ཨ་ར་པ་ཙ་ནའི་བུམ་སྒྲུབ་ཟླ་བ་གཅིག་གི་རིང་ལ་གནང་ནས་མཇུག་ཏུ་ཁོང་ཉིད་ཚོགས་དབུར་ཕེབས་ཤིང་། དེ་ནས་གཟིམ་ཁང་ལ་ཕེབས་པའི་ཚེ་ཁྲོམ་ཆེན་པོ་ཚོགས་ཡོད་པའི་གསེབ་ནས་ཆིབས་པ་འདྲོགས་ནས་མི་མང་པོས་ཆིབས་ཁ་མ་ཐུབ་པ་ལ་ཁོང་རང་ཉིད་ཀྱིས། ངའི་ཆིབས་ཁ་ནས་མ་འཛིན་པར་ཐོངས་ལ་ཤོག་ཅེས་གསུངས། ཆིབས་ཁ་བཏང་བ་དང་མ་འདྲོགས་པར་བདེ་བར་གཟིམ་ཁང་ལ་ཕེབས། རྗེས་ནས་སྐུ་དབོན་བློ་གྲོས་ཀྱིས་གསོལ་ཇ་ཁྱེར་པ་ལ། མདུན་ན་དཔོན་སློབ་ཚིས་ཀ་ཚང་སྟེ་བླ་མ་ལྷ་རི་སྔགས་རམས་པ་བློ་བཟང་འབྱུང་གནས་མཆོག་བཞུགས་འདུག །སྐབས་དེར་ཆར་ཨེན་ཙམ་བབས་པ་ལ་རྐྱེན་བྱས་ནས་སྐུ་དབོན་བློ་གྲོས་ལ་ཁོང་གིས། ཁྱོད་སོང་ལ་ངའི་སྔས་མགོའི་ཐད་ཀྱི་གཟིམ་ཁང་ལ་ཐིགས་བཅག་བྱེད་དགོས་ཞེས་གསུངས་ནས། དེ་ནས་དབོན་པོ་ཕྱི་ལ་སོང་ཚེ་དཔོན་གཡོག་གཉིས་ཀྱིས་གསང་གཏམ་ཞིག་གནང་རྒྱུ་རེད་བསམ་ནས་སྒོ་ཕག་ནས་ཉན་པས། ཚིས་ཀ་ཚང་ལ་ཁོང་གིས། འདི་ན་སུ་མི་འདུག་གམ་གསུངས་པ་ལ། ཚིས་ཀ་ཚང་གིས། སུ་ཡང་མེད་ཅེས་ཞུས་པས། ཁོང་གིས། ད་ཁྱོད་སློབ་མ་སྣོད་ལྡན་ཡིན་པས་བཤད་པ་ཡིན། ད་ཅི་ངའི་ཆིབས་པ་འདྲོགས་པའི་ཚེ་ངའི་ཆིབས་ཀ་ནས་ཆོས་རྒྱལ་གྱིས་ཁྲིད་འགྲོ་བའི་ཉམས་ཤར་ཞེས་གསུངས། ཡང་ཁོང་ཉིད་དག་ཞིང་ལ་ཕེབས་པའི་ལོ་དེ་ལ་བཀྲ་ཤིས་འཁྱིལ་གྱི་གཟིམ་ཁང་ན་བཞུགས་སྐབས། མདུན་དུ་ཚིས་ཀ་ཚང་ལྷ་རི་སྔགས་རམས་པ་བཞུགས་པ་ལ། ཁོང་གིས། ཨ་རོག །ད་ལོ་ང་ཤི་འགྲོ་བ་འདྲ། ངའི་གཟིམ་ཁང་ཁྱམས་འདི་ཚོ་ན་ཆོས་རྒྱལ་རྭ་དཀར་པོ་ཅན་ཞིག་ཕར་འགྲོ་ཚུར་འགྲོ་བྱེད་པར་འདུག ཆོས་རྒྱལ་གྱི་རྭ་དཀར་པོ་ཡིན་པ་དེ་མདུན་ངོ་ཡིན་གསུངས། ཞེས་ཡོངས་གྲགས་སུ་ལྷ་རི་སྔགས་རམས་པ་ཁོང་གི་འཁྲུངས་གཞིས་དོ་རྒྱ་ཚིས་ཀ་སྡེ་བའི་མིང་གིས་ཁོང་ལ་ཚིས་ཀ་ཚང་ཞེས་ཞུ་བ་ཡིན་པ་ཤེས་ཤིང་། རྗེས་སོར་ལྷ་རི་དགོན་པ་བསམ་གཏན་གླིང་བཏབ་པ་ནས་བཟུང་ཁོང་ལ་ལྷ་རི་སྔགས་རམས་པ་ཞེས་ཞུ་སྲོལ་བྱུང་བ་རེད་སྙམ། 

     འདི་སྐབས་རབ་བྱུང་བཅུ་གཉིས་པའི་ས་བྱ་སྤྱི་ལོ༡༧༢༩ལོར་ལྷ་རི་བླ་མ་ཁོང་དགུང་ལོ་ཞེ་དྲུག་བཞེས་ཡོད། བྲག་དཀར་སྔགས་རམས་པས་ཀྱང་གོང་ལྟར་ཆོས་རྒྱུན་འཛིན་པའི་བཀའ་བབ་ཀྱི་སློབ་མར་གྱུར་པ་མ་ཟད། ལྷ་རི་སྔགས་རམས་པ་ཁོང་བྲག་དཀར་པ་མཆོག་གི་སྲས་ཀྱི་ཐུ་བོའམ་ནང་ཐུགས་ཀྱི་སྲས་སུ་གྱུར་པའང་ཤེས་ཏེ། ཁོང་གི་ཐུན་མོང་མ་ཡིན་པའི་གསང་བའི་ཉམས་རྟོགས་རྣམས་གདམས་ཡུལ་དུ་གྱུར་པའི་སྣོད་ལྡན་གྱི་བུ་སློབ་ཁོ་ནར་གསལ་བའི་ཕྱིར། དེར་མ་ཟད་མདོ་སྨད་ཆོས་འབྱུང་གི་བྲག་དཀར་སྔགས་རམས་པའི་རྣམ་ཐར་གྱི་ཐད་དུ། གསུང་འབུམ་པོད་གཅིག་ལྷ་རི་ཚང་གི་ཕྱག་ཏུ་ཡོད་སྐད། ཅེས་གསུངས་པ་ལ་དཔགས་ནའང་དམ་པ་གང་གི་ཐུགས་ཀྱི་གཅེས་ནོར་མཛད་མཆོག་གསུང་གི་བདག་པོར་དོན་གྱིས་དབང་བསྐུར་ཡོད་པ་འདིས་ཀྱང་ཤེས་སོ། །

       དེས་ན་ཉེ་ཆར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་མཛད་པའི་དགེ་ལྡན་མཁས་པ་ཡོངས་ཀྱི་གསུང་འབུམ་དཀར་ཆག་ལས། ལྷ་རི་ཚང་སྤྱི་ལོའི་དུས་རབས་བཅོ་བརྒྱད་པར་འཁྲུངས་པ་དང་། ཁྲི་ཆེན་བསྟན་པ་རབ་རྒྱས(༡༧༥༩-༡༨༡༥)བསྟེན་ནས་མདོ་སྔགས་སྦྱངས། ཞེས་དང་། ཡང་དེང་དུས་ཀྱི་རིགས་པ་སྨྲ་བ་གོ་ཤུལ་གྲགས་པ་འབྱུང་གནས་དང་རྒྱལ་བ་བློ་བཟང་མཁས་གྲུབ་གཉིས་ཀྱིས་བརྩམས་པའི་གངས་ཅན་མཁས་གྲུབ་རིམ་བྱོན་མིང་མཛོད་ཅེས་པའི་ནང་དུའང་།   ལྷ་རི་བློ་བཟང་འབྱུང་གནས་ཁོང་ནི་སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་དུས་སྟོད་ཙམ་དུ་སྐུ་འཁྲུངས། ཁོང་གིས་རྭ་སྒྲེང་ཁྲི་སྤྲུལ་བསྟན་པ་རབ་རྒྱས(༡༧༥༩-༡༨༡༦)བསྟེན་ནས་མདོ་སྔགས་གཉིས་ལ་ལེགས་པར་སྦྱངས་ཏེ་མཁས་པ་ཆེན་པོར་གྱུར་ཅེས་བཤད་པ་གཉིས་ནི་འགྲིག་པར་མི་སེམས་ཏེ། བླ་མ་ལྷ་རི་བ་ནི་དུས་རབས་བཅུ་བདུན་པའི་སྨད་ཙམ་སྟེ་སྤྱི་ལོ༡༦༨༤ལོར་སྐུ་འཁྲུངས་པ་ཡིན་པས། ཁྲི་ཆེན་བསྟན་པ་རབ་རྒྱས་དགེ་རྒན་དུ་བསྟེན་ཚུལ་དེ་ལས་ཀྱང་མི་འཐད་དེ། ཁྲི་ཆེན་རིན་པོ་ཆེ་དེ་ཉིད་བླ་མ་ལྷ་རི་བ་སྔགས་རམས་པ་ཚང་ལ་ལྟོས་ཏེ་དགུང་ལོ་བདུན་ཅུ་དོན་ལྔ་ཡིས་ཆུང་བས། ལྷ་རི་ཚང་དགུང་ལོ་བརྒྱད་ཅུར་བཞུགས་པའི་དབང་དུ་བྱས་ནའང་དེ་དུས་ཁྲི་ཆེན་དགུང་ལོ་ལྔ་དྲུག་ཙམ་གྱི་བྱིས་པ་ཞིག་ཡིན་པས་དེ་ལ་བསྟེན་དགོས་པར་འགྱུར་བའི་ཕྱིར། དེས་ན་གོང་གི་རྭ་སྒྲེང་ཁྲི་ཆེན་གྱི་འདས་ལོ་དེའང་ཕྱི་མ་གངས་ཅན་མཁས་གྲུབ་རིམ་བྱོན་གྱི་མིང་མཛོད་ལྟར་སྤྱི་ལོ༡༨༡༦བྱས་ན་དག་པར་སེམས་སོ། །

       འོ་ན་དེ་ལྟར་འཁྲུལ་བའི་རྒྱུ་མཚན་ནི་ཁོང་གི་རྣམ་ཐར་སོགས་དཔྱད་གཞིའི་ཡིག་ཆ་མི་བཞུགས་པས་ཁོང་དང་དུས་ཐོག་རགས་པ་མཉམ་པ་ལ་དཔགས་ནས་དུས་རབས་བཅོ་བརྒྱད་པར་བཤད་སོང་བ་དང་། བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་སྐུ་འདའ་ཁའི་བར་བསྟེན་ཏེ་སྔགས་ཀྱི་གདམས་པ་བུམ་པ་གང་བྱོའི་ཚུལ་དུ་གསན་པ་གོང་དུ་གསལ་བ་བཞིན་སྔགས་རམས་པ་དེ་ཉིད་ཀྱི་མཚན་དང་མཐུན་པར་གྱུར་པ་ལ་འཁྲུལ་ཏེ་རྭ་སྒྲེང་ཁྲི་ཆེན་བསྟེན་པར་ནོར་སོ་བྱུང་པ་ཡིན་པའི་ཕྱིར་རོ། །དེ་དང་མཚུངས་པར། ལྷ་རི་བླ་མ་སྔགས་རམས་པ་མཆོག་གི་གསུང་ལས། དུས་ད་ལྟ་བསྟན་འགྲོའི་དོན་མཛད་པའི། །བོད་གངས་ཅན་མགོན་པོ་ཐམས་ཅད་མཁྱེན། །ཕ་བློ་བཟང་བསྟན་པའི་ཉི་མ་སོགས། །རྒྱུད་མན་ངག་བཤད་ཁྲིད་དབང་ལུང་གནང་། །ཐུགས་བརྩེ་བས་རྗེས་བཟུང་བཤེས་གཉེན་ཀུན། །ཞབས་བརྟན་ཅིང་མཛད་འཕྲིན་གོང་འཕེལ་ཤོག །ཅེས་པ་ཡང་ཁོང་གིས་ལ་མོ་སྐུ་ཕྲེང་གཉིས་པ་བློ་བཟང་བསྟན་པའི་ཉི་མ་ལའང་མི་ཏྲ་རྡོར་འཕྲེང་སོགས་ཆོས་འབྲེལ་གསན་པ་ཡིན་ལགས་མོད། འོན་ཀྱང་ཁོང་གི་གསུང་རྩོམ་གཞན་དག་ལས་ཕ་བླ་མ་ཞེས་སྦྱར་པ་ཕལ་ཆེར་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ལ་གོ་དགོས་པ་གསལ་བས་འདིར་ཡང་ཉི་མའི་གཟུགས་ཅན་ལ་སྦྱར་པའི་སྙན་ངག་རྩོམ་ཐབས་ཤིག་གི་ཞབས་བརྟན་སྨོན་ཚིག་ཅིག་ཨེ་ཡིན་སྙམ་སྟེ་དཔྱད་དོ། །

བཞི་བ། གསུང་སྐྱེས་ཀྱི་སློབ་མ་སུམ་པ་པཎྡི་ཏ་ཡེ་ཤེས་དཔལ་འབྱོར་སོགས་བསྐྱངས་ཏེ་རིག་པའི་གནས་སྤེལ་ཚུལ།

       དེ་ཡང་བྲག་སྒོམ་པ་བསྟན་པ་རབ་རྒྱས་ཀྱིས་མཛད་པའི《མདོ་སྨད་ཆོས་འབྱུང》དུ། སུམ་པ་མཁན་པོའི་རྣམ་ཐར་དུ་ཡང་། འདི་པར(ལྷ་རི་བླ་མ)ཀུན་མཁྱེན་འཇམ་དབྱངས་བཞད་པ་ནས་བརྒྱུད་པའི་མི་ཏྲ་རྡོར་འཕྲེང་ཐུན་མོང་གི་དབང་རྣམས་དང་། གཞན་མང་པོ་གསན་ཚུལ་སྣང་། ཞེས་གསུངས་པ་ནི་སུམ་པ་ཡེ་ཤེས་དཔལ་འབྱོར་ཁོང་གི་རང་རྣམ་རྒྱས་བསྡུས་གཉིས་ཡོད་པ་ལས་རྒྱས་པ《སྤྱོད་ཚུལ་བརྗོད་པ་སྒྲ་འཛིན་བཅུད་ལེན་ཞེས་བྱ་བ》ལ③བལྟས་ན་སྐབས་དེར་སྔགས་རམས་པ་ཁོང་ལ་བོད་ན་མཁས་པའི་མཚན་སྙན་གྱིས་སྙེམས་པའི་མཁན་ཆེན་སུམ་པ་ཡེ་ཤེས་དཔལ་འབྱོར་ལྟ་བུས་ཀྱང་མཁས་པ་དང་གྲུབ་པའི་ཡོན་ཏན་གཉིས་ཀའི་ཆ་ནས་རང་བཞིན་བརྗོད་པའི་བསྔགས་བརྗོད་ཡ་མེད་འདི་ལྟར་གནང་ཡོད་པ་ནི་ཇི་སྐད་དུ། འཇམ་མགོན་ས་པཎ་གྱིས། མཁས་པ་མཁས་པའི་དྲུང་ན་མཛེས། །བླུན་པོས་མཁས་པ་ཇི་ལྟར་གོ །ཞེས་པ་ལྟར་དབང་རྣོན་རིགས་པའི་རྗེས་འབྲང་གི་ངེས་དོན་སྨྲ་བ་ཉིད་ལས་བསྟོད་པ་ཙམ་མིན་པ་སུས་མི་ཤེས། འདི་ཡང་ལ་ལས་སྔགས་རམས་པ་བློ་བཟང་འབྱུང་གནས་ཞེས་པ་ཡུལ་དུས་ཀྱི་དབང་གིས་མཚན་སྙན་དེ་འདྲ་རྒྱས་མ་བྱུང་བས་མང་པོ་ཞིག་ལ་རྒྱུས་ཆུང་ཞིང་། ལོ་རྒྱུས་འདི་ཡང་གཅམ་བུ་དང་ཟོལ་བསྟོད་ཙམ་ཡིན་སྙམ་པར་དོགས་པ་སོགས་རྒྱུ་མཚན་འདི་འདྲ་ལ་གཞིགས་ཏེ་མཁས་པ་ཆེན་པོའི་ཚིག་ངོ་མ་ཇི་མ་ཇི་བཞིན་དུ་ཐད་ཀར་དྲངས་སོང་པའི་རྒྱུ་མཚན་འདི་ཧ་གོ་དགོས་སོ། །

གོང་གི་མདོ་སྨད་ཆོས་འབྱུང་དང་སུམ་པའི་རྣམ་ཐར་གཉིས་ལས་ལྷ་རི་སྔགས་རམས་པ་ལ་འཇམ་དབྱངས་བཞད་པ་ནས་བརྒྱུད་པའི་དབང་ལུང་གི་རྒྱུན་བཞུགས་པར་གསུངས་པ་ནི་ཁོང་གི་བླ་མ་ཁྲི་ཆེན་ངག་དབང་མཆོག་ལྡན་དང་ཞོགས་དོན་ཡོད་མཁས་གྲུབ་རྣམ་གཉིས་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཐུགས་སྲས་ཡིན་པས་ཁོང་ལ་དེ་ནས་བརྒྱུད་པའི་དབང་ལུང་ཡོད་ངེས་པས་དེ་ལྟར་གསུངས་པ་རེད་སྙམ། དེ་ལྟར་སུམ་པ་མཁན་ཆེན་ལ་བཀའ་ཆོས་དབང་ལུང་ཟབ་ཁྲིད་མང་པོ་གནང་བའི་ཤིང་སྟག་སྤྱི་ལོ༡༧༣༤ལོ་འདི་དུས་གྲུབ་པའི་དབང་བོ་ལྷ་རི་སྔགས་རམས་པ་མཆོག་གིས་དགུང་ལོ་ང་གཅིག་བཞེས་ཡོད། དེ་ནས་ཁོང་དགུང་ལོ་དྲུག་ཅུ་རེ་གསུམ་ལྷག་བཞེས་པའི་སྐབས་སུ་དབེན་གནས་ལྷ་རི་གསང་སྔགས་རྫོང་ནས་རྐ་ཕུག་ལྔ་རིག་སྨྲ་བའི་དབང་བོ་བློ་བཟང་དོན་འགྲུབ་ལ་རབ་བྱུང་དང་དགེ་ཚུལ་གྱི་སྡོམ་པ་དཀྱུས་གཅིག་ཏུ་བསྩལ་པ་མ་ཟད། ཁོང་པ་ལ་བརྟེན་པའི་སྔོན་གནས་རྗེས་སུ་དྲན་པའི་རྟགས་མང་པོས་རྐ་ཕུག་སྒོམ་ཆུང་བའི་སྤྲུལ་སྐུར་ངོས་འཛིན་མཛད་པ་སོགས་ལ་བརྟེན་ནས་གྲུབ་དབང་བློ་བཟང་འབྱུང་གནས་ཞེས་ཡུལ་ཕྱོགས་འདིའི་སྐྱེ་བོ་ཀུན་གྱིས་གུས་འདུད་དང་སྙན་པའི་སྒྲ་དབྱངས་ཆེས་ཆེར་བསྒྲགས། དེ་དུས་དགུང་ལོ་དྲུག་ཅུ་ལྷག་ངེས་པར་བཞེས་པ་ཇི་ལྟར་ཤེས་ཤེ་ན། རྐ་ཕུག་སྤྲུལ་སྐུ་བློ་བཟང་དོན་གྲུབ་རབ་ཉི་ལྕགས་སྤྲེལ་སྤྱི་ལོ༡༧༤༠ལོ་ལ་འཁྲུངས་པ་དང་ཁོང་ལ་མཇལ་སྐབས་བྱིས་པ་སྨྲ་ཤེས་པ་ཙམ་ཡིན་པ་གསལ་བ་དང་། དེ་དུས་དེ་འདྲའི་འགྲོ་འདུག་གནང་ཐུབ་པ་ཞིག་ཡིན་པ་ཤེས་པས་ན་རྐ་ཕུག་སྤྲུལ་སྐུ་ལོ་ལྔ་དྲུག་ཙམ་མ་མཐའང་ཡིན་དགོས། རབ་བྱུང་བསྒྲུབས་དུས་རྐ་ཕུག་པཎྡི་ཏ་ཚང་དགུང་ལོ་བདུན་ལ་བུད་ཡོད་པ་ཇུ་ནང་ངག་དབང་སྙན་གྲགས་ཀྱིས་མཛད་པའི་ཁོང་གི་རྣམ་ཐར་དུ་གསལ་བས་ན་དེ་དུས་སྔགས་རམས་པ་དགུང་ལོ་དྲུག་ཅུ་རེ་གསུམ་ལྷག་ལ་ཕེབས་ཡོད་དགོས་པའི་ཕྱིར། སྐབས་འདིར་ཁོང་གི་ཐུགས་ཀྱི་སྲས་པོར་གྱུར་པ་སུམ་པ་པཎ་ཆེན་དང་རྐ་ཕུག་པཎྡི་ཏ་འདི་བ་ཚང་གཉིས་ཀྱི་རྣམ་པར་ཐར་པ་མདོར་བསྡུས་ཤིག་རེ་འདིར་བྲི་བ་འབྲེལ་ཆེ་འདུག་ཀྱང་སྐབས་དོན་ཅུང་ཟད་བསྒྲིབས་པར་དོགས་ན། འདུན་ལྡན་དག་གིས་ལོགས་སུ་ཁོ་བོས་བྲིས་པའི་ལྷ་རིའི་བསམ་གཏན་གླིང་གི་ལོ་རྒྱུས་འཕྲིན་ལས་འོད་དཀར་ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པ་དང་། ཨ་ཀྱཱ་ཡོངས་འཛིན་དང་རྐ་ཕུག་པཎྡི་ཏ་གཉིས་ཀྱི་ལོ་རྒྱུས་གླེང་སྟེ་ཁོང་རྣམ་གཉིས་ཡང་སྙིང་མཁས་པ་གཅིག་ཡིན་མིན་གྱི་དཔྱད་པ་ཞེས་པ་ཀྲུང་གོའི་བོད་རིག་པ་ཉིས་སྟོང་བཅུ་གཅིག་ལོའི་དེབ་བཞི་བར་འཁོད་པའི་དཔྱད་རྩོམ་གཉིས་སུ་གསལ་བོ་བྲིས་ཡོད་པ་དག་ལ་བལྟས་ནས་ཤེས་པར་བྱ། 

     སྐབས་ཤིག་ལ་རྒྱལ་གདོན་སྲི་ངན་ཞིག་གིས་ལ་མོ་བདེ་ཆེན་གྱི་གྲྭ་བར་གནོད་ཅིང་འཚེ་བར་བྱེད་པ་ལ། ལ་མོ་བསྟན་པའི་རྒྱལ་མཚན་གྱིས་ཁོང་གྲྭ་སྲི་གཅོད་པར་ཞུས། ཁོང་གིས་ཆེད་དམིགས་ཀྱིས་གཏོར་ཆེན་ཟུར་དགུ་བའི་ཟུར་འདེབས་དམ་ཅན་ཆོས་ཀྱི་རྒྱལ་བོ་ཕྱི་ནང་སྦྲགས་མའི་གཏོར་སྒྲུབ་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་ཞེས་བྱ་བ་དང་གཏོར་ཆེན་ཟུར་དགུ་བའི་འདོན་ཆོག་ཁྲིགས་སུ་བསྡེབས་པ་དགྲ།བགེགས་གཞོམ་པའི་གནམ་ལྕགས་ཐོག་མདའ་ཞེས་པ་ཤིན་ཏུ་བཀའ་རྒྱ་མ་གསུངས་ཏེ་སྒྲུབ་པ་ལ། གཏོར་རྒྱག་གི་སྐབས་འབྲུག་གྲག་སྟེ་གཞོམ་བསྲེགས་ཀྱི་ཐོག་ལན་གསུམ་ལ་འཕངས་པའི་བཤད་སྲོལ་ཡོད་པ་མ་ཟད། ཉག་ག་མདའ་ལྟོང་འདྲ་བ་ནས་སྲི་ངན་ལྕགས་ཀྱི་སེར་བ་སྡང་གིན་འདུག་གསུངས་ཏེ་དེར་ཁོང་གི་སྒར་ཁ་བརྒྱབ་པ་དང་། ཉག་ག་དེར་ལྷ་རི་ཉག་ག་བཏགས་པ་ད་ལྟའང་དེ་ལྟར་གྲགས། གཏོར་ཆེན་ཟུར་དགུ་བའི་ཆོ་ག་དེ་ནི་དེ་ཉིད་ལས། རྒྱལ་དབང་ཐམས་ཅད་མཁྱེན་པ་ལྔ་བས་མཛད་པའི་གཏོར་ཆོག་སྲིད་གསུམ་རྣམ་རྒྱལ་ལས། གཙོ་བོ་འཇིགས་བྱེད་ལ་བརྟེན་པ་དང་། ལས་གཤིན་ལ་བརྟེན་པའི་ཚུལ་གཉིས་གསུངས། ཕྱི་མ་སྲས་ཀྱི་ཐུ་བོ་གྲུབ་མཆོག་འཇམ་དབྱངས་གྲགས་པའི་གསུང་ཟུར་རྒྱན་དགོངས་དོན་གསལ་བ་ལྟར་དང་། སྔ་མ་ངག་འདོན་ཁྲིགས་སུ་བསྡེབས་པ་ཕྱོགས་འདིར་དཀོན་ཞིང་། བདག་འདྲའི་བློ་གྲོས་དམན་པ་དག་མགོ་འཐོམ་པར་འདུག་པས། རང་དང་སྐལ་མཉམ་འགའ་ལ་ཕན་པ་དང་། ལྷ་རི་བསམ་གཏན་གླིང་གི་རི་ཁྲོད་པ་སྤྱི་ལ། བསྟན་འགྲོའི་དཔལ་མགོན་དམ་པ་ཁྲི་རིན་པོ་ཆེ་བློ་བཟང་བསྟན་པའི་ཉི་མ་དཔལ་བཟང་བོའི་ཞབས་པད་སྲིད་མཐའི་བར་དུ་བརྟན་ཕྱིར་གཏོར་ཆེན་ཟུར་དགུ་བ་བྱེད་དགོས་ཚུལ་གྱི་བཀའ་སྤྱི་བོར་ཕེབས་སྐབས་དགེ་འདུན་མང་མས་འདི་ལྟ་བུའི་མན་ངག་ཞལ་ཤེས་ཀྱིས་བརྒྱན་པ་ཞིག་དགོས་ཞེས་ཡང་ཡང་བསྐུལ་པའི་ངོར། དཔལ་ལྡན་བླ་མ་དམ་པ་ཁྱབ་བདག་རྡོ་རྗེ་འཆང་དངོས་བློ་བཟང་བསྟན་པ་རབ་རྒྱས་དཔལ་བཟང་བོའི་ཞབས་པད་གཙུག་ཏུ་བསྟེན་པའི་མཐུས། གཤིན་རྗེའི་གཤེད་སྐོར་དང་ཕྱོགས་འདི་ལ་ངེས་པ་རྙེད་པའི་སྔགས་འཆང་དགེ་སློང་བློ་བཟང་འབྱུང་གནས་ཀྱིས་སྨད་རྒྱུད་གྲྭ་ཚང་གི་ཕྱག་ལེན་དང་བདག་གི་བླ་མའི་མན་ངག་གུང་བསྒྲིགས་ཏེ་ལྷ་རི་གསང་སྔགས་རྫོང་ནས་ཡི་གེར་བཀོད་པའོ་ཞེས་གསལ་པ་ལ་བལྟས་ན་དེ་དུས་ལྷ་རི་བླ་མ་དགོན་སྡེ་བཅས་པས་སྲི་གཅོད་དང་ཞབས་བརྟན་ལ་སྒྲུབ་པ་བཙུགས་པ་གསལ་པ་ལྟར་རོ། །ལྷ་རི་སྔགས་རམས་པ་ཁོང་གིས་ལྷ་ས་ནས་དགའ་ལྡན་གྱི་སྲུང་མ་ཁྱད་པར་ཅན་དམ་ཅན་ཆོས་ཀྱི་རྒྱལ་བོའི་སྐུ་འདྲ་ལ་བལྟས་ནས་དེར་རིགས་འདྲའི་སྐུ་བརྙན་ཞིག་བཞེངས་པ་དང་། དེར་མ་ཟད་བྱིན་རླབས་ཀྱི་ནུས་མཐུ་ཞུགས་ཆེད་ཁོང་གིས་བཞེངས་པའི་ཆོས་སྐྱོང་གི་སྐུ་བརྙན་དེ་ཉིད་ལྷན་དུ་ཡུན་རིང་བཞུགས་སུ་བཅུག་པའི་ཆོས་རྒྱལ་གྱི་ཞལ་འབག་བྱིན་ཆགས་ཅན་དེ་ནང་རྟེན་ལ་བཞུགས། ལ་མོ་བདེ་ཆེན་དགོན་པའི་འཆམ་གྱི་སྐབས་སུ་འཆམ་དཔོན་གྱིས་ཞལ་འབག་འདི་གདན་འདྲེན་ཞུ་དགོས་པ་མ་ཟད། ཟླ་རེའི་ཆག་མེད་ཀྱི་བསྐང་བ་ཡང་། བདེ་ཆེན་ཚང་གིས་མངགས་ཏེ་གསོལ་པར་འོང་དགོས། ལ་མོ་བསྟན་པའི་རྒྱལ་མཚན་ནས་ཁོང་གི་ཐུགས་དམ་གྱི་དྲན་རྟེན་དང་རྣལ་འབྱོར་སྒོམ་སྒྲུབ་ཀྱི་ཡོ་བྱད་ལ་ཌ་མ་རུ་ཞིག་དང་དྲིལ་བུ་ཞིག་གནང་ཡོད་པ་ནི་རིག་གསར་དུས་འགྱུར་སྐབས་བཅོམ་བརླག་སོགས་ཀྱི་རྐྱེན་དབང་དུ་མ་ཤོར་བར་ད་ལྟའང་ལྷ་རི་དགོན་ན་ངེད་ཅག་གི་མཇལ་སྐལ་དུ་བཞུགས་ཡོད་པ་འདི་ཡིན། གཞན་ཡང་བགེགས་དཔུང་ཕྱེ་མར་འཐག་པའི་ཆོས་ཐོག་ཆེན་མོ་བོད་ལོའི་གཏོར་སྒྲུབ་ཀྱི་རྟེན་གཙོ་ལ་བཞུགས་པའི་ཡི་དམ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་བབས་དམ་ཅན་ཆོས་ཀྱི་རྒྱལ་བོའི་ཙ་ཀ(ད་ལྟའི་གཉན་ཐང་དུ་འབོད་པ་དེ་ཡིན)དེ་ནི་གངས་ལྗོངས་ལྷ་གཅིག་སྣང་བ་མཐའ་ཡས་པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱི་ཤངས་ཁྲག་ལས་བཞེངས་པ་དང་། བསྟན་པའི་གཤེད་མ་བསྒྲལ་ཆོག་གི་ཕྱག་ཆ་དེ་དག་ཀྱང་སྔགས་རམས་པ་ཁོང་མཁན་པོ་བསམ་བློ་མི་ཐུང་གི་མཆོད་དཔོན་གྱི་མཛད་པ་བསྐྱང་སྐབས། ཁོང་གིས་རིགས་མཚུངས་དང་ཆེས་འདྲ་མཚུངས་ཀྱི་ཕྱག་ཆ་ཞིག་ཆེད་དུ་འཁྱེར་ཏེ་རྒྱུད་སྨད་པའི་ཕྱག་ཆའི་ཚབ་ཏུ་ལྐོག་ནས་བརྗེ་སྤོར་བྱས་ནས་ཕྱག་ཆ་དེ་དག་རང་དགོན་ལྷ་རི་བསམ་གཏན་གླིང་གི་རྟེན་སྐལ་དུ་གདན་འདྲེན་ཞུས་པ་ལགས་སོ། །

      མཐར་དགུང་གྲངས་མཐོན་པོར་བཞེས་ཤིང་སྐུ་དངོས་ཀྱི་གདུལ་བྱ་རྫོགས་ཏེ་རང་གི་གདན་ས་ལྷ་རི་   བསམ་གཏན་གླིང་ནས་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པར་གྱུར། དེ་ནས་གདུང་མཆོད་རྒྱ་ཆེན་པོའི་ངོས་སྐུ་གདུང་ཡིད་བཞིན་ནོར་བུ་བསྟན་པའི་རྒྱུན་དང་རྗེས་འཇུག་དག་གི་དྲན་པའི་རྟེན་ལ་དགོངས་ཏེ་བུ་སློབ་རྣམས་ཀྱི་གྲོས་མཐུན་གྱིས་དམར་གདུང་བྱས་ཏེ་མི་ཕམ་མགོན་པོའི་ལྷ་ཁང་དུ་སྐྱེ་འགྲོ་ཀུན་གྱི་མཐོང་གྲོལ་གྱི་རྟེན་དུ་བཞུགས་པར་མཛད་པ་ལགས། ཡིན་ཡང་ཆེས་ཕངས་སེམས་བླ་ན་མེད་པ་ཞིག་སྐྱེས་པ་ནི་དུས་ངན་སྙིགས་མའི་རང་མཚང་ཟློག་མེད་དུ་བརྡོལ་ཅིང་གནམ་ས་སྟེང་འོག་བརྗེ་བའི་རིག་གསར་རླུང་འཚུབ་ཀྱི་སྐབས་སུ་དགོན་པའི་ལྷ་རྟེན་སྤྱི་དང་སྒོས་སུ་སྐུ་གདུང་ཡིད་བཞིན་དབང་རྒྱལ་ཡང་དུམ་བུ་མང་པོར་གཏོར་བརླགས་ཐེབས་པར་གྱུར། ཡིན་ནའང་སྟབས་ལེགས་པའམ་བསམ་ཡུལ་ལས་འདས་པ་ཞིག་ལ་ཁོང་གི་སྐུ་གདུང་གི་ཆ་ཤས་ཡན་ལག་མཆོག་སྟེ་དབུ་རིན་པོ་ཆེ་གང་ཉིད་དད་སྟོབས་དང་བློ་སྤོབས་ཤིན་ཏུ་ཆེ་བ་ལྷ་གཏན་སྡེ་བའི་རྒན་པོ་ཞྭ་སྒྲེང་ཞུ་བ་ལགས་ཀྱིས་གདན་དྲངས་ཏེ་སྦ་གསང་དང་བསྡུ་ཉར་གནང་། རྗེས་ནས་རང་ཉིད་ཀྱིས་བློ་འཁེལ་བའི་དད་ལྡན་རྣམ་དཔྱོད་ཅན་ཤ་ངུར་གདོང་སྐལ་བཟང་རྒྱལ་ལ་སྤྲད་པར་ཁོས་སྦས་སྐུང་ཅི་ནུས་བྱས། མཐར་ཡང་དར་བསྟན་པ་དབུ་ཚུགས་པའི་དུས་སུ་ཕྱིར་དགོན་པར་ཕུལ་ཏེ་སླར་ཡང་རང་ཅག་གི་མཇལ་ཕྱག་དང་བསོད་ནམས་བསག་པའི་རྟེན་དུ་བཞུགས་པ་བྱུང་བ་འདི་ནི་ཁོང་གི་རླབས་ཆེ་བའི་ཐུགས་བསྐྱེད་ཀྱི་བརྩེ་བས་ངེད་ཅག་མ་བཏང་བ་མཚོན་པ་མ་ཟད། སླད་མར་ཡང་མདོ་སྔགས་སྤྱི་དང་ནང་སྒོས་སུ་སྔགས་ཀྱི་བདེ་སྟོང་རིམ་གཉིས་ཀྱི་བསྟན་པ་ཡུན་རིང་དུ་གནས་པའི་བཞེད་དགོངས་འཕྲིན་ལས་ཀྱི་འཇུག་པ་རྒྱུན་མི་ཆད་ཅིང་སྐྱེ་འགྲོ་ཡོད་ཚད་ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་པར་འགྱུར་པའི་རྟེན་འབྲེལ་གྱི་རྟགས་མཚན་ཉིད་དུ་ལྷམ་མེར་གསལ་བར་གོར་མ་ཆག་གོ །འདིར་སྔགས་རམས་པ་ཁོང་གི་འདས་ལོའི་སྐོར་ལོ་རྒྱུས་ཕལ་མོ་ཆེར་མི་གསལ་བ་འདི་ལ་རེ་ཞིག་དཔྱད་པ་རེ་བཏང་ན། གོང་ལྟར་དགུང་ལོ་དྲུག་ཅུ་རྩ་སྟོད་ཙམ་ལྷག་ལ་བཞུགས་པ་ལོ་རྒྱུས་ལ་དཔྱད་ན་རྗེས་སུ་དཔོགས་པ་དང་ཁོང་གི་སྐུ་ཕྲེང་གསུམ་པའི་འཁྲུངས་ལོ་ལ་དཔག་ན་ཁོང་ཉིད་ཕལ་ཆེར་དགུང་ལོ་བདུན་ཅུ་ལྷག་ལ་སྐུ་འཚོ་བཞུགས་གནང་ཡོད་ཤས་ཆེ་སྙམ་མོད། འོན་ཀྱང་ཕྱི་རབས་བློ་དང་ལྡན་པ་རྣམས་ཀྱིས་ད་དུང་རྣམ་ཐར་དང་ལོ་རྒྱུས་ཁག་ལས་གསལ་ཐག་ཆོད་པའི་ངེས་རྙེད་ཅིག་འབྱུང་བར་རེ་བ་ལག་ཟུང་ཐལ་མོ་སྙིང་ཁར་སྦྱར་ནས་གུས་པས་ཞུ་བ་ལགས་སོ། །

      ལྔ་བ། ཁོང་གི་མདོ་སྔགས་རིག་པའི་གནས་ཀྱི་གསུང་རྩོམ་སྐོར་རེ་རེ་ནས་ངོ་སྤྲོད་པ།

      དེ་ཡང་བྲག་སྒོམ་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱི《དེབ་ཐེར་རྒྱ་མཚོ》ལས། ཁོང་ཉིད་གཞི་གསུམ་དང་རྒྱུད་སྡེའི་ཕྱག་ལེན་ལ་མཁས། ཞེས་གསུངས་པ་ལྟར་ཁོང་གི་ལྟ་སྒོམ་སྤྱོད་གསུམ་དང་དབང་ལུང་ཁྲིད་གསུམ་གྱི་དགོངས་པ་དྲི་མ་མེད་པ་ལེགས་བཤད་སྒྱུ་མའི་གར་སྟབས་ལ་བརྟེན་ནས་འཆད་པ་ལེགས་འདོམས་ལྷ་རྔ་ལྟ་བུ་དང་། རྩོད་པ་གནམ་ལྕགས་འཁོར་ལོ་ལྟ་བུ། རྩོམ་པ་དབྱངས་ཅན་རྒྱུད་མངས་ལྟ་བུས་སྐལ་ལྡན་གྱི་སྐྱེ་འགྲོ་དུ་མ་སྨིན་གྲོལ་གྱི་ས་ལ་བཀོད་ཅིང་། ཕྱི་རབས་པ་དག་ལའང་ལེགས་བཤད་སྐྱེས་བཟང་ཕོན་ཆེ་བ་མཛད་ཡོད་པ་ལས་ད་ལྟ་མང་ཆེ་ཤོས་དུས་ཀྱི་སྲིན་མོའི་ཁ་ཟས་སུ་གྱུར་ཟིན་པས་ཡིད་ཕངས་པའི་གནས་སུ་ཆེ། ད་ལྟ་ལྷ་རི་དགོན་འདིར་སྐལ་ལྡན་མིག་གི་བདུད་རྩི་རུ་མཇལ་དུ་ཡོད་པའི་གསུང་འབུམ་པོད་ཆེ་བ་གཅིག་སྟེ་ཁྱོན་བསྡོམས་ཆོས་ཚན་ཉེར་དྲུག་དང་མདའ་ཚད་མའི་སྡེབ་གྲངས་སུམ་བརྒྱ་དྲུག་ཅུ་རྩ་གཅིག་ཙམ་བཞུགས་པ། 

      ཡང་ཉེ་བའི་ཆར་བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་གིས་རྩོམ་སྒྲིག་མཛད་པའི《ཞྭ་སེར་བསྟན་པའི་སྒྲོན་མེ་རྗེ་ཙོང་ཁ་པ་ཆེན་པོས་གཙོས་སྐྱེས་ཆེན་དམ་པ་རིམ་བྱུང་གི་གསུང་འབུམ་དཀར་ཆག་ཕྱོགས་གཅིག་ཏུ་བསྒྲིགས་པའི་དྲི་མེད་ཟླ་ཤེལ་གཙང་མའི་མེ་ལོང》ཞེས་བྱ་བར་འཁོད་ཡོད་པ་ནི་འདི་ལྟར།  

དང་པོ། བླ་མའི་རྣལ་འབྱོར་མཆོག་ཐུན་དངོས་གྲུབ་འབྱུང་གནས་དང་མགུར་མ་བསངས་མཆོད་བཅས་ཀྱི་སྐོར། ཤོག་གྲངས་ཞེ་དགུ། གཉིས་པ། བྱང་ཆུབ་ལམ་གྱི་རིམ་པའི་སྦྱོར་བའི་ཆོས་དྲུག་ཐེག་མཆོག་བགྲོད་པའི་ཉེ་ལམ་ལ། ཤོག་གྲངས་ཉེར་གཉིས། གསུམ་པ། དམ་ཅན་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་ཕྱི་ནང་སྦྲགས་མའི་གཏོར་སྒྲུབ་གནམ་ལྕགས་རྡོ་རྗེའི་ཐོག་ཆེན་ལ། ཤོག་གྲངས་ཉི་ཤུ། བཞི་བ། གཏོར་ཆེན་ཟུར་དགུ་པའི་འདོན་ཆོག་ཁྲིགས་སུ་བསྡེབས་པ་དགྲ་བགེགས་གཞོམ་པའི་གནམ་ལྕགས་ཐོག་མདའ་ལ། ཤོག་གྲངས་དགུ། ལྔ་བ། ཕྱག་ན་རྡོ་རྗེ་གཏུམ་ཆེན་ལ་བརྟེན་པའི་ཚོགས་ཀྱི་འཁོར་ལོ་བདེ་ཆེན་རྒྱ་མཚོ་ལ། ཤོག་གྲངས་དགུ། དྲུག་པ། ཐུགས་སྒྲུབ་གཏེར་ཁ་གོང་མའི་བླ་བརྒྱུད་གསོལ་འདེབས་ལ། ཤོག་གྲངས་གསུམ། བདུན་པ། པད་མ་དྲག་པོའི་ཐུགས་སྒྲུབ་གཏེར་ཁ་གོང་མ་མངའ་བདག་ཉང་གི་ལུགས་ལས་བྱང་དྲེགས་པ་ཀུན་འདུལ་ལ། ཤོག་གྲངས་བཅུ་གསུམ། བརྒྱད་པ། གཏེར་ཁ་གོང་མའི་ལུགས་ཀྱི་པད་མ་དྲག་པོའི་གཏོར་བཟློག་གནམ་ལྕགས་རྡོ་རྗེའི་ཕ་ལམ་ལ། ཤོག་གྲངས་བཅུ་དྲུག དགུ་བ། པད་མ་དྲག་པོའི་བཀའ་སྲུང་མ་མགོན་སྡེ་བརྒྱད་ལ་མཆོད་གཏོར་འབུལ་ཚུལ་ལ། ཤོག་གྲངས་ལྔ། བཅུ་བ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལས་བྱང་དངོས་གྲུབ་རྒྱ་མཚོ་ལ། ཤོག་གྲངས་ཉེར་གཅིག བཅུ་གཅིག་པ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་ལས་མཐའ་དྲག་པོའི་སྦྱིན་སྲེག་དགྲ་བགེགས་མཐར་བྱེད་ལ། ཤོག་གྲངས་བདུན། བཅུ་གཉིས་པ། འཇམ་དཔལ་གཤིན་རྗེ་གཤེད་ཀྱི་དྲག་པོའི་ཟོར་གྱི་ལས་རིམ་དགྲ་བགེགས་འཇོམས་བྱེད་ཕ་ལམ་ལ། ཤོག་གྲངས་ཉི་ཤུ། བཅུ་གསུམ་པ། གཏེར་སྲུང་བརྒྱད་ཀྱི་གཏོར་འབུལ་ལ། ཤོག་གྲངས་གསུམ། བཅུ་བཞི་བ། གཅོད་ཁྲིད་གདན་ཐོག་གཅིག་མ་སྐལ་ལྡན་ཉེ་ལམ་ལ། ཤོག་གྲངས་བཅུ་གཅིག བཅོ་ལྔ་བ། མ་ཅིག་ཁྲོས་མ་ནག་མོའི་ཆོ་ག་སྐལ་ལྡན་རེ་སྐོང་ལ། ཤོག་གྲངས་བཅུ་བཞི། བཅུ་དྲུག་པ། མ་ཅིག་མཁའ་འགྲོ་སྡེ་ལྔའི་སྒོ་འདྲེ་སྤྱི་ལ་དྲག་དམིགས་བྱེད་ཚུལ་ལ། ཤོག་གྲངས་གསུམ། བཅུ་བདུན་པ། མ་ཅིག་ཁྲོས་མའི་སྒོ་ནས་ལྷ་འདྲེ་སྤྱི་ལ་དྲག་དམིགས་བྱེད་ཚུལ་ལ། ཤོག་གྲངས་གསུམ། བཅོ་བརྒྱད་པ། ཁྲོས་མ་ནག་མོའི་དྲག་དམིགས་ཨར་གཏད་དགྲ་བགེགས་དཔུང་འཇོམས་ལ། ཤོག་གྲངས་དྲུག བཅུ་དགུ་བ། དེའི་སྦྱིན་སྲེག་ལ། ཤོག་གྲངས་བརྒྱད། ཉི་ཤུ་བ། དེའི་འཕྲིན་ལས་གྲི་འདུལ་གྱི་ཆོ་ག་ལ། ཤོག་གྲངས་བརྒྱད། ཉེར་གཅིག་པ། དེའི་གཏོར་རྒྱག་བདུད་དཔུང་འཇོམས་པའི་མཚོན་ཆ་ལ། ཤོག་གྲངས་གཉིས། ཉེར་གཉིས་པ། མཁྱེན་དགོངས་དམོད་བཅོལ་རབ་རྒྱས་རྡོ་རྗེའི་སྒྲ་དབྱངས་ལ། ཤོག་གྲངས་བདུན། ཉེར་གསུམ་པ། ཁྲོས་མ་ནག་མོའི་ལྷ་ལྔའི་སྒོ་ནས་དགྲ་བགེགས་བཟློག་པའི་ཟོར་ལས་བདུད་དཔུང་ཀུན་འཇོམས་ལ། ཤོག་གྲངས་སོ་གཅིག ཉེར་བཞི་བ། དེའི་མདུན་བསྐྱེད་ཆོ་གའི་ལྷ་བཟླས་དམིགས་ལ། ཤོག་གྲངས་གཅིག ཉེར་ལྔ་བ། བེའུའི་རེའུ་མིག་ལ། ཤོག་གྲངས་གཅིག ཉེར་དྲུག་པ། ཁྲོས་ནག་གི་སྒོ་ནས་གཤིན་པོའི་སྦྱང་ཆོག་ཐར་ལམ་སྒོ་འབྱེད་ལ། ཤོག་གྲངས་བཅུ། ཉེར་བདུན་པ། མཁའ་འགྲོ་སྡེ་ལྔའི་ཚོགས་མཆོད་སྐལ་ལྡན་ལོངས་སྤྱོད་ཅེས་བྱ་བ་ལ། ཤོག་གྲངས་དྲུག ཉེར་བརྒྱད་པ། མཁའ་འགྲོ་ཤ་ཟ་ཧོར་མོའི་སྒྲུབ་ཐབས་དུག་གི་སྤུ་གྲི་ལ། ཤོག་གྲངས་བདུན། ཉེར་དགུ་བ། གཡང་ར་བ་སྒོ་བཞིའི་བརྩོན་ཡར་རྟེན་འཛུགས་བསམ་དོན་ལྷུན་གྲུབ་ལ། ཤོག་གྲངས་བདུན། སུམ་ཅུ་པ། གསང་བདག་རྡོ་རྗེ་གཏུམ་པོའི་ཟོར་ལས་ལ། ཤོག་གྲངས་བཅུ་གཉིས། སོ་གཅིག་པ། དཔལ་ལྡན་ལྷ་མོ་རེ་མ་ཏིའི་གཏོར་ཆོག་ལ། ཤོག་གྲངས་བཅུ་དྲུག སོ་གཉིས་པ། ཁྲོས་མ་ནག་མོའི་སྒོ་ནས་གཤིན་པོའི་སྦྱང་ཆོག་ལ། ཤོག་གྲངས་བཅུ་གཅིག སོ་གསུམ་པ། མཁའ་འགྲོ་སྡེ་ལྔའི་ཚོགས་མཆོད་སྐལ་ལྡན་ལོངས་སྤྱོད་ལ། ཤོག་གྲངས་བདུན། 

      གཞན་ཡང་ཁོང་གི་གསུང་རྩོམ་མང་པོ་ཞིག་དཔེ་རྒྱུན་དཀོན་པའི་རྐྱེན་གྱིས་སམ་དཀར་ཆག་འདི་དག་གི་ནང་དུ་ཐེ་མེད་པར་ཡང་གསལ་ཏེ། དཔེར་ན་ཁོང་གི་ལྗགས་རྩོམ་འཁྲུལ་མེད་ལེགས་བཤད་ཕུལ་དུ་བྱུང་བ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསྐྱེད་རིམ་གྱི་ཁྲིད་ཡིག་དངོས་གྲུབ་ཀུན་འབྱུང་ཟུང་འཇུག་བགྲོད་པའི་ཐེམ་སྐས་ཞེས་བྱ་བ་འདི་ནི་ད་ལྟའང་དཔེ་རྒྱུན་བཞུགས་པ་ལྟ་བུ་ལགས་ཏེ་གཞུང་རང་ལས། གང་ཞིག་དྲན་པས་མཆོག་ཐུན་དངོས་གྲུབ་ཀུན། །འབད་མེད་སྩོལ་མཛད་རྡོ་རྗེ་འཇིགས་བྱེད་ཀྱི། །རིམ་གཉིས་མཐར་སོན་སྐུ་གསུམ་མངོན་གྱུར་པའི། །མཁས་གྲུབ་དབང་ཕྱུག་བླ་མའི་ཞལ་སྒོ་ལས། །ལེགས་འོངས་ཐུགས་བཅུད་ངོ་མཚར་རྨད་བྱུང་ཆོས། །འཇིགས་མཛད་ཁྲོ་རྒྱལ་དབང་བོའི་བསྐྱེད་རིམ་ཁྲིད། །གཟབ་བཤད་ཐོབ་པའི་བཀའ་དྲིན་ལ་བརྟེན་ནས། །ལམ་མཆོག་འདི་ལ་ངེས་པ་ཅུང་ཟད་རྙེད། །ཅེས་གསུངས་པ་ལྟར་དད་བརྩོན་རྣམ་དཔྱོད་ཕུལ་དུ་བྱུང་བའི་བྱ་བཏང་འདུལ་པ་འཛིན་པ་ཡེ་ཤེས་རྒྱ་མཚོས་མཚམས་སྦྱར་ཞིང་ལྷ་རི་བསམ་གཏན་གླིང་གི་རི་ཁྲོད་པ་གཞུང་ལུགས་སྨྲ་བའི་བཀའ་བཅུ་བློ་བཟང་རྒྱལ་མཚན་གྱིས་གཙོས། ཚེ་བློས་བཏང་བའི་རི་ཁྲོད་པ་དགེ་ཚུལ་སློང་བཅུ་ཕྲག་མང་པོས་མགྲིན་གཅིག་ཏུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་པ་དང་བོའི་དམིགས་ཁྲིད་ཟབ་མོ་ཐུན་མོང་མ་ཡིན་པ་བླ་མའི་མན་ངག་གིས་བརྒྱན་པའི་ཁྲིད་རྒྱས་པ་དང་། དེ་ཡང་ཡི་གེར་བྲིས་པ་ཞིག་དང་ལྷན་དུ་གནང་དགོས་ཞེས་ཡང་ཡང་བསྐུལ་བ་ལ་བརྟེན་ནས་རྡོ་རྗེ་འཆང་ངུར་སྨྲིག་གི་ཚུལ་འཆང་བ་མཁས་ཤིང་གྲུབ་པའི་དབང་ཕྱུག་བསྟན་པའི་མངའ་བདག་མཚུངས་བྲལ་ཆོས་ཀྱི་རྗེ་ཞོགས་དོན་ཡོད་མཁས་གྲུབ་རིན་པོ་ཆེས། གྲོགས་དམ་པ་འགའ་དང་མཉམ་དུ་འདིའི་བསྐྱེད་རིམ་གྱི་དམིགས་ཁྲིད་གཟབ་བཤད་མཐའ་ཆོད་པ་གནང་བའི་དུས་སུ་ཐུགས་ལ་གང་ཟིན་བརྗེད་བྱང་དུ་བཀོད་པ་དང་། དེའི་ཕྱིས་སུ་རྡོ་རྗེ་འཇིགས་བྱེད་ཀྱི་རིམ་གཉིས་ལ་བརྟེན་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རིན་པོ་ཆེ་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་དཔལ་བཟང་བོའི་སྐུ་དྲུང་ནས་ཀྱང་འདིའི་རིམ་གཉིས་ཀྱི་དོགས་གཅོད་མང་དུ་ཞུས་ཤིང་བསྐྱེད་རིམ་གྱི་ཡན་ལག་སྦྱིན་སྲེག་འཕྲུལ་འཁོར་བཅས་པ་དགྱེས་བཞིན་དུ་གནང་བ་མནོས་པའི་སྟེང་ཁོང་གིས་རིམ་གཉིས་ཉམས་ལེན་དང་སྒྱུ་འོད་ཟུང་འཇུག་གི་སྒོམ་བྱུང་རྟོགས་པ་བརྙེས་ཏེ་བརྩམས་པར་ལེགས་བཤད་རང་ལ་མཇལ་ན་ཤེས་པར་འགྱུར་རོ། །དོན་གྱི་དབང་དེ་དག་ལ་དམིགས་ཏེ་ཕྲན་ཆུང་བདག་གིས་ཁོང་གི་གསུང་རྩོམ་སུག་པར་གང་ཐོན་བསྡུ་བསྒྲིགས་བྱས་ནས་འཕྲུལ་པར་དུ་བསྐྲུན་ཏེ་དཔྱོད་ལྡན་མིག་གི་བདུད་རྩི་མཁས་པ་རྣམས་ཀྱི་དཔྱད་པ་ཞིབ་འཇུག་གི་རྒྱུ་ཆ་ཉིད་དུ་འགྲེམ་རྩིས་ཀྱི་སྨོན་པ་བྱེད་ཀྱིན་ཡོད་དོ། །

མཆན་འགྲེལ། 

①དེ་ཡང་གཅན་ཚའི་དོ་རྒྱ་ཞེས་པའི་མིང་འདི་ནི་བོད་བཙན་པོའི་སྐབས་ཀྱི་བརྒྱ་སྡེ་ཞེས་པའི་དམག་དཔུང་གི་སྒྲིག་གཞིའི་མིང་དང་འབྲེལ་ཆེ་བར་མཐོང་བ་དང་ཐ་སྙད་འདི་དག་གི་ཚིག་གྲོགས་ཕྱི་མ་རྒྱ་ཞེས་པའི་དོན་ངོ་མ་ནི་བརྒྱ་ཡིན་པར་འདོད་ཅིང་ཡུལ་འདིའི་དོ་རྒྱ་ཞེས་པ་ནི་བཙན་པོའི་རིང་ལ་ཕ་དོ་བའི་བུ་རྒྱུད་ཀྱིས་ས་དེ་བཟུང་བས་ན་དེ་ལྟར་ཐོགས་པ་ཡིན་པར་དེང་གི་རྩོམ་པ་པོ་དོ་རྒྱ་འགྱན་སངས་རྒྱས་དོན་གྲུབ་ཀྱིས་བཤད་པ་མད་པར་སྣང་བ་ཡིན་པས་དོན་ངོ་མ་དོ་བརྒྱ་ཞེས་པ་ཟུར་ཆག་པར་འདོད། འོན་ཀྱང་མཁས་དབང་དགེ་ཆོས་ཀྱིས། ཁ་རྒྱ་རྒན་རྒྱ་སོགས་རྒྱ་ཞེས་བྲིས་ཡོད་པ་ལེགས་སྦྱར་བང་མཛོད་དང་གསེར་ཐང་ལས་གསལ་ལོ། །

②སྲིན་པོ་རིའི་ལྷ་ཞོལ་ན་ཆགས་ཡོད་ཅིང་། དེ་ནི་བྲག་དཀར་སྔགས་རམས་པ་བློ་བཟང་བསྟན་པ་རབ་རྒྱས་ཀྱིས་སྒྲུབ་སྡེ་བཏབ་སྟེ་མཁའ་སྤྱོད་དཔལ་གྱི་གུར་ཁང་དུ་མཚན་གསོལ། རྒྱབ་རིར་སྒྲོལ་མ་བཞུགས་པའི་གནས་ཡིན་པ་རང་ཉིད་ཀྱིས་མཛད་པའི་གནས་བསྟོད་ནང་འཁོད་འདུག །བྲག་ལ་དམ་ཅན་ཆོས་རྒྱལ་དང་ཡིག་འབྲུ་སོགས་རང་བྱོན་མང་། ཁོང་མཐུ་ནུས་ཀྱི་གྲགས་པ་ཀུན་ན་རྔམ་སྟེ་རྒྱས་པར་ཁོང་གི་རྣམ་ཐར་ལོགས་སུ་བྲིས་ཡོད་པ་ལས་ཤེས། སྒྲུབ་ཁང་ཉེ་འཁོར་དུ་བྲག་ལ་བརྐོས་པའི་བྲུབ་ཁུང་ད་ལྟའང་ཡོད་པར་བཤད། ཕྱིས་སུ་ཆོམ་རྐུན་གྱིས་གཙེས་པས་དགོན་ས་རི་ཁྲོད་བདེ་ལྡན་དུ་སྤོས། ཐོག་མར་ས་བརྐོས་སྐབས་ཚོགས་ཟངས་ཆེན་པོ་ཞིག་གི་ནང་དུ་མཆོད་རྫས་དང་དངུལ་ཡོད་པ་ས་ནང་ནས་བུད། དགེ་འདུན་རྣམས་ཚོགས་དང་བུན་རྐྱེན་གཏན་ནས་མེད་ཅིང་། ཟླ་བ་གཉིས་པ་དང་གསུམ་པའི་ནང་དུ་མཆོད་པ་བྱེ་བ་འབུམ་ཕྲག་ཕུལ་ནས་གྲྭ་བ་ཕལ་ཆེར་སྐུ་མཚམས་ལ་བཞུགས། ཡི་དམ་རྡོ་རྗེ་འཇིགས་བྱེད་ལྷ་བཅུ་གསུམ་མ་དང་། དྲིལ་བུ་ལུས་དཀྱིལ། ཀུན་རིག་རྣམ་པར་སྣང་མཛད་ཀྱི་བདག་འཇུག་སོགས་འདོན། མགོན་ཆོས་རྣམས་དང་གཙོ་བོ་ལྷ་མོ་ལ་སྟེན་པར་བྱེད།

③ཀུན་དགའ་ཞེས་པ་ཤིང་སྟག(རབ་བྱུང་བཅུ་གཉིས་པའི་ཤིང་སྟག)སྟེ་སྤྱི་ལོ༡༧༣༤ལོ་ལ་དགོན་དེའི་དགེ་འདུན་མཆོད་གཞི་དང་བཅས་པས་མི་ཏྲ་བརྒྱ་རྩའི་དབང་དགོས་ཞེས་བསྐུལ། དེ་ནས་འཕྲལ་དུ་དབང་གི་ཡོ་བྱད་དཀྱིལ་འཁོར་ཐང་ག་སོགས་ཉེར་མཁོ་ཀུན་བཞེངས་ཏེ་འགྲུབ་ནས་ནག་པ་ཟླ་བའི་ཚེས་བརྒྱད་ནས་མགོ་བཙུགས་ཏེ། གྲོ་ཚང་བྲག་རིན་པོ་ཆེ་ཁུ་དབོན་དང་དགོན་དེའི་བླ་ཟུར་གསུམ་གྱིས་ཐོག་དྲངས་པའི་གཉུག་མར་བཞུགས་པའི་དགེ་འདུན་སྦྱིན་བདག་མང་དང་རིང་ནས་ལྷགས་པ་དང་བཅས་པའི་སེར་སྐྱ་སྟོང་ཕྲག་ལྷག་ལ་སྔར་མཉན་པའི་དབང་རེ་དྲུག་པོ་སྐུར་སྐབས་སུ། རྨ་ཆུ་ཕར་ཁའི་ལྷ་རི་རི་ཁྲོད་ནས་བསམ་བཞིན་དུ་ཆོས་སྒོ་བསྐྱེལ་གྱི་ཚུལ་དུ་བྱོན་པའི་རྡོ་རྗེ་སློབ་དཔོན་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་ཚི་་ཀའི་སྔགས་རམས་པ་མཚན་དངོས་བློ་བཟང་འབྱུང་གནས་ཞེས་པ། མདོ་སྔགས་ཀྱི་གཙུག་ལག་མཐའ་དག་ལ་མི་འཇིགས་པའི་མཁྱེན་རབ་མངའ་ཞིང་གཟུངས་དང་སྤོབས་པ་དང་ཏིང་ངེ་འཛིན་ལ་དབང་འབྱོར་བ་གང་དེ་ལས། འཇམ་དབྱངས་བཞད་པ་ལས་བརྒྱུད་པའི་མི་ཏྲ་བརྒྱ་རྩའི་ནང་གི་རྡོ་རྗེ་འཕྲེང་བའི་དབང་རྣམས་མཉན་བཞིན་དུ་བརྒྱ་རྩ་བརྒྱད་པོ་ཚང་བར་བསྐུར། བར་སྐབས་དེར་མཚན་མོ་འགའ་ཞིག་ལ་དག་ཞིང་དུ་སྐལ་ལྡན་དུ་འཁྲིད་པའི་བྱེད་པོར་བྲེལ་བའི་གྲོ་ཚང་བྲག་རིན་པོ་ཆེ་ལས་ངེད་རང་སྔགས་རམས་དང་བཅས་པས་འཕོ་བ་འཇགས་ཚུགས་མའི་ལུང་ཁྲིད་མཉན་ཅིང་སྦྱངས། དབང་རྫོགས་པའི་མཇུག་ཏུ་སློབ་མ་དག་གིས་བདག་ལ་སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་རིན་པོ་ཆེས་གང་བར་མོས་པའི་མཆོད་པ་དང་དངོས་སུའང་གོས་དར་རས་ཟ་མ་ཇ་དངུལ་གནག་རྟ་སོགས་ཀྱི་འབུལ་བ་ཡོངས་འདུས་ཚལ་གྱི་མཆེད་པོར་གྱུར་འདྲའི་དཔག་ཏུ་མེད་པ་རིམ་གྲོའི་ཚུལ་གྱིས་བཀུར་སྟི་བྱས། བླ་སློབ་ཀྱི་ཆོས་མཉན་འཆད་ཀྱི་དགེ་བ་ནི་ཡོན་ཏན་གཞིར་གྱུར་མ་དང་། བཟང་སྤྱོད་སྨོན་ལམ། བསྟན་འབར་མ་འདོན་བཞིན་དུ་ཚེ་རབས་ཀུན་ཏུ་རང་ཅག་དགེ་བའི་བཤེས་གཉེན་གྱིས་རྗེས་སུ་འཛིན་ཅིང་ཐར་ལམ་རིམ་གྱིས་བགྲོད་པ་དང་། གནས་སྐབས་སུའང་རྒྱལ་བསྟན་རིན་པོ་ཆེ་ཕྱོགས་ཀུན་ཏུ་དར་པ་དང་སྐྱེ་དགུ་ཡོངས་ལ་རྣམ་པ་ཀུན་ཏུ་བདེ་སྐྱིད་རྒྱུན་མི་འཆད་པ་དང་མཐར་ཐུག་བླ་མེད་བྱང་ཆུབ་ཀྱི་རྒྱུར་བསྔོས། དེའི་རྗེས་སུ་བདག་གཅིག་བུས་སྔགས་རམས་པ་དེ་ཉིད་ཀྱི་དཔལ་གྱི་མགུར་ལས་ཐོན་པའི་སྔ་ན་མེད་འདྲའི་སྙན་བརྒྱུད་རྗེའི་མན་ངག་གསུམ་གྱི་ནང་ཚན་གྱི་འཕྲུལ་འཁོར་དང་བླ་མ་རིན་པོ་ཆེ་སྐུ་ལྔ་བའི་གཏོར་ཆོག་ཁམས་གསུམ་རྣམ་རྒྱལ་གྱི་ཁྲིད་ཞིབ་རྒྱས་མནོས། གཞན་མང་པོ་དང་ལྷན་གཅིག་ཏུ་གསོལ་པ་བཏབ་སྟེ་འཇིགས་བྱེད་དཔའ་བོ་གཅིག་པའི་དབང་། ཚེ་དཔག་མེད་ལྷ་དགུའི་དབང་པཎ་ཆེན་ལྟར་དང་། བཅུ་གཅིག་ཞལ་གྱི་དབང་དང་། གཅོད་ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས་དང་དེའི་ལུང་དང་དམར་ཁྲིད། སྒྲུབ་ཐབས་རྒྱ་མཚོའི་རྗེས་གནང་། སྙིང་བོ་དོན་གསུམ་གྱི་ཁྲིད་སོགས་བཀའ་ཆོས་དཔག་ཏུ་མེད་པ་བསྩལ་པའི་གསུང་གི་ཉ་རྒྱས་བསིལ་ཟེར་གྱིས་བདག་བློའི་ཀུ་མུད་ཆེས་ཆེར་བཞད་པར་བཀའ་དྲིན་གཏང་རག་གི་ཡོན་དུ་མཆོད་རྫས་རྟ་གོས་དངུལ་སོགས་བདོག་པ་བཟང་པོ་ཚན་གྲངས་དུ་མས་མཆོད། ཅེས་གསལ་འདུག་གོ །

རྩོམ་སྒྲིག་པ།