སློབ་གླིང་གི་མཚམས་སྦྱོར།



མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་

​གནས་ཚུལ་མདོར་བསྡུས།

དང་པོ།བོད་རིག་པའི་སློབ་གླིང་གི་གནས་ཚུལ་མདོར་བསྡུས།

བོད་རིག་པའི་སློབ་གླིང་གི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ནི་༡༩༤༩ལོར་ཚུགས་ཤིང་། ༡༩༥༦ལོར་དངོས་ཚན་སློབ་གསོར་བསྒྱུར་བ་དང་།   སྔ་ཕྱིར་ཤེས་ལྡན་མི་སྣ༦༠༠༠ལྷག་གསོ་སྐྱོང་གནང་སྟེ། མི་རིགས་ས་ཁུལ་གྱི་རིག་གནས་དང་སློབ་གསོ།  སྤྱི་ཚོགས་འཕེལ་རྒྱས་སོགས་ལ་བྱས་རྗེས་མི་དམན་པ་བཞག ད་ལྟ་སློབ་གླིང་དུ་ཆེད་ཚན་སློབ་གསོ་དང་།  དངོས་ཚན་སློབ་གསོ།   ཞིབ་འཇུག་སློབ་མའི་སློབ་གསོ་བཅས་དཀྱུས་གཅིག་ཏུ་བསྒྲུབས་བཞིན་ཡོད་ལ།    མཚོ་སྔོན་ཞིང་ཆེན་བོད་རིག་པའི་ཞིབ་འཇུག་ལྟེ་གནས་དང་། མཚོ་སྔོན་ཞིང་ཆེན་རྒྱ་བོད་ལོ་ཙཱའི་ཤེས་ལྡན་གསོ་སྐྱོང་དང་ཞིབ་འཇུག་ལྟེ་གནས། མཚོ་སྔོན་ཞིང་ཆེན་སྐད་གཉིས་དགེ་རྒན་གསོ་སྦྱོང་ལྟེ་གནས། མཚོ་སྔོན་མི་རིགས་སློབ་ཆེན་རིག་གཞུང་དུས་དེབ་རྩོམ་སྒྲིག་པུའུ། བོད་རིག་པའི་སློབ་གླིང་དཔེ་ཚགས་ལྟེ་གནས་སོགས་སློབ་གླིང་འདིར་བཙུགས་ཡོད།  སློབ་གླིང་འདིར་དགེ་རྒན་གྱི་སྟོབས་ཤུགས་ཆེ་ཞིང་སློབ་ཁྲིད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཁྱད་ཆོས་ལྡན་པས། ༡༩༨༡ལོར་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་རབ་འབྱམས་པའི་བསླབ་གནས་སྤྲོད་པའི་དབང་ཆ་ཐོབ། ད་ལྟ་བོད་ཀྱི་སྐད་ཡིག་དང་རྩོམ་རིག   ཆོས་ལུགས་རིག་པ། གཏན་ཚིགས་རིག་པ། ལོ་རྒྱུས་ཡིག་ཚགས་རིག་པ། བོད་རིག་པ་བཅས་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་ཆེད་ལས་ལྔ་དང་། 

འབུམ་རམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་ཆེད་ལས་གཉིས་ཏེ། བོད་བརྒྱུད་ནང་བསྟན་གྱི་དགོངས་དོན་དག་འགྲེལ་དང་བོད་ཀྱི་ལོ་རྒྱུས་རིག་གནས་བསྟན་བཅོས་རྒྱ་འགྱུར་དང་དེའི་ཞིབ་འཇུག་བཅས་ཡོད། ༡༩༩༥ལོར་ཞིང་ཆེན་རིམ་པའི་གཙོ་གནད་སྡེ་ཁག་གི་གྲས་སུ་སོང་བ་དང་།     བོད་ཀྱི་གནའ་རབས་རྩོམ་རིག་དང་རྩོམ་བྱུང་ལོ་རྒྱུས་བསླབ་ཚན་གཉིས་ལ་རྒྱལ་ཁབ་རིམ་པའི་ཕུལ་བྱུང་བསླབ་ཚན་གྱི་མཚན་སྙན་དང་།  བོད་ཀྱི་སྐད་ཡིག་དང་རྩོམ་རིག་སློབ་ཁྲིད་དཔུང་སྡེར་རྒྱལ་ཁབ་རིམ་པའི་སློབ་ཁྲིད་དཔུང་སྡེའི་མཚན་སྙན་ཐོབ།

བོད་རིག་པའི་སློབ་གླིང་གིས་ཐོག་མཐའ་བར་གསུམ་དུ་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་དོ་སྣང་ཆེན་པོ་བྱས་པས། ཡོན་ཏན་གྱིས་ཕྱུག་ཅིང་གསར་སྟོབས་ཀྱི་སྙིང་སྟོབས་ལྡན་པའི་བསླབ་ཚན་སྣེ་ཁྲིད་པ་དང་ན་གཞོན་རིག་གཞུང་རྐང་འཛིན་པའི་དགེ་རྒན་གྱི་དཔུང་སྡེ་ཞིག་གྲུབ་ཡོད་པ་དང་།  ད་ལྟ་ཆེད་ལས་དགེ་རྒན་༢༤ཡོད་ཅིང་།   དེ་དག་ལས་དགེ་རྒན་ཆེན་མོ༡༦།       དགེ་རྒན་ཆེན་མོ་གཞོན་པ༦།  ཞིབ་འཇུག་སློབ་མ་ཡན་གྱི་བསླབ་གནས་ཡོད་པ༢༣།    འབུམ་རམས་པའི་བསླབ་གནས་ཡོད་པ༩།  རྒྱལ་ཁབ་སློབ་གསོ་པུའུ་ཡིས་གནང་བའི་ན་གཞོན་དགེ་རྒན་ཕུལ་བྱུང་ཅན་གྱི་བྱ་དགའ་ཐོབ་མཁན༡། རྒྱལ་ཁབ་རིམ་པའི་ཆེད་མཁས་པ༣། རྒྱལ་ཡོངས་མཐོ་རིམ་སློབ་གྲྭའི་དགེ་རྒན་གྲགས་ཅན་གྱི་བྱ་དགའ་ཐོབ་མཁན༡། ཙིན་ཞན་ཙིའི་མཐོ་རིམ་དགེ་ཐོན་སློབ་གྲྭའི་ཕུལ་བྱུང་བྱ་དགའ་ཐོབ་མཁན༡། སློབ་གྲྭ་རིམ་པའི་བསླབ་ཚན་སྣེ་ཁྲིད་པ༢། སྣེ་ཁྲིད་རྗེས་མཐུན་པ༡། ཞིང་ཆེན་རིམ་པའི་རྐང་འཛིན་དགེ་རྒན༣།  འབུམ་རམས་པའི་མཛུབ་སྟོན་དགེ་རྒན༦བཅས་ཡོད།   

  ཉེ་བའི་ལོ་འགའི་རིང་ལ། བོད་རིག་པའི་སློབ་གླིང་གི་དགེ་རྒན་རྣམས་ཀྱིས་སློབ་ཁྲིད་ཀྱི་འགན་འཁུར་ལེགས་པར་འཁུར་བ་དང་། རིག་གཞུང་ཞིབ་འཇུག་ལ་ཧུར་ཐག་བསྐྱེད་པས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། སྔ་ཕྱིར་བརྩམས་ཆོས༩༠ལྷག་དང་དཔྱད་རྩོམ་༥༠༠ལྷག་པར་སྐྲུན་དང་འགྲེམ་སྤེལ་བྱས་ཤིང་། ཞིབ་འཇུག་གི་ལས་གཞི༢༦དང་ལེན་བྱས་པ་དང་། མི་མགོ༢༥ལྷག་ཨ་རི་དང་ཧྥ་རན་སི། དབྱིན་ཇི། ཧོ་ལན། འཇར་པན་སོགས་ཀྱིས་བསྡུས་པའི་བོད་རིག་པའི་གྲོས་ཚོགས་དང་གེ་སར་རིག་གཞུང་གྲོས་ཚོགས་ལ་ཞུགས།  རྒྱལ་སྤྱིའི་བར་གྱི་རིག་གཞུང་བརྗེ་རེས་དང་ཞིབ་འཇུག་བྱ་གཞག་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་བསྐྱེད།

 ད་ལྟ་སློབ་གླིང་གིས་རྒྱལ་ཡོངས་ཀྱི་བོད་རིགས་ས་ཁུལ་ལ་ཁ་ཕྱོགས་སྟེ། དངོས་གཞི་སློབ་མ་དང་རབ་འབྱམས་པའི་ཞིབ་འཇུག་སློབ་མ། འབུམ་རམས་པའི་ཞིབ་འཇུག་སློབ་མ་བསྡུ་ལེན་བྱེད་བཞིན་ཡོད་ཅིང་། དངོས་ཚན་སློབ་གསོ་ལ་བོད་ཀྱི་སྐད་ཡིག་དང་རྩོམ་རིག(དགེ་ཐོན་སློབ་གསོ)། རྒྱ་བོད་ལོ་ཙཱ །   ཆབ་སྲིད་ལོ་རྒྱུས(དགེ་ཐོན་སློབ་གསོ)།   བོད་དབྱིན།   རྒྱ་བོད་སྐད་གཉིས་དྲུང་ཡིག  སྲིད་འཛིན་དོ་དམ་སོགས་ཀྱི་ཆེད་ལས་ཁ་ཕྱོགས་བཙུགས་ཡོད་པ་དང་།   ཞིབ་འཇུག་སློབ་མའི་སློབ་གསོ་ལ་རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་ཆེད་ལས༥ཡོད་ཅིང་་་། ཆེད་ལས༥པོར་བོད་ཀྱི་གནའ་རབས་རྩོམ་རིག  རྒྱ་བོད་ལོ་ཙཱ །  སྐད་བརྡ་རིག་པ།  བོད་ཀྱི་དེང་རབས་རྩོམ་རིག     བོད་ཀྱི་དམངས་ཁྲོད་རྩོམ་རིག    གེ་སར་ཞིབ་འཇུག       བོད་རྒྱུད་ཚད་མ་རིག་པའི་བྱུང་འཕེལ།   བོན་ཆོས་ཞིབ་འཇུག ཚད་མ་དང་ཕྱི་ཚུལ་གཏན་ཚིགས་རིག་པའི་གཤིབ་བསྡུར།  བོད་བརྒྱུད་ནང་བསྟན་གྱི་གསུང་རབ་གྲགས་ཅན་ཞིབ་འཇུག  བོད་བརྒྱུད་ནང་བསྟན་གྱི་བྱུང་འཕེལ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའི་རྣམ་གཞག་ཞིབ་འཇུག   

  བོད་ཀྱི་ཡིག་ཚགས་དག་སྒྲིག་དང་ཞིབ་འཇུག   བརྡ་རྙིང་ཡིག་ཚགས་ཞིབ་འཇུག  བོད་ཀྱི་ལོ་རྒྱུས་རིག་གནས་ཀྱི་ཞིབ་འཇུག བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞིབ་འཇུག  བོད་ཀྱི་གཟུགས་འདས་རིག་གནས་ཞིབ་འཇུག་བཅས་ཁ་ཕྱོགས༡༨ཡོད། སློབ་གླིང་གི་དཔེ་ཚགས་ལྟེ་གནས་ཀྱིས་ཉར་ཚགས་བྱས་པའི་དཔེ་དེབ་ལ་སྡོམ་དུ་དེབ་གྲངས༡༠ཁྲི་ལྷག་ཡོད།     

གཉིས་པཆེད་ལས་འཕེལ་རྒྱས་ཀྱི་ཇུས་འགོད་དང་གཞི་རྩའི་བསམ་བློ།

འོས་འཚམས་སྒོས་དངོས་ཚན་སློབ་མའི་སློབ་གསོ་དར་སྤེལ་དང་བོད་སྐད་ཡིག་རྩོམ་རིག་དང་རྒྱ་བོད་ལོ་ཙཱ།   དགེ་ཐོན་སློབ་གསོ་དང་སྲིད་འཛིན་དོ་དམ་བཅས་ཀྱི་ཁ་ཕྱོགས་དོ་མཉམ་པར་སྤེལ་ཐོག ཞིབ་འཇུག་སློབ་མའི་སློབ་གསོ་གཙོ་གནད་དུ་བཟུང་སྟེ་འཕེལ་རྒྱས་སུ་གཏོང་རྒྱུ་དང་། ཞིབ་འཇུག་སློབ་མའི་སྡུད་ཚད་རྒྱ་ཆེ་རུ་བཏང་ནས།   ད་ཡོད་ཀྱི་བོད་སྐད་ཡིག་རྩོམ་རིག་དང་། ཆོས་ལུགས་རིག་པ། གཏན་ཚིགས་རིག་པ།    ལོ་རྒྱུས་ཡིག་ཚགས་རིག་པ། བོད་རིག་པ་བཅས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་བསླབ་གནས་སྤྲོད་པའི་གནས་གཞི་ལྔ་ཡོད་པའི་རྨང་གཞི་སྟེང་།  རབ་འབྱམས་པའི་བསླབ་གནས་སྤྲོད་དབང་ཡོད་པའི་གནས་གཞི་གསར་བ་གཅིག་དང་གཉིས་ཁ་སྣོན་བྱེད་རྒྱུ་དང་།  འབུམ་རམས་པའི་ཞིབ་འཇུག་སློབ་མའི་བསླབ་གནས་སྤྲོད་དབང་ཐོབ་པར་བརྩོན་ལེན་བྱ་རྒྱུའོ།།

   ཆེད་ལས་འཛུགས་སྐྲུན་ཐད་ཀྱི་བསམ་བློའི་དགོངས་གཞི།

རྒྱལ་ཡོངས་ཀྱི་བོད་ས་གནས་གཞིར་བྱས་ནས་འཛམ་གླིང་ལ་ཁ་ཕྱོགས་པ་དང་ཁྱད་ཆོས་ཁྱད་འདོན།   སྔོན་མེད་གསར་གཏོད་བྱེད་པ་བཅས་སོ།།

   སྤྱིའི་དྲན་ཕྱོགས་དང་རེ་སྙེག་བྱ་གཞི།

སློབ་ཁྲིད་གཙོར་འདོན་དང་ཞིབ་འཇུག་ལ་མཐོང་ཆེན།  སྤུས་ཀ་མཐོར་འདེགས།   རྩེ་གྲས་བརྩོན་ལེན་བྱེད་པའོ།།  

རིག་ཚན་འདིའི་དམིགས་འདུན་དང་སྐྱེད་བསྲིང་བྱེད་སྟངས།

དངོས་ཚན་སློབ་གསོ་སྲོག་ཤིང་དུ་བྱས་ནས་ཞིབ་འཇུག་སློབ་མའི་སློབ་གསོ་གཙོ་གནད་དུ་བཟུང་ཐོག    སློབ་ཁྲིད་གཙོ་འཛིན།    སློབ་ཞིབ་མཉམ་སྡེབ། དགེ་མཚན་འདོན་སྤེལ། ཁྱད་ཆོས་འབུར་ཐོན་བྱས་ཏེ། བོད་སྐད་ཡིག་གི་སློབ་ཁྲིད་ཆུ་ཚད་རྒྱལ་ཡོངས་སུ་སྔོན་ཐོན་ཡིན་པའི་གོ་གནས་དེ་མུ་མཐུད་དུ་རྒྱུན་འཁྱོངས་དང་སྲ་བརྟན་དུ་གཏོང་རྒྱུ་དེའོ།།