མཐོ་འབྲིང་སྐད་ཡིག་གི་གློག་རྡུལ་འཁྲིད་གཞི་དང་སྨྱན་མང་གཟུགས་ཆ་ཚང་།

    དུས་ཚོད།2020年1月19日  |     ཀློག་ལྟ།1 |     རྩོམ་པ་པོ། |    ཁུངས།
༄༅། །མཐོ་འབྲིང་སྐད་ཡིག་གི་གློག་རྡུལ་འཁྲིད་གཞི་དང་སྨྱན་མང་གཟུགས་ཆ་ཚང་།
 
        ལྗོངས་ཞིང་ལྔའི་མཉམ་བསྒྲིགས་བོད་ཡིག་སློབ་དེབ་ལས། མཐོ་འབྲིང་སྐད་ཡིག་གི་ངེས་སྦྱོང་སློབ་ཚན་ཡོངས་ཀྱི་གློག་རྡུལ་འཁྲིད་གཞི་དང་སྨྱན་མང་གཟུགས༼སློབ་ཚན༡༡༢ཀྱི་གློག་རྡུལ་འཁྲིད་གཞི་དང་སྨྱན་མང་གཟུགས་ཏེ་བསྡོམས་པས༢༢༤བཞུགས༽ཆ་ཚང་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དྲ་ཚིགས་སུ༼ http://ti.qhmu.edu.cn/Show_1614.html༽སྤེལ་ཡོད། འདི་ནི་བོད་རིག་པའི་སློབ་གླིང་གི༢༠༡༧ལོའི་རྩོམ་རིག་དགེ་ཐོན་འཛིན་གྲྭའི་སློབ་མ་ཡོངས་ཀྱིས། གཅིག་ན་དགེ་ཐོན་ཆེད་ལས་ཀྱི་ནུས་རྩལ་སྦྱོང་བརྡར་ལ་དམིགས་པ་དང་། གཉིས་ན་སློབ་སྐབས་རྗེས་མར་ལས་ཚབ་དངོས་སྦྱོང་ལ་བསྐྱོད་པར་གྲ་སྒྲིག་གི་ཚུལ་དུ་ཕྱི་ལོ༢༠༡༩ལོའི་ཟླ༩པ་ནས་ཟླ༡༢པའི་བར་དུ་རྩོམ་སྒྲིག་བྱས་པ་ཡིན།
        འདིའི་ལས་རིམ་དུ་སྤྱིའི་ལས་སྣ་གཉིས་དང་། ཚན་གཙོ་བཅུ་གཅིག ཞུ་དག་པ་བཅུ་གཅིག སྨྱན་གཟུགས་ཇུས་འགོད་པ་གཉིས་བཅས་ཀྱིས་ཐོག་མཐའ་ཀུན་ཏུ་རང་ནུས་ཡོད་རྒུས་སྣེ་ཁྲིད་ཀྱི་ནུས་པ་བཏོན་པས་གཞིར་བྱས། འཛིན་གྲྭ་ཡོངས་ནས་སྔ་ཕྱིར་བསྡོམས་པས་ལས་རིམ་ལྔ་ཙམ་བརྒྱུད་ཡོད་དེ། ཐོག་མར་འཛིན་གྲྭའི་སློབ་མ་རྣམས་ཚན་ཁག་བགོས་ནས་ངེས་སྦྱོང་སློབ་ཚན་ཆ་ཚང་གི་གློག་རྡུལ་འཁྲིད་གཞི་དང་སྨྱན་མང་གཟུགས་བཟོས་པ་དང་། བར་དུ་མཛུབ་སྟོན་དང་ལྟ་སྐུལ་གྱི་འགན་འཁུར་བའི་ཕྲན་རང་ཉིད་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི་གསེར་ཆེན་རྫོང་དང་། མང་རྫོང་། མཚོ་ཤར་ཁུལ་གྱི་ཕྱོགས་ཁ༼ཡ་རྫི༽རྫོང་། རྨ་ལྷོ་ཁུལ་གྱི་རེབ་གོང་རྫོང་དང་། རྩེ་ཁོག་རྫོང་། གཅན་ཚ་རྫོང་བཅས་ཀྱི་མཐོ་རིམ་སློབ་འབྲིང་བཅུ་གྲངས་ལ་དངོས་བསྐྱོད་སྒོས་དཔྱད་གཞིའི་རྒྱུ་ཆ་གང་འཛོམས་སྡུད་སྒྲིག་བྱས་པ་དང་། དེའི་འཕྲོར་གཞི་རིམ་མཐོ་འབྲིང་དག་གིས་གནང་བའི་དཔྱད་གཞིའི་རྒྱུ་ཆ་ལ་ཟུར་བལྟ་དང་དེ་དག་ལས་ལེགས་ཆ་བཏུས་ཏེ་འཁྲིད་གཞི་དང་སྨྱན་གཟུགས་ཆ་ཚང་ལ་བསྐྱར་བཅོས་ཐེངས་རེ་དང་། དེའི་རྗེས་འཛིན་གྲྭ་ཧྲིལ་པོ་ཚན་ཁག་གསུམ་དུ་བགོས་ནས་ཚན་ཁག་རིམ་པའི་ཞུ་དག་ཐེངས་རེ་དང་། མཇུག་མཐར་ཞུ་དག་འགན་ལེན་པ་བཅུ་གཅིག་གིས་ཚིག་དོན་ཉིས་ཆར་ཞུ་དག་རིམ་པ་གཅིག་རེ་བཅས་བརྒྱུད་དེ་ཐོག་མའི་སྐྱ་ཐིག་ཙམ་གཏན་ལ་ཕབ་པ་ཡིན།
        འདིར་ཆེད་དུ་གསལ་ཁ་བྱ་འོས་པ་ཞིག་ནི། འཁྲིད་གཞི་དང་སྨྱན་གཟུགས་ཕྱོགས་བསྒྲིགས་འདི་ལ་ཐུགས་ཁུར་ཆེན་པོ་གནང་མཁན་གྱི་སློབ་གྲྭ་དང་ལས་སྣ་སོ་སོའི་ལྷག་བསམ་དང་། ལེགས་བྱས་སྐུ་དྲིན་མཚོན་ཕྱིར་དུ། དཔྱད་གཞིའི་རྒྱུ་ཆ་གནང་མཁན་གྱི་མཐོ་འབྲིང་དང་། ཐོག་མའི་རྩོམ་སྒྲིག་པ། བར་གྱི་འགན་ལེན་ཚན་གཙོ། མཇུག་གི་ཞུ་དག་པ། སྨྱན་གཟུགས་ཇུས་འགོད་པ། སྤྱིའི་ལས་སྣ། སློབ་གྲོགས་སོ་སོའི་འགན་འཁུར་བཅས་མཚོན་པའི་ཐོ་ཡིག་ནི་མཇུག་གི་རེའུ་མིག་ཏུ་གསལ་པོར་བཀོད་ཡོད།
མཇུག་མཐར། གཞི་རིམ་གྱི་མཐོ་རིམ་སློབ་འབྲིང་སོ་སོའི་སློབ་གཙོ་དང་། ཚན་གཙོ། བོད་ཡིག་དགེ་རྒན་རྣམས་ཀྱིས་ལས་རིམ་འདི་ལ་ཐུགས་ཁུར་ཟབ་བཞེས་དང་། དགོངས་འཆར་ལྷུག་སྩོལ། རེ་སྐུལ་ནན་ཅན་སོགས་རྒྱབ་སྐྱོར་གང་ལེགས་གནང་བ་དག་ལ་འདིར་འཛིན་གྲྭ་ཡོངས་ནས་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག འཁྲིད་གཞི་དང་སྨྱན་གཟུགས་འདི་དག་ནི། “རིགས་ཀྱི་རྒྱན་གྱུར”དེང་རབས་སློབ་ཆེན་པ་འགས་རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ་དང་། རིགས་ཀྱི་གཅེས་ནོར་ཆོས་དང་རིག་གཞུང་དང་། རིགས་ཀྱི་རེ་སྨོན་མི་རིགས་སློབ་གསོ་བཅས་ཀྱི་གནས་བབ་སྐྱོ་བོ་ལ་དམིགས་ནས་ཤ་ཐང་རུས་ཐང་དུ་འབད་པའི་སྙིང་གི་ལེགས་སྐྱེས་ཙམ་ཡིན་ཀྱང་། ང་ཚོ་ལ་ཆུ་ཚད་དང་། ལག་ལེན། ཐབས་ལམ། ཉམས་མྱོང་སོགས་ཤིན་ཏུ་ཞན་པའི་ཁར། དུས་རྒྱུན་སློབ་སྦྱོང་གི་འགན་ལྕི་བ་དང་། དུས་ཚོད་ཀྱི་ཡུན་ཐུང་བ་སོགས་ཀྱི་དབང་གིས་འཁྲིད་གཞི་དང་སྨྱན་གཟུགས་ཡོངས་ལ་གཅིག་གྱུར་མ་བྱུང་བའམ། ཞིབ་ཆ་མ་ཐོན་པའམ། གནད་མ་ཟིན་པའམ། ཟུར་མ་ཚང་བའམ། དོན་ལོག་པའམ། འཆར་གཞི་དང་དམིགས་ཚད་ཚད་ལྡན་མིན་པའམ། དཀའ་གནད་དང་གཙོ་གནད་ནོར་བ་སོགས་བསླབ་ཚན་ཚད་གཞི་དང་མི་མཐུན་པའི་སྐྱོན་ཆ་ཅི་རིགས་ཤིག་ངེས་པར་འབྱུང་སྲིད་པས། འདིར་འཁྲིད་གཞི་དང་སྨྱན་གཟུགས་གཉིས་ཀའི་ཐོག་མའི་སྐྱ་ཐིག་ཙམ་ངེད་སློབ་གླིང་གི་དྲ་ཚིགས་སུ་སྤེལ་ཡོད་པ་ལ། སྐད་ཡིག་སློབ་གསོ་ལ་ཐུགས་ཁུར་ལྕི་བ་དང་། ཆོས་དང་རིག་གཞུང་ལ་ལྷག་བསམ་ཆེ་བའི་ཁ་མིན་ལག་ལེན་ཅན་རྣམས་ཀྱིས་འཁྲིད་གཞི་དང་སྨྱན་གཟུགས་གཉིས་ཀར་སྐྱོན་བརྗོད་དང་། བཀའ་སློབ། མཛུབ་སྟོན་གང་མང་གནང་རྒྱུ་མཁྱེན་མཁྱེན། །
༄༅། །༼སྐད་ཡིག་གཟིངས་ཆེན་རྦ་ཀློང་ཁྲོད་དུ་ལུས། །ཤེས་རིག་ཉི་ཟླའི་འོད་ཁྱིམ་ནུབ་རིར་ཉེ། །
     ཡུལ་སྲོལ་འཇའ་ཚོན་མཛེས་སྡུག་དབྱིངས་ན་ཡལ། །སློབ་གསོའི་ལམ་སྣེ་ད་དུང་གྱ་མ་གྱུ། །
   ༼སྐད་ཡིག་ཤེས་རིག་ཡུལ་སྲོལ་ཉམས་སོ་ཞེས། །ཨ་ཧོ་ཨ་ཧོ་ཟེར་བཞིན་འདའ་བ་ལས། །
   སྐྱོབ་ལོང་སྐྱོབ་ཐབས་ཡོད་པའི་ད་ལྟ་ནས། །གཅིག་ཏུ་ལག་ལེན་རེམ་ན་དགའ་བ་ལ། །
          ༼རྩ་བ་སློབ་གསོ་བླ་སྲོག་སྐད་ཡིག་དང་། །གཅེས་ནོར་ཤེས་རིག་མཚན་གཞི་ཡུལ་སྲོལ་སོགས། །
              ཡིད་ལ་བརྣགས་པའི“རིགས་ཀྱི་རྒྱན་གྱུར”འགས། །གཅིག་ཏུ་བརྩོན་པའི་ལེགས་བྱས་ཨེ་མ་ཧོ། །
                        ༼རིགས་ཞེན་ལྷག་བསམ་གངས་རིའི་མདངས་ལ་འཁྱུད། །ལུགས་གཉིས་དཀྱིལ་འཁོར་ཉི་ཟླའི་འོད་ལ་སྙེག །
                   སྤོབས་པའི་གཤོག་ཟུང་ནམ་མཁའི་མཐོངས་ན་བསྒྱུར། །“རིགས་ཀྱི་བྱ་ཁྱུ་དཀར་པོ”ཅི་ཡང་མཛེས། །
༼རིགས་མཐུན་དཀྱིལ་འཁོར་གཅིག་ལ་འཛོམས་པ་སྔོན་སྨོན་ལས་ཀྱི་རྟེན་འབྲེལ་ཡིན། །
རིགས་ཀྱི་གདུང་བ་ལྕི་མོ་བསམས་ན་མི་ཚེ་འབུལ་བའི་དམ་བཅའ་ཅན། །
རིགས་ཀྱི་བླ་སྲོག་སྐད་ཡིག་སྐྱོབ་ལ་ཁ་མིན་དོན་གྱི་ལྷག་བསམ་འབར། །
“རིགས་ཀྱི་རྒྱན་གྱུར”ཚེ་འབར་འོད་སྣང་གངས་ཅན་ཡོངས་ལ་གསལ་བར་སྨོན། །
ཞེས་པ་འདི་ནི་ལས་རིམ་འདིའི་མཛུབ་སྟོན་དང་ལྟ་སྐུལ་པའི་འགན་འཁུར་པ་འགྱུར་མེད་རྡོ་རྗེ་ནས་བོད་རབ་རྒྱན་སྒྱུར་བྱེད་ཅེས་པ་ས་ཕག་ལོ་སྟེ་ལུགས་རྙིང་༢༠༡༩ལོའི་བོད་ཟླ༡༢པའི་ཚེས༢༡ཉིན་རིགས་ཀྱི་རྒྱན་དུ་གྱུར་པའི་རྗེས་རབས་པ་འདི་རྣམས་ཀྱི་ལེགས་བྱས་ལ་རྗེས་སུ་ཡི་རངས་དང་དྲིན་གཟོའི་གཏང་རག་གི་དོད་དུ་ཕུལ་བ་དགེའོ། །
 
འབྲེལ་ཡུལ།  འགྱུར་མེད་རྡོ་རྗེ།
ཁ་པར།    18697141439
ཡིག་ཟམ།    jm18697141439@163.com
སྦྲག་སྲིད།    810007
ས་གནས། 青海省西宁市城东区八一中路3号  青海民族大学藏学院  吉美老师

    བརྡ་འཕྲིན།

དཔྱད་གཞིའི་རྒྱུ་ཆ་གནང་མཁན་གྱི་སློབ་གྲྭ་དང་ལས་སྣའི་ཐོ་་་
མཐོ་འབྲིང་སྐད་ཡིག་གི་གློག་རྡུལ་འཁྲིད་གཞི་དང་སྨྱན་མང་་་་
དམའ་འབྲིང་བོད་སྐད་ཡིག་གི་སློབ་ཁྲིད་གྲ་སྒྲིག་དང་འཁྲིད་་་
རྗེ་ཙོང་ཁ་པའི་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གསུམ་་་་
པད་མ་མངོན་བརྗོད་ཚིག་མཛོད་གསར་སྐྲུན་བྱས་ཟིན།
རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་བགྲོ་གླེང་ཚོགས་འདུ་སྐབས་་་་
བོད་ཀྱི་ཡིག་གཟུགས་བགྲོ་གླེང་མཚོ་སྔོན་མི་རིགས་སློབ་ཆེ་་་
ཨ་རིའི་ཧ་ཧྥའོ་སློབ་ཆེན་གྱི་ལྷའི་རིག་སློབ་གླིང་གི་དགེ་་་
ཨེ་ཙའུ་ནད་སྔོན་འགོག་བྱེད་ཐབས་སྐོར་གྱི་བྱ་འགུལ་སྤེལ་བ་་་
རྒྱལ་ཡོངས་ཀྱི་མི་རིགས་སློབ་ཆེན་གྱི་ཚད་མ་རིག་པའི་རྩོད་་་